མང་རའི་ཡུལ་གྱི་གཉེན་སྲོལ་ལས་ཇ་བཤད་ཀྱི་སྐོར། མང་རའི་ཡུལ་གྱི་གཉེན་སྲོལ་ལས་ཇ་བཤད་ཀྱི་སྐོར།   དམངས་ཁྲོད།   ཡ ད་ནངས་ནམ་ལངས་ཀྱི་མགོ་མ་ཉི་ཤར་གྱི་རྩེ་མོ། །རྟ་མགྱོགས་པ་གསུམ་ལ་རྨེད་ཐག་བརྒྱབ་ནས། །མི་བདེ་མོ་གསུམ་ནི་གོང་ལ་བཞོན་ལེ། །ཆུ་བཙལ་གིན་བཙལ་གིན་ལྷོ་ལ་སོང་ཟིག །ལྷོ་གཡུ་འབྲུག་སྔོན་མོའི་ཏོག་ཆུ་རྙེད་ཟིག །ཆུ་དེ་མིན་པས་ནགས་ལ་སོང་ཟིག །ནགས་ནས་ནགས་ཆུ་ཁམ་པ་རྙེད་ཟིག །བྱ་ཁུ་བྱུག་སྔོན་མོའི་གཤོག་ཆུ་རྙེད་ཟིག །རྫ་སེང་དཀར་མོའི་གངས་ཐིགས་རྙེད་ཟིག །བསྐྱིལ་ས་གངས་རི་འདབས་ལ་བསྐྱིལ་ཟིག །ཆུ་བསྐྱིལ་གིན་བསྐྱིལ་གིན་མ་ཐུབ་ཟིག །རྡོ་ཕ་བོང་ཞིག་གིས་ཁ་ལེབ་བརྒྱབ་ཟིག །ཕྱེ་མ་སྔོན་མོ་ཐུམ་ལོ་བརྒྱབ་ཟིག །ཙན་དན་དམར་བོས་ལྟག་འཛེར་བརྒྱབ་ཟིག །ཆུ་ལེན་བུ་མོ་དུང་མོ་མཚོ་ཡིས། །བར་གྱི་རྫ་ཆུ་བསིལ་མ་བཅུ་གི །བར་གྱི་རྫ་ཆུ་དྭངས་མ་འདི། །གསེར་གྱི་ཐོམ་བུ་ནང་དུ་ཤག་སེ་བླུགས་ཟིག །གསེར་ཐག་ཕྲ་མོ་སྐེད་ལ་བཅིངས་ཏེ། །པུས་མོ་འཕང་ལོའི་ཚིགས་སུ་བླངས་ཟིག །གད་པ་གཡུང་དྲུང་སྟེགས་བུར་བཞག་སྟེ། །སྐེད་པ་རྡོ་རྗེ་གདན་དུ་ཁུར་ཟིག །ཡ་ཡར་ལ་ག་མ་གོག་ཏུ་ཡོང་ཐལ། །ཐུར་ལ་ལྡ་མ་ལྡིང་དུ་བབས་ཟིག །བདེ་ལ་འཇའ་མ་འཇབ་ཀྱིས་ཡོང་ཐལ། །ཆུ་འཕོ་ལ་འཕྱོ་བ་གཉིས་ཀ་བྱས་ནས། །གཉེན་ཚང་ཁྱིམ་ལ་ཐོན་དུས་སུ། །སྒྱེད་པུ་སུམ་བཙུགས་འཁར་ཟངས་ནང་དུ། །སྔོན་དྭངས་པའི་རྫ་ཆུ་བསིལ་མ་བླུགས་ཐལ། །ཆུ་མ་མང་མ་ཉུང་ཟོ་གསུམ་བླུགས་ཐལ། །ཅུང་ཉུང་གི་ཟེར་ནས་ཐོམ་གསུམ་སྣོན་གི །ཇ་མ་མང་མ་ཉུང་ཟེར་ནས་སྡེར་གསུམ་འདེབས་ཀི །ཅུང་ཉུང་གི་ཟེར་ནས་སྤར་གསུམ་སྣོན་གི །མེ་འབར་ཐལ་འབར་ཐལ་ཟེར་བའི་དུས་ན། །ཤུག་པ་ལྷ་ཤིང་ཡིན་པས་བཤགས་ན་འབར་གི །ཨོང་བ་ལྷ་རིས་ཡིན་པས་སྤར་ན་འབར་གི །རིལ་མ་ཐེའུ་རང་ཡིན་པས་དཀྲིགས་ན་འབར་གི །སྤེན་མ་དགྲ་བོ་ཡིན་པས་དཀྱུས་ན་འབར་གི །ཚེར་མ་དགྲ་འགོང་ཡིན་པས་བཅག་ན་འབར་གི །དུ་བ་ལྷོ་སྤྲིན་འཁྲིགས་འཁྲིགས་བྱེད་ཀི །མེ་ལྕེ་གློག་དམར་འཁྱུག་འཁྱུག་བྱེད་ཀི །མེ་སྟག་གླ་བོ་ལྡིང་ལྡིང་བྱེད་ཀི །མེ་སྒྲ་གཡུ་འབྲུག་ལྡིར་ལྡིར་བྱེད་ཀི །ཐབ་ཀ་གཡག་ཆུང་ངུར་ངུར་བྱེད་ཀི །ཇ་ཁོལ་ཐལ་ཁོལ་ཐལ་ཟེར་བ་ན། །ཇ་རླངས་སྨུག་ལོང་འཐིབ་འཐིབ་བྱེད་ཀི །ཇ་ཞག་རྦ་རླབས་འཕྱུར་འཕྱུར་བྱེད་ཀི།ཇ་སྡོང་ལུ་གུ་རྩེད་རྩེད་བྱེད་ཀི །ཇ་ལོ་ཁ་བ་ཡེངས་སེ་གཡེངས་ཀི །ཇ་རོ་ཞབས་སུ་ཐག་སེ་ཐག་སེ་འབབ་ཀི །ཇ་དྲི་ཕྱོགས་བཞིར་བསུང་སེ་འཐུལ་གི །སེང་གེ་དཀར་མོའི་འོ་མས་ཁ་དོག་བསྒྱུར་ནོ་ཡག་གི །མ་སྲུ་དཔུང་རྩལ་ཅན་གྱིས་ཕྱར་ནོ་ཡག་གི །ཟངས་ཀྱི་བོད་དེམ་ནང་ལ་བཅུ་ནོ་ཡག་གི །བུ་མོ་མཛེས་ལྡན་མ་ཡིས་འདྲེན་ནོ་ཡག་གི །ཇ་འདི་ཡི་འབྱུང་ཁུངས་མི་བཤད་མོད། །ཇ་འདི་ཡི་འབྱུང་ཁུངས་བཤད་རྒྱུ་ན། །ཇ་འབུད་ས་རྒྱ་ནག་ཡུལ་ནས་བུད་ཟིག །ཉིན་ལ་བཏབ་པའི་ཤིང་དཀར་ཇ་ཡིན། །ཤིང་དཀར་ཇ་ལ་ཁྲུང་ཁྲུང་འབབ་ཀི །ཇ་ཤིང་དཀར་བོའི་རྩེ་མོ་བཏོགས་ཀི །སྲིབ་ལ་བཏབ་པའི་ཤིང་ནག་ཇ་རེད། །ཤིང་ནག་ཇ་ལ་རྨ་བྱ་འབབ་ཀི །ཇ་ཤིང་ནག་པོའི་གཡུ་ལོ་བཏོགས་ཀི །ཉིན་སྲིབ་བར་གྱི་ཤིང་སེར་ཇ་རེད། །ཤིང་སེར་ཇ་ལ་ངང་བ་འབབ་ཀི །ཇ་ཤིང་སེར་བོ་གཞུང་རྟ་འབྲེག་གི །འདི་དཔྱིད་ཟླ་གསུམ་ལ་འབུད་དུས་ཡག་གི །དབྱར་ཟླ་གསུམ་ལ་སྐྱེས་དུས་ཡག་གི །སྟོན་ཟླ་གསུམ་ལ་སྨིན་དུས་ཡག་གི །རྒྱ་མོ་ཐོར་ཅོག་ཅན་གྱིས་གཞབ་དུས་ཡག་གི །རྒྱ་རལ་བ་ཅན་གྱིས་འཚོང་དུས་ཡག་གི །ཇ་བསྙལ་ཐལ་བསྙལ་ཐལ་ཟེར་དུས་སུ། །ཨ་མའི་གཅེས་ཕྲུག་བསྙལ་བསྙལ་བྱས། །ཇ་ལངས་ཐལ་ལངས་ཐལ་ཟེར་དུས་ན། །རྫ་མགོའི་སྨུག་པ་ལངས་འདྲ་རེད། །དཔར་གྲུ་བཞི་ནང་དུ་དཔར་དུས་ཡག་གི །ཇ་ཤོག་སེར་བོའི་ན་བཟའ་ཡག་གི །ཇ་ལྭ་དམར་བོའི་སྐ་རགས་ཡག་གི །ཇ་འདི་འབུད་ས་རྒྱ་གར་ཡུལ་ནས་བུད་ཟིགརྒྱ་གར་རྒྱལ་བོའི་ཕྱག་ལ་འཇོག་གི །རྒྱ་གར་རྒྱལ་བོས་གསེར་ཐེལ་རྒྱག་གི །ཇ་འབུད་ས་རྒྱ་ནག་ཡུལ་ནས་བུད་ཟིག །རྒྱ་ནག་གོང་མའི་ཕྱག་ལ་འཇོག་གི །རྒྱ་ནག་གོང་མས་དངུལ་ཐེལ་རྒྱག་གི །ཇ་འབུད་ས་སྤུར་རྒྱལ་བོད་ནས་བུད་ཟིག ། བོད་ཀྱི་རྒྱལ་བོའི་ཕྱག་ལ་འཇོག་གི །བོད་ཀྱི་རྒྱལ་བོས་དུང་ཐེལ་རྒྱག་གི །ཇ་ཐེལ་སྣ་གསུམ་དེ་ནས་འཛོམས་ཟེར་རྒྱུ་རེད། །ཡ--ཇ་བཙོང་མཁན་མི་མཐོ་ཉོ་མཁན་མཐོ་གི །ཁལ་སྒ་ཐ་མ་མཐོ་ལ་འགེལ་ཡག་གི །ཁལ་ཐག་ལྷ་མ་ལྷོད་ཀྱིས་བཀྱིགས་ཡག་གི །རྟ་དྲེའུ་ལྡ་མ་ལྡེམ་གྱི་འགྲོ་ཡག་གི །དོ་བོ་ཡ་མ་ཡོར་གི་དོ་མཉམ་གི །བུ་ཆུང་ལྡེམ་མྱུར་ཅན་གྱིས་འདེད་ཡག་གི །གཤོང་ས་མི་གཅིག་བཅུ་གཉིས་བརྒྱུད་ཀི །ས་རུབ་སྐར་མས་བསུ་བ་བྱེད་ཀི །ཐང་ཆེན་མང་བོ་བཏུད་ནས་ཡོང་གི །མཚོ་ཆེན་མཐའ་ནས་བསྐོར་ནས་ཡོང་གི །ཆུ་ཆེན་གཞུང་ནས་བཅད་ལེ་ཡོང་གི །རི་ཆེན་སྟེང་ལ་འགོས་ནས་ཡོང་གི །རི་ཆུང་མགོ་ནས་མཆོང་ནས་ཡོང་གི །དགུང་ཉི་མ་སེར་བོ་འགྲོགས་ནས་ཡོང་གི །དུང་ཟླ་བ་དཀར་བོ་འདུག་རོགས་བྱེད་ཀི །བོད་ཡུལ་ཆོལ་ཁ་རྣམ་གསུམ་རྒྱུ་ནས། །ཇ་ལོ་མི་གཅིག་ལྔ་བརྒྱ་འཁྱེར་ཡོང་། ། ཇ་བཙོང་མཁན་ཚོང་དཔོན་ཉི་མ་ཡིན་ཟེར། །ཇ་ཉོ་མཁན་ཁ་བ་ཅན་འདི་ཡིན་ཟེར། །གོང་གཏམ་ཐལ་གཏམ་ཐལ་ཟེར་བ། །ཕ་ཨ་ཁུས་ཇ་རིན་ལུག་བརྒྱ་སྟེར་དགོས། །མ་སྲུ་མོས་ཇ་རིན་འབྲི་བརྒྱ་སྟེར་དགོས། །སྟག་ཤར་བས་ཇ་རིན་རྟ་བརྒྱ་སྟེར་དགོས། །གོང་བཅད་ཐལ་བཅད་ཐལ་ཟེར་བ་ན། །རྣོན་པོ་ཚོན་གྱིས་བཅད་འདྲ་རེད། །སིལ་དི་རེ་སྒོར་མོ་ཕར་ལ་རྩིས་ཀི །ཤོག་དི་རེ་ཇ་ལེབ་ཚུར་ལ་ལེན་གི །ཇ་ལན་ཆེན་ཉོས་ནས་རི་རབ་སྤུངས་ཀི །ཇ་ལན་ཆུང་ཉོས་ནས་རྒྱ་མཁར་བརྩིགས་ཀི །བོད་ཇ་འདང་ཆེ་བ་དེ་ཡིན་ཟེར་རྒྱུ་རེད། །ཡ--བུ་ཆུང་ང་ཡི་ལག་པ་གཡས་པའི་ནང་དུ། །དཀར་ཡོལ་ཁྱུང་གཤོག་འབྲུག་མ་ཡོད། །ཁ་ན་འཁོར་ལོ་རྩིབས་བརྒྱད་ཡོད། །སྐེད་ན་བཀྲ་ཤིས་རྟགས་བརྒྱད་ཡོད། །ཞབས་ན་པད་མ་འདབ་བརྒྱད་ཡོད། །ནང་ན་རྒྱ་ཇ་དམར་བོ་བླུགས་ཡོད། །དེའི་སྟེང་ལ་འབྲི་མར་སེར་བོ་འཕངས་ཡོད། །ཕར་ལ་ཕུ་གསུམ་བཏབ་པས་ན། །ཆུ་ལ་ཡེར་མོ་འཁྱིལ་འདྲ་རེད། །ཚུར་ལ་ཧུབ་གསུམ་འཐུངས་ཙ་ན། །ཝ་དམར་བོ་ཁུང་ལ་འཛུལ་འདྲ་རེད། །ཡ--ངའི་ལག་པ་གཡོན་པའི་ནང་དུ། །ཙན་དན་དམར་བོའི་སྡེར་མ་ཡོད་ཀི ། གོ་རེ་བྱ་རྒྱལ་ཁྱུང་ཆེན་བཞུགས་ཀི །འདི་ཁ་མིག་མེད་རུང་དགོད་ལ་ཁད། །གཤོག་པ་མེད་རུང་འཕུར་ལ་ཁད། །ང་གཉེན་ཁྱིམ་གྱི་སྟོན་ཇ་ཡིན། །འདིར་ཚོགས་ཀྱི་ཁྲོམ་པའི་མི་རྣམས་ཀྱིས། །ཐུགས་བག་ལ་ཕེབས་ནས་བཞེས་པར་མཛོད་ཅིག ། Wedding Ceremonies subjects 5994 For more information about this term, see Full Entry below.Subjects CollectionsTibetan and Himalayan CollectionsDomestic Life in TibetDomestic ReligionFull EntryRelated Subjects (1)Related Images (8)Related Texts (3)Related Audio-video (8) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Images (192)Related Texts (116)Related Audio-video (81) གཉེན་སྟོན terms 70443 Wyliegnyen ston/ExpressionFor more information about this term, see Full Entry below.Terms nyagnyen nye blo pham/Full EntryRelated Texts (3)Related Audio-video (2)