ལྷ་ས་ས་ཁུལ་གྱི་གནས་ཡིག
གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་ལྷ་ས་ས་ཁུལ་གྱི་གནས་ཡིག
ཆོས་འཕེལ་གྱིས་བརྩམས།
THL ID: T5735, isbn: 9787105064229
Original Print Publisher:མི་རིགས་དཔེ་སྐྲུན་ཁང་།
Digital Reprint Publisher:Tibetan & Himalayan Library
Copyright © 2010 by ཆོས་འཕེལ།
Reproduced with permission from the author
under the THL Digital Text License.
ཀླད།
སྔོན་བརྗོད།
[page ]

དེབ་འདིའི་རྩོམ་པ་པོ་ཆོས་འཕེལ་ལགས་ནི་སྤྱི་ལོ་༡༩༤༥ལོར་ལྷ་ས་སྐྱིད་ཆུའི་ནུབ་ངོས་ཀྱི་ཚ་གུར་ཞེས་པར་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། དགུང་ལོ་དགུ་ནས་བཅོ་ལྔ་བར་ཀུན་བདེ་གླིང་དུ་སྒེར་གྱི་སློབ་གྲྭར་སློབ་སྦྱོང་གནང་། ༡༩༦༢ལོར་ཚ་གུར་དམངས་བཙུགས་སློབ་གྲྭའི་དགེ་རྒན་མཛད། ༡༩༧༤ལོར་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་དུ་བསྐོང་འཐེན་བྱས། སློབ་གསོ་སྒྱུར་བཅོས་སྐོར་གྱི་དཔྱད་རྩོམ་བྲིས་པར་གྲོང་ཁྱེར་རིམ་པའི་ཕུལ་བྱུང་གི་བྱ་དགའ་དང་། སློབ་འབྲིང་རིམ་པ་དང་པོའི་དགེ་རྒན་གྱི་གོ་མིང་ཐོབ། ༡༩༩༡ལོར་བོད་ལྗོངས་ལྷ་མོ་ཚོགས་པར་འཁྲབ་གཞུང་རྩོམ་འབྲི་བྱེད་པར་ལས་བསྒྱུར་བྱས་རྗེས་གསར་རྩོམ་ལྷ་མོའི་འཁྲབ་གཞུང་ཁག་གཉིས་ལ་ལྗོངས་རིམ་པའི་འཁྲབ་གཞུང་གསར་རྩོམ་གྱི་བྱ་དགའ་དང་། 《ཡིག་ནོར་》ཞེས་པ་སོགས་གསར་རྩོམ་ལྷ་མོའི་འཁྲབ་གཞུང་ཁག་ལ་མཁས་དབང་རྣམ་པའི་གདེངས་འཇོག་ཐོབ། འཁྲབ་གཞུང་རྩོམ་འབྲི་བ་རིམ་པ་གསུམ་པའི་ལས་གནས་ཀྱི་གོ་མིང་གནང་། ༡༩༩༨ལོར་ལྷོ་ཁ་ས་ཁུལ་དུ་རྐང་འཁོར་བཞོན་ནས་འཚོ་བའི་ཉམས་ཞིབ་ཏུ་བསྐྱོད་ཞོར་དུ་《ལྷོ་ཁ་ས་ཁུལ་གྱི་གནས་ཡིག་》གི་དེབ་བྲིས་གནང་བ་དང་སྦྲེལ་༢༠༠༣ལོར་《ལྷ་ས་ས་ཁུལ་གྱི་གནས་ཡིག་》དེབ་འདི་ཉིད་བྲིས་གནང་མཛད།

མཚན།
[page ]

༄༅།།གངས་ཅན་ལྗོངས་ཀྱི་གནས་བཤད་
ལམ་ཡིག་གསར་མ།

ལྷ་ས་ས་ཁུལ་གྱི་གནས་ཡིག

ཆོས་འཕེལ་གྱིས་བརྩམས།

མི་རིགས་དཔེ་སྐྲུན་ཁང་།

[page 1]
དཀར་ཆག

གྲོང་ཁྱེར་ལྷ་ས།2

པོ་ཏ་ལ། 3

ལྷ་ས་གཙུག་ལག་ཁང་། 8

ར་མོ་ཆེ། 15

ཚེ་དཔག་ལྷ་ཁང་། 19

རྗེ་འབུམ་སྒང་། 19

རྒྱུད་སྨད་པ། 20

རྨེ་རུ་དགོན་གསར། 22

བསྟན་རྒྱས་གླིང་།25

རྨེ་རུ་རྙིང་པ། 26

ཀརྨ་ཤག27

ཡུལ་རིང་ལྷ་ཁང་། 30

མཚམས་ཁང་དགོན།30

ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་།31

རབ་གསལ་བཙན་ཁང་། 32

སྤྲོ་བདེ་ཁང་གསར། 33

བཞི་སྡེ། 33

ཚེ་སྨོན་གླིང་། 34

བྲག་ལྷ་ཀླུ་སྒུག 36

ལྕགས་པོ་རི། 37

ཀུན་བདེ་གླིང་། 40

བར་མ་རི། 42

ནོར་བུ་གླིང་ག 43

རྫོང་རྒྱབ་ཀླུ་ཁང་། 45

འབྲས་སྤུངས་དགོན། 47

གནས་ཆུང་གྲྭ་ཚང་། 52

ལྷ་ལུང་རི་ཁྲོད། 56

དགོན་པ་གསར་རི་ཁྲོད། 58

བྲག་རི་རི་ཁྲོད། 58

གར་རི་དགོན། 59

ཕ་བོང་ཁ། 61

ཆུ་བཟང་རི་ཁྲོད། 63

སེ་ར་དགོན། 64

གྲྭ་བཞི་དགོན། 70

ཀེའུ་ཚང་ནུབ་རི་ཁྲོད། 72

རྭ་ཁ་བྲག 74

ཕུར་བུ་ལྕོག 75

མཁར་རྡོ་རི་ཁྲོད། 76

གནས་སྒོ་གདོང་། 76

ནེ་ཕྱུང་རི། 77

རི་བརྒྱ་བསམ་གཏན་གླིང་། 78

ཚལ་གུང་ཐང་། 78

ཚེ་མཆོག་གླིང་། 80

སྟོད་ལུང་བདེ་ཆེན་རྫོང་།83

སངས་རྒྱས་དགོན་པ། 83

རྣམ་རྒྱལ་སེར་ཁང་། 85

གསང་ཕུ་དགོན་པ། 87

ཉི་མ་ཐང་། 90

སྦེ་སེར་དགོན། 92

སྟག་ལུང་བྲག 93

གཞོང་པ་ལྷ་ཆུ། 95

སྐྱོར་མོ་ལུང་། 96

དགའ་གདོང་དགོན། 98

ར་ཚག་དགོན། 99

སྤར་ཕུ་དགོན། 101

མཚུར་ཕུ་དགོན། 103

གནས་ནང་དགོན། 106

སྙན་དགོན་པ། 108

མཚོ་སྨད་དགོན་པ། 109

ལམ་པ་དགོན་པ། 110

རྭ་སྐོར་དགོན་པ། 112

ཆུ་བཟང་དགོན་པ། 113

གཡུ་ཐོག་དགོན་པ། 115

སྟོད་ལུང་ཆུ་ཚན། 116

སྡིངས་ཁ་དགོན། 117

ཕྱིར་མིག་ལུང་། 118

མཁའ་ལུང་རི་ཁྲོད།120

ཆུ་ཤུར་རྫོང་།122

སྙེ་ཐང་སྒྲོལ་མ་ལྷ་ཁང་།122

སྙེ་ཐང་བཀྲ་ཤིས་སྒང་།124

ར་སྟོད་དགོན།125

གནམ་འབྲུག་དགོན།128

འཇང་དགོན།130

འུར་ཞང་དགོན།131

ཤུག་གསེབ་དགོན།133

ཟངས་ཡག་བྲག 135

བྱང་ཆུབ་དགོན།136

ཐར་པ་གླིང་།136

ཆོས་འཁོར་ཡང་རྩེ།137

སྐྱིད་ཚལ་དགོན།138

སྙེ་མོ་རྫོང་།141

རྒྱས་བྱེད་དགོན།141

ཆོས་སྡེ་དགོན།143

འགྲོ་བ་མཆོད་རྟེན།144

རུ་དགོན།146

བཟང་རི་དགོན།148

བེེ་རོ་དགོན། 149

འདམ་གཞུང་རྫོང་། 153

ཡངས་པ་ཅན། 153

སྒ་ལོ་དགོན། 155

ལ་ཐོག་སྒར་པ། 156

གནམ་མཚོ།157

རྐྱང་རག་དགོན།159

ཁང་དམར་དགོན།159

ལྷུན་གྲུབ་རྫོང་།162

གྲབ་གསེར་དགོན།162

ཁམས་ལུང་རི་ཁྲོད།164

ཆོས་སྡིངས་དགོན།165

དགའ་ལྡན་ཆོས་འཁོར།166

ལྕགས་རི་དགོན།167

གླང་ཐང་དགོན།170

ནཱ་ལེནྡྲ།172

དཔལ་ལྡན་རྩེ།174

རག་མ་བྱམས་ཁང་།175

གྲུབ་རྒྱལ་དགོན།177

ལོ་ཙཱ་དགོན།177

རྒྱལ་ལྷ་ཁང་། 178

སྤྱན་ལེགས་དགོན།180

སེ་སྨུག་དགོན།181

ན་མོ་དགོན།182

སྣེ་མོ་དགོན།183

གཟིམ་ཁུག་དགོན།184

བསམ་གཏན་སྟེང་།185

དགོན་པ་གསར་པ།186

ལྷ་མོ་ཁང་།187

ཤར་དགོན།188

སྣ་མཁར་དགོན།191

འབྲི་ལུང་དགོན།192

རྒྱ་གྲགས་དགོན།192

སྣེའུ་ཟུར་དགོན།193

རིན་ཆེན་བྲག 194

པོ་ཏོ་དགོན།194

བྲག་རྒྱབ་དགོན།195

སྟག་ལུང་དགོན།196

རྭ་སྒྲེང་དགོན།198

བསམ་གཏན་གླིང་དགོན།201

ཇོ་གདན་དགོན།202

འབེན་རྫ་དགོན།203

མལ་གྲོ་གུང་དཀར་རྫོང་།206

རྩེ་ཞོལ་དགོན།206

རྫོང་རྩེ་དགོན།207

ཉི་མ་ལྕང་རྭ་བཤད་གྲྭ 208

ཡང་རི་སྒར།209

གཡའ་མ་རི་ཁྲོད།209

འབྲི་གུང་མཐིལ།210

གཏེར་སྒྲོ་དགོན།213

ཆོས་ལུང་དགོན།215

མ་ར་དགོན།215

ཞྭ་ལྷ་ཁང་།216

ཨ་ཡང་དགོན།217

ཐང་སྐྱབས་དགོན།218

ཀ་ཚལ་དགོན།219

རུ་ཐོག་དགོན།220

རིན་ཆེན་གླིང་།221

སྤངས་ས་དགོན།221

མཁར་སྐྱ་དགོན།223

འཆད་ཀ་དགོན།225

རྒྱལ་སྟེང་དགོན།225

དག་པ་དགོན།226

ཐེག་ཆེན་བཤད་སྒྲུབ་གླིང་།227

རབ་རྒྱས་གླིང་།227

སྟག་རྩེ་རྫོང་།230

བཙུན་མོ་ཚལ།230

ལ་མོ་དགོན།231

ཚེར་གསེབ་དགོན།232

དགའ་ལྡན་དགོན།233

བདེ་ཆེན་གསང་སྔགས་མཁར་དགོན།238

བྲག་ཡེར་པ།240

འབྲོམ་སྟོད་སྐུ་འབུམ་དགོན།243

ཕག་མོ་དགོན།245

བ་དགོན་པ།246

ཁྱུང་ཚང་དགོན།247

ལོ་དགོན་པ།248

ཞོགས་དགོན།249

[page 1]
གྲོང་ཁྱེར་ལྷ་ས།
གྲོང་ཁྱེར་ལྷ་ས་ཁུལ་གྱི་གནས་སྐོར་ས་བཀྲ།

◎གཙུག་ལག་ཁང་། པོ་ཏ་ལ། རྭ་མོ་ཆེ། ཚེ་དཔག་ལྷ་ཁང་། རྗེ་འབུམ་སྒང་། རྒྱུད་སྨད། རྨེ་རུ་དགོན། བསྟན་རྒྱས་གླིང་། རྨེ་རུ་རྙིང་པ། ཀརྨ་ཤག ༡༠ ཡུལ་རིང་ལྷ་ཁང་། ༡༡ མཚམས་ཁུང་། ༡༢ རབ་གསལ་བཙན་ཁང་། ༡༣ སྤྲོ་བདེ་ཁང་གསར། ༡༤ བཞི་སྡེ། ༡༥ ཚེ་སྨོན་གླིང་། ༡༦ བྲག་ལྷ་ཀླུ་སྦུག ༡༧ ལྕགས་པོ་རི། ༡༨ ཀུན་བདེ་གླིང་། ༡༩ བར་མ་རི། ༢༠ ནོར་བུ་གླིང་ག ༢༡ རྫོང་རྒྱབ་ཀླུ་ཁང་། ༢༢ འབྲས་སྤུངས། ༢༣ གནས་ཆུང་། ༢༤ ལྷ་ལུང་རི་ཁྲོད། ༢༥ དགོན་པ་གསར། ༢༦ བྲག་རི་རི་ཁྲོད། ༢༧ གར་རི་དགོན། ༢༨ ཕ་བོང་ཁ། ༢༩ ཆུ་བཟང་རི་ཁྲོད། ༣༠ སེ་རྭ་དགོན། ༣༡ གྲྭ་བཞི་དགོན། ༣༢ ཀེའུ་ཚང་རི་ཁྲོད། ༣༣ རྭ་ཁ་བྲག ༣༤ ཕུར་བུ་ལྕོག ༣༥ མཁར་རྡོ་། ༣༦ གནས་སྒོ་གདོང་། ༣༧ ནེ་ཕྱུང་རི། ༣༨ རི་བརྒྱ། ༣༩ ཚལ་གུང་ཐང་། ༤༠ ཚེ་མཆོག་གླིང་།

[page 2]

གྲོང་ཁྱེར་ལྷ་ས་ནི། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཙན་པོའི་དུས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་ལ། ད་ལྟའང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་རེད། ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་འོ་མཚོ་བསྲུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བ་འམ། སངས་རྒྱས་དངོས་ཀྱི་རབ་གནས་མཛད་པའི་ལྷ་ཇོ་ཤཱཀ་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུང་སྲོལ་མི་འདྲ་བ་ཡོད། ད་ལྟ་གྲོང་ཁྱེར་འདིའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི། སྤྱི་ལེ་ངོས་སྙོམས་༤༩ལྷག་ཙམ་དང་། མི་འབོར་ཁྲི་༣༧ལྷག་ཙམ། རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༣༦༥༠ཙམ་གྱིས་མཐོ་བའི་ས་བབས་ཡིན་སྟབས་འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞེས་ཟེར། གྲོང་ཁྱེར་འདིར་ཕེབས་དགོས་ན་བར་ཁམས་ཆབ་མདོ་གྲོང་རྡལ་ནས་སྤྱི་ལེ་༡༠༦༢ཙམ་དང་། ལྷོ་ཁ་རྩེད་ཐང་གྲོང་རྡལ་ནས་སྤྱི་ལེ་༡༩༡ཙམ། གཙང་གཞི་ས་རྩེ་གྲོང་རྡལ་ནས་སྤྱི་ལེ་༢༨༠ཙམ། སྟོད་མངའ་རིས་སེང་གེ་མཁའ་བབས་གྲོང་རྡལ་ནས་སྤྱི་ལེ་༡༧༠༠ཙམ། བྱང་ནག་ཆུ་གྲོང་རྡལ་ནས་སྤྱི་ལེ་༣༢༦ཙམ། ཀོང་པོ་ཉི་ཁྲི་གྲོང་རྡལ་ནས་སྤྱི་ལེ་༤༦༤ཙམ། སྒོར་མོ་མེ་འཁོར་བབས་ཚུགས་ནས་སྤྱི་ལེ་༡༡༦༥ཙམ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ་༢༤༡༥ཙམ་བཅས་སོ་སོ་ནས་ལམ་ཐག་དེ་ལྟ་བུ་ཕེབས་ན་གནའ་བོའི་གྲོང་ཁྱེར་འདིར་འབྱོར་གྱི་རེད།

[page 3]
པོ་ཏ་ལ།

མཚན་གཞན་ལ་རྩེ་པོ་ཏ་ལ། རྩེ་ཕོ་བྲང་། ཕོ་བྲང་པོ་ཏ་ལ། ཕོ་བྲང་དམར་པོ། རི་བོ་གྲུ་འཛིན་སོགས་མཚན་གྱི་རྣམ་གྲངས་མང་། པོ་ཏ་ལ་ནི། ལེགས་སྦྱར་གྱི་སྐད་ཡིན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་རི་བོ་པོ་ཏ་ལའམ་བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ཞུ་བས། ཆོས་རྒྱལ་སྲོང་བཙན་སྒམ་པོས་གནས་འདིར་སྒྲུབ་པ་མཛད་པའམ་ཆོས་རྒྱལ་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཞེས་ཞུ་བས་ཕོ་བྲང་གི་མཚན་ལའང་སྤྱན་རས་གཟིགས་གྱི་ཕོ་བྲང་གི་མཚན་གསོལ་བ་ཡིན། གང་ཉིད་ལྷ་སར་མ་འབྱོར་གོང་ནས་ཕོ་བྲང་འདི་རྒྱང་རིང་ནས་མཇལ་ཐུབ་ལ་གྲོང་ཁྱེར་ནང་ནས་ཀྱང་ཨར་ལས་འཛུགས་སྐྲུན་གང་གིས་ཀྱང་སྒྲིབ་མ་ཐུབ་པར་ཕྱོགས་གང་ས་ནས་མཇལ་ཐུབ་ལ་གང་ནས་མཇལ་ཀྱང་བཟོ་བཀོད་ཤིན་ཏུ་ལེགས་པ་ཡོད། ཕོ་བྲང་དེ་ནི་སྤྱི་ལོའི་དུས་རབས་བདུན་པར་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཁག་དབང་དུ་བསྡུས་ནས་བོད་གོང་བུ་གཅིག་ཏུ་གྱུར་གནང་རྗེས་སྤྱི་ལོ་༦༣༡ལོར་ཕོ་བྲང་བྱམས་པ་མི་འགྱུར་གླིང་(མལ་གྲོ་གོང་དཀར་རྫོང་ཁོངས་བརྒྱ་མ་ཞེས་པར་རྒྱལ་པོའི་སྐུ་མཁར་ཞེས་པ)ནས་དབུ་རུ་སྐྱིད་ཤོད་ལྷ་སར་ཕེབས་ཏེ་དམར་པོ་རིའི་སྟེང་དུ་ཕོ་བྲང་གཟིམས་ཁང་དཀར་པོ་བཞེངས་ཞེས་གསུངས། དེ་ནས་བལ་པོའི་རྒྱལ་པོ་དེ་ཝ་ལྷའི་སྲས་མོ་ལྷ་ཅིག་ཁྲི་བཙུན་ཁབ་ཏུ་བཞེས། དེ་རྗེས་རྒྱའི་གོང་མ་ཐང་ཐའི་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས། གླང་ཆེན་ས་ལ་ཉལ་བ་ལྟ་བུའི་དམར་པོ་རི། སེང་གེ་གནམ་དུ་མཆོངས་པ་ལྟ་བུའི་ལྕགས་པོ་རི། སྟག་མོ་ཚང་དུ་འཛུལ་བ་ལྟ་བུའི་བར་མ་རི་བཅས་གསུམ་ལས་རྒྱལ་པོའི་ཕོ་བྲང་ནི་གླང་ཆེན་ས་ཉལ་བ་ལྟ་བུའི་དམར་པོ་རིའི་སྟེང་དུ་བཞེངས། དམར་པོ་རི་ལ་ལྕགས་རི་རྒྱ་ཁྱོན་དཔག་ཚད་གཅིག་ཡོད་པས་ལྕགས་པོ་རི་དང་། བར་མ་རིའང་ནང་དུ་ཚུད་ཡོད་ཅེས་གསུངས། ལྕགས་རི་ཕྱི་ནང་བར་གསུམ་གྱིས་བསྐོར་བའི་དབུས་སུ་མཁར་དགུ་ཐོག་ལ་ཁང་[page 4] མིག་དགུ་བརྒྱ་དགུ་བཅུ་གོ་དགུ་དང་། རྩེ་མོར་མཁར་གཅིག་བཅས་མཁར་སྟོང་ཕྲག་གཅིག་ཡོད། མཁར་དེ་དག་གི་རྩེ་མོར་མདུང་དར་སྟོང་ཕྲག་ཙམ་བཙུགས། ལྷོ་ཕྱོགས་སུ་བཙུན་མོའི་ཕོ་བྲང་དགུ་ཐོག་བྱས་པ་ལ། ལྕགས་རིའི་ཕྱོགས་བཞི་ལ་སྒོ་བཞི། སྒོ་བཞི་ལ་མཁར་བཞི། མཁར་རེ་རེ་ལ་སྒོ་སྲུང་རེ། རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་ཕོ་བྲང་དབར་ལྕགས་ཐག་གི་ཟམ་པ། ཕོ་བྲང་གི་ཤར་ལྷོའི་ཐང་དུ་རྟ་རྒྱུག་སའི་ལམ་དཔངས་སུ་འདོམ་པ་དོ། ཞེང་ལ་འདོམ་པ་བཅོ་བརྒྱད། རིང་ཚད་འདོམ་པ་སུམ་བརྒྱ་བཅས་ལ་སྤང་ལེབ་ཀྱི་སྟེང་སོ་ཕག་བསྒྲིགས་པ། ལམ་གྱི་གཡས་གཡོན་ལ་རིན་པོ་ཆེའི་དྲ་བས་བསྐོར་བ། མགོ་མཇུག་གཉིས་ལ་ཤིང་གི་དྭ་མིག་ལ་མཚོན་རྩི་བྱུག་པ། རྟ་གཅིག་གི་རྨིག་སྒྲས་རྟ་མང་པོ་དུས་གཅིག་ཏུ་རྒྱུག་པའི་རྨིག་སྒྲ་སྒྲོགས་པ་ལྟར་ཡོད་གསུངས། འོན་ཀྱང་དེ་རྗེས་ཆོས་རྒྱལ་མང་སྲོང་མང་བཙན་དུས་རྒྱ་ནག་དམག་གིས་མེར་བསྲེགས་ཞེས་དང་། ཁྲི་སྲོང་སྡེ་བཙན་སྐབས་དམར་པོ་རིར་ཐོག་བརྒྱབ་པ་སོགས་ཀྱིས་ཉམས་རྒུད་ཆེན་པོ་བྱུང་སྟེ་རྒྱལ་པོའི་ཕོ་བྲང་དང་། བཙུན་པོའི་ཕོ་བྲང་། རྟ་ལམ་སོགས་མེད་པར་གྱུར་ཡང་ཆོས་རྒྱལ་སྒྲུབ་ཕུག་དང་། འཕགས་པ་ལྷ་ཁང་སྔར་བཞིན་གནས་ལ་རྗེས་སུ་ཆོས་ལུགས་གྲུབ་མཐའ་སོ་སོའི་བླ་ཆེན་ཁག་གིས་ཀྱང་པོ་ཏ་ལར་གསུང་ཆོས་གནང་བའི་ལོ་རྒྱུས་ཡོད་ཚུལ་ལ་བལྟས་ན་སྐབས་ཤིག་ཕོ་བྲང་དེ་གཙུག་ལག་ཁང་ལྟ་བུར་གྱུར།

དེ་ནས་དུས་རབས་བཅོ་བདུན་པར་བོད་ཀྱི་སྲིད་དབང་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་བཟུང་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱན་ནས་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་འབྲས་སྤུངས་སུ་ཆོས་བཞུགས་མཛད། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་འཕྲོག་སྟེ་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་དབང་མཐའ་དག་རྒྱལ་བ་ལྔ་པའི་ཕྱག་ཏུ་ཕུལ་ཏེ་འབྲས་སྤུངས་སུ་དགའ་ལྡན་ཕོ་བྲང་བཙུགས། ༡༦༤༥ལོར་རྒྱལ་བ་ལྔ་པའི་བཀའ་བཀོད་བཞིན་སྡེ་[page 5] སྲིད་བསོད་ནམས་རབ་བརྟན་གྱིས་རྩེ་ཕོ་བྲང་དཀར་པོ་རྒྱས་བསྐྲུན་མཛད། གཞུང་ས་དགའ་ལྡན་ཕོ་བྲང་འབྲས་སྤུངས་ནས་པོ་ཏ་ལ་རུ་སྤོས། འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་ཡང་གཙང་པའི་དམག་འཁྲུག་སྐབས་མཚོ་སྔོན་བར་གྱར་བ་སླར་ཡང་སྔར་གནས་སུ་གདན་འདྲེན་ཐུབ།

དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་བ་སྐུ་ཕྲེང་ལྔ་པ་དགོངས་པ་གཞན་དོན་དུ་ཕེབས་རྗེས་ཕོ་བྲང་དམར་པོ་བཞེངས་འགོ་ཚུགས། ཕོ་བྲང་ལེགས་པར་འགྲུབ་ཆེད་དུ་རྒྱལ་བ་དགོངས་པ་རྫོགས་པའང་རེ་ཞིག་གསང་བ་མཛད། ཐོག་མར་སྡེ་སྲིད་ཀྱི་དགོངས་པར་ཕོ་བྲང་དམར་པོའི་ཁང་རྙིང་ཡོངས་རྫོགས་བཤིག་སྟེ་ཕོ་བྲང་ལྟེ་བ་དབུས་སུ་འཁེལ་བ་ཞིག་གནང་དགོས་དགོངས་ཀྱང་། ཆོས་རྒྱལ་སྒྲུབ་ཕུག་ནི། སྲོང་བཙན་སྒམ་པོ་སྐུ་དངོས་ཡུན་རིང་བཞུགས་མྱོང་བ་དང་། འཕགས་པ་ལྷ་ཁང་ཡང་སྔར་གྱི་ལྷ་ཁང་ཡིན་ཐོག་རྒྱལ་དབང་ལྔ་པ་ཆེན་པོ་བཅད་རྒྱར་ཡུན་རིང་བཞུགས་མྱོང་བ་བཅས་དེ་དག་བཤིག་ན་ཕུགས་སྐྱོན་ཡོང་མིན་རྒྱལ་དབང་རིན་པོ་ཆེའི་པུར་གདུང་དང་། ལྷ་མོའི་ཞལ་ཐང་མདུན་ཟན་རྟགས་ཐེངས་གཉིས་བསྒྲིལ་བར་དེ་དག་རང་འཇགས་སུ་བཞག་པ་ལེགས་ཚུལ་དུ་ཕེབས་པར་བརྟེན་སྔར་གྱི་ཕོ་བྲང་དེ་གཉིས་རང་འཇགས་སུ་བཞག་སྟེ་ཕོ་བྲང་དམར་པོ་ལོ་གསུམ་ལ་འགྲུབ་པར་བྱས་པ་དང་། དེ་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་བར་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་རྒྱ་བསྐྱེད་གནང་སྟེ་ད་ལྟའི་ཕོ་བྲང་གི་དབྱིབས་དང་གྲུབ་གཞི་འདི་ཉིད་དང་། རྒྱལ་པོ་ལྕོག བསྟན་མ་ལྕོག གཡུལ་རྒྱལ་ལྕོག ཤར་ཆེན་ལྕོག་བཅས་ལྕོག་བཞི་དང་། དཀྱིལ་དུ་ཚོམས་ཆེན། སྟེང་གི་བྱང་ངོས་སུའང་ཚོམས་ཆེན། གཟིམ་ཆུང་ཤར་ནུབ་སོགས་དང་། ཆོས་རྒྱལ་སྒྲུབ་ཕུག འཕགས་པ་ལྷ་ཁང་། ས་གསུམ་རྣམ་རྒྱལ། ཕུན་ཚོགས་བཀོད་པ། བཀའ་གདམས་འཁྱིལ། དབང་ཁང་། བླ་མ་ལྷ་ཁང་། ལི་མ་ལྷ་ཁང་། སྨན་བླ་ཁང་། དགའ་ལྡན་ཕུན་ཚོགས་འཁྱིལ། དུས་འཁོར་ལྷ་ཁང་། བཀའ་འགྱུར་ལྷ་ཁང་། ཚོམས་ཆེན་སྲིད་ཞིའི་[page 6] ཕུན་ཚོགས། གསེར་སྡོང་འཛམ་གླིང་རྒྱན་གཅིག འཁྲུངས་རབས་ལྷ་ཁང་། ལམ་རིམ་ལྷ་ཁང་། རིག་འཛིན་ལྷ་ཁང་། ཀུན་བཟང་རྗེས་འགྲོ་ཁང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་གསེར་སྡོང་ཁག་གི་བཞུགས་གནས། རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་དང་གྲྭ་ཤག གཞུང་ས་མཆོག་གི་ལས་ཁུངས། ཡིག་ཚང་། རྩེ་སློབ་གྲྭ་སོགས་ལས་གྲུབ་ཡོད། དེ་ལྟའི་ལྷ་ཁང་དང་གཟིམས་ཆུང་སོགས་ལ་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་བ་བརྗོད་མི་ཚར། དཔེར་ན་རྒྱལ་བ་སྐུ་ཕྲེང་དང་པོའི་གདུང་རྟེན་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དང་། གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་གདུང་རྟེན་འབྲས་སྤུངས་སུ་བཞུགས་པ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་གདུང་མཚོ་སྔོན་གསེར་ཁོག་ཏུ་བཞུགས་པ་བཅས་ལས། རྒྱལ་བ་ལྔ་པ་ནས་བཅུ་གསུམ་བར་གྱི་གདུང་རྟེན་བརྒྱད་པོ་པོ་ཏ་ལར་བཞུགས་པ་དེ་དག་ཀུན་གསེར་སྡོང་སྟེ་ཕྱིར་གསེར་ལྗང་བརྡུང་གིས་བཏུམས་ལ་ཚགས་བརྐོས་ཀྱིས་བརྒྱན་པ་ལ་དེའི་སྟེང་གསེར་ལས་རིན་ཐང་ཆེ་བའི་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་གྱིས་བརྒྱན་ཡོད་ལ། ད་དུང་དེ་ལས་ལྷག་པ་ནི་ནང་དུ་སྐུ་གདུང་དམར་གདུང་གིས་དབུས་ནང་རྟེན་སྲིད་ན་དཀོན་པ་དག་གིས་གཏམས་ཡོད་པས་དེ་འདྲ་གཅིག་གི་རིན་ཐང་ཡང་བསམ་ལས་འདས་སོ། ལྷ་ཁང་ཁག་གི་རྟེན་སྐུའང་བརྗོད་མི་ཚར་བ་ཡོད་པ་ལས་ཁྱད་དུ་འཕགས་པ་ཆོས་རྒྱལ་སྒྲུབ་ཕུག་ནི། ལྷ་ཁང་རྙིང་ཤོས་ཏེ་ཆོས་རྒྱལ་སྐུ་དངོས་བཞུགས་མྱོང་བ་དང་། དེའི་ནང་ཆོས་རྒྱལ་སྲོང་བཙན་གྱི་སྐུ་བརྙན་དང་། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན། མོང་བཟའ་ཁྲི་ལྕམ། སྲས་གུང་རི་གུང་བཙན། བློན་པོ་མགར་སྟོང་བཙན། ཐོན་མི་སམ་བྷོ་ཊ་བཅས་ཀྱི་སྐུ་བརྙན་དང་། རྒྱ་བཟའི་གསོལ་ཐབ་སོགས་དང་། དུས་རབས་བཅུ་བདུན་པའི་ནང་ལྷ་ཁང་དེ་ཉམས་གསོ་གནང་རྗེས་དབུས་སུ་བཞུགས་པའི་རྒྱལ་དབང་ལྔ་པའི་སྐུ་བརྙན་དང་། རྒྱལ་བ་བྱམས་པའི་སྐུ་བརྙན་སོགས་བཞུགས་སུ་གསོལ་བ་བཅས་དང་། འཕགས་པ་ལྷ་ཁང་ནང་གི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་[page 7] བརྙན་ནི་པོ་ཏ་ལའི་ཕོ་བྲང་བསྐྲུན་རྗེས་སྲོང་བཙན་སྒམ་པོས་སྨིན་མཚམས་ཀྱི་མཛོད་སྤུ་ལས་སྤྲུལ་པའི་དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཞེས་པ་ཕོ་ཉར་མངགས་པ་དེས་ཀྱང་རྒྱ་བལ་གྱི་ས་མཚམས་ཙནྡ་མང་པོ་སྐྱེ་བའི་ནགས་ཁྲོད་ཞིག་ན་ཧ་རི་ཙནྡ་གྱི་སྡོང་པོ་ཞིག་གི་ཁོག་པ་ལས་འཕགས་པ་སྐུ་མཆེད་བཞི་བཞེས། དེའི་ནང་གི་འཕགས་པ་འཇག་མ་ཞུ་བ་ནི་བལ་ཡུལ་གྱི་གྲོང་ཁྱེར་ཡུམ་བུ་ཡ་འགལ་ཏེ་ཅ་ཏ་མན་ཏུར་བཞུགས། དེའི་འོག་འཕགས་པ་དབུ་གང་ནི་རྒྱ་བལ་གྱི་མཚམས་ཤིག་ཏུ་བཞུགས། དེའི་འོག་འཕགས་པ་ལོ་ཀེ་ཤྭ་ར་བོད་དུ་གདན་དྲངས་ཏེ་རྒྱལ་པོར་ཕུལ་བས་རྒྱལ་པོའི་ཐུགས་དམ་གྱི་རྟེན་མཛད། བོད་དུ་སྟོན་པ་སྐུ་དངོས་ཀྱིས་རབ་གནས་མཛད་པའི་ཇོ་ཤཱཀ་རྣམ་གཉིས་མ་གདན་གོང་རྟེན་རྩ་ཆེ་ཤོས་འདི་ཉིད་ཡིན་པར་གྲགས་ལ་ལྷ་ཁང་ལའང་འཕགས་པ་ལྷ་ཁང་ཞེས་ཞུ། ལོ་ཀེ་ཤྭ་རའི་གཡས་ངོས་སུ་བཞུགས་པའི་སྒྲོལ་སྔོན་དང་། གཡོན་དུ་བཞུགས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གཉིས་ཀྱང་སྐུ་རྒྱུ་ཙནྡ་དཀར་པོ་ལས་གྲུབ་པའི་བྱིན་ཅན། གུ་རུ་རིན་པོ་ཆེ་དང་། རྗེ་ཙོང་ཁ་པའི་ཞབས་རྗེས་གསལ་བའི་རྡོ་སོགས་དང་གཞན་ཡང་སྐུ་བརྙན་ཇི་སྙེད་བཞུགས་སུ་གསོལ་ཡོད།

རྣམ་རྒྱལ་གྲྭ་ཚང་ཡང་ཕོ་བྲང་འདིའི་ནང་གནས་ཤིང་། དེའང་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཨལ་ཐན་རྒྱལ་པོས་སོགས་ཡུལ་དུ་གདན་འདྲེན་དུས་རྒྱལ་པོའི་སྐུ་ཚེ་བསྲིང་བར་རྣམ་རྒྱལ་མའི་ཆོ་ག་དང་། རྗེ་རང་གིས་བསྟེན་པའི་དགེ་བསྙེན་ཀྱི་ཆོས་སྲུང་སོགས་ཀུན་བཟང་རྩེ་བའི་ལུགས་ལྟར་བཙུགས་པས་རྣམ་རྒྱལ་གྲྭ་ཚང་ངམ། རྒྱལ་བའི་སྐུ་འཁོར་གྲྭ་ཚང་ངམ་སྐུ་ཞབས་གྲྭ་ཚང་ཞེས་ཞུ། སྤྱིར་རབ་བྱུང་བ་ལ་གྲྭ་པ་ཞེས་ཟེར་ཡང་། རྣམ་རྒྱལ་གྲྭ་ཚང་དང་། རྒྱལ་ཚབ་གནང་མྱོང་བའི་གླིང་ཁག་གི་གྲྭ་པར་སྐུ་ཞབས་ཞེས་ཞུ། སྔོན་དགེ་འདུན་གྲངས་ཚང་བརྒྱ་དང་བདུན་ཅུས། གཙོ་བོ་རི་བོ་དགེ་ལྡན་གྱི་སྔགས་ཆོག་ཕྱག་བཞེད་མཛད་པའི་སྟེང་། ཕུར་པའི་སྒྲུབ་མཆོད་ཏེ་རྙིང་མའི་ལུགས་[page 8] དང་། གུར་ཞལ་སོགས་ས་ལུགས་ཀྱང་ཕྱག་བཞེད་མཛད་པ་ཡིན། ཕོ་བྲང་འདིར་རིག་གནས་གསར་བརྗེ་ཞེས་དགོན་སྡེ་གཏོར་བཤིག་བྱེད་པའི་དུས་གནོད་སྐྱོན་སྤྱིར་ན་བྱུང་མེད་ལ༡༩༨༩ལོར་ཉམས་གསོ་གནང་བ་དང་། ༡༩༩༤ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཚན་དུ་ཚུད་པ་བཅས་ཡིན།

པོ་ཏ་ལའི་མདུན་ནས་མར་བབས་པའི་ཁུལ་དེར་ཞོལ་ཞེས་ཟེར། ཞོལ་ཞེས་པ་ནི་པོ་ཏ་ལའི་འདབས་སུ་ཆགས་པས་ཡིན། འདིར་ཞོལ་ལྕགས་རིའི་ཕྱི་ནང་གཉིས་ཏེ་ལྕགས་རིའི་ནང་དུ་སྔོན་སྡེ་པ་གཞུང་གི་ལས་ཁུངས་ཁག་ཆགས་ཡོད་པ་ནི་དམག་སྤྱི་ཁང་དང་། པར་ཁང་སྟེ་བོད་དཔེའི་པར་ཤིང་ཁག་བཞུགས་པ་དང་། ནས་ཁང་ཐོག་ཀ་སྟེ་འབྲུ་ཁང་གི་ཐོག་ཀ་ཡིན། འདོད་དཔལ་ཏེ་ཐོག་མར་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཡིན་སྐད་ལ་རྗེས་སུ་ལུགས་རྒྱག་སའི་བཟོ་གྲྭ། ཞོལ་པ་ལས་ཁུངས་ཏེ་ལྷ་སའི་ཉེ་འདབས་ཀྱི་རྫོང་གཞིས་ཁག་གི་ཁྲིམས་ཁང་བཅས་ལས་གྲུབ་ཡོད་པ་ད་ལྟའང་ཁང་རྙིང་དང་ལྕགས་རི་བཅས་བསྡད་ཡོད། ཞོལ་གྱི་གྲོང་མི་རྣམས་ཕོ་བྲང་གི་རྒྱབ་སྟེ་ལྷ་ཀླུ་ཁུལ་དུ་གནས་སྤོས་བྱས་སྟབས་ད་ལྟ་ཁུལ་དེར་ཡང་ཞོལ་གྲོང་གསར་ཞེས་ཟེར།

ལྷ་ས་གཙུག་ལག་ཁང་།

མཚན་རྒྱས་པར་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ། དགའ་བཞི་གཙུག་ལག་ཁང་ཞེས་ཞུ། དགའ་བཞི་གཙུག་ལག་ཁང་ཞེས་པ་ནི། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། རྩིག་པ་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། ལྕམ་གདུང་རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ་ཞེས་ཟེར། གཙུག་ལག་ཁང་འདི་ནི་ལྷ་ས་གྲོང་ཁྱེར་རྙིང་པའི་ལྟེ་བར་ཆགས་ཡོད། དེའང་ཆོས་རྒྱལ་སྲོང་བཙན་གྱིས་ཕོ་བྲང་དམར་པོ་རིའི་སྟེང་མ་བསྐྱོན་གོང་། ད་ལྟ་ལྷ་སའི་ཁུལ་དུ་སྐྱིད་ཤོད་ཅེས་དང་དེ་ཁུལ་དུ་རྒྱུག་པའི་ཆུ་[page 9] བོ་ལ་སྐྱིད་ཆུ་ཞེས་ཟེར། ད་ལྟའི་ར་ས་གཙུག་ལག་ཁང་གི་ཤུལ་དུ་འོ་མཚོ་ཞེས་མཚེའུ་ཆུང་ངུ་ཞིག་ཡོད་པ་བཅས་ཡིན། དེ་ནས་ཆོས་རྒྱལ་སྲོང་བཙན་དམར་པོ་རི་ལ་བཞུགས། བལ་བཟའ་ཁྲི་བཙུན་དང་། རྒྱ་བཟའ་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་རྒྱལ་པོའི་བཙུན་མོར་བསུས། བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་ར་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་བཅས་སོ་སོར་གདན་དྲངས། དེ་ནས་བལ་བཟས་རང་གིས་གདན་དྲངས་པའི་རྟེན་གྱི་བཞུགས་གནས་ཤིག་བཞེངས་དགོས་ཐུགས་ལ་ཤར་ཏེ་རྒྱལ་པོར་ཞུས་པས་རྒྱལ་པོས་ཀྱང་ཐུགས་དགྱེས་དང་བཅས་དེ་ལྟར་ཆོག་པ་ཞལ་གྱིས་བཞེས། དེ་ནས་བལ་བཟའ་ཁྲི་བཙུན་གྱིས་ཞལ་ཏ་མ་མངགས་ཏེ་རྒྱ་བཟའ་ཀོང་ཇོར་གཙུག་ལག་ཁང་བཞེངས་པའི་ས་དཔྱད་གང་བཟང་ཞུ་བར་བཏང་། རྒྱ་བཟས་ཀྱང་རྒྱ་ནག་གི་སྤོར་ཐང་བརྒྱད་བཅུ་ཞེས་རྩིས་སྐོར་ཏེ་གསལ་བར་བསྟན་ཡང་ཞལ་ཏ་མས་རྒྱ་བཟས་གསུང་བ་ཇི་བཞིན་བལ་བཟར་མ་ཞུས་སྟབས་མཚོ་བསུབ་ཀྱང་མ་ཟུབ། ་དགོང་ནེའི་ཐང་ལ་རྨང་བཏིང་ཡང་ཉིན་མོ་མིས་བརྩིགས་པ་མཚན་མོ་མི་མ་ཡིན་གྱིས་བཤིག དེ་ལྟའི་རྒྱུ་མཚན་རྒྱལ་པོར་ཞུས་པས། རྒྱལ་པོས་མཁྱེན་བཞིན་དུ་མ་མཁྱེན་ཚུལ་མཛད་ཁྲི་བཙུན་དང་བཅས་འོ་ཐང་གི་མཚོ་འགྲམ་དུ་ཕེབས་ཏེ་སོར་གདུབ་ནམ་མཁར་འཕེན་བཅུག་གནང་བས་མཚོ་ནང་དུ་ལྷུང་བ་དང་། དེ་མར་མཚེའུའི་དབུས་ན་འོད་ཟེར་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་ཞིག་གསལ་བ་ཀུན་གྱིས་གཟིགས། དེ་ནས་ཆོས་རྒྱལ་གྱིས་བདེན་ཚིག་ཐུགས་སྨོན་མི་ཚང་མེད་པ་གནང་། བློན་འབངས་ཀྱིས་རྡོ་བསྐྱུར་བ་སོགས་མཛད་པས་དེ་དབུས་རྡོའི་མཆོད་རྟེན་སྲ་ཞིང་བརྟན་པ་ཞིག་ཏུ་སོང་བ་ལ་གདུང་མ་རྣམས་ཀྱི་སྣེ་གཏད། སྤྲུལ་པའི་ར་ལ་ས་བཀལ་ཏེ་མཚོ་བསུབས། འོན་ཀྱང་ཉིན་མོ་མིས་བརྩིགས་པ་མཚན་མོ་ལྷ་འདྲེས་བཤིགས་པས། རྒྱལ་པོ་ཡབ་ཡུམ་ཉང་བྲན་ཕ་བོང་ཁར་འཕགས་པ་ཐགས་རྗེ་ཆེན་པོའི་སྒྲུབ་པ་ལ་བཞུགས་ཏེ་གསོལ་བ་བཏབས་པས། འཕགས་[page 10] པས་བོད་འདི་སྲིན་མོ་གལ་ཀྱལ་དུ་ཉལ་བའི་དབྱིབས་སུ་ཡོད་པས་གཙུག་ལག་ཁང་བཞེངས་པའི་ཐོག་མར་ས་པྲའི་མེ་བཙའ་རྣམས་གནོན་དགོས་པས། མཐའ་འདུལ། ཡང་འདུལ། རུ་གནོན་བཅས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བཞེངས་ན་རྒྱལ་པོའི་བཞེད་པ་ལྷུན་གྱིས་འགྲུབ་པའི་ལུང་བསྟན་པས། དབུ་རུ་མལ་གྲོ་ཀ་ཚལ་མི་འགྱུར་བའི་ལྷ་ཁང་དང་། དེའི་ལག་ཏུ་གསེག་ཤང་འགིར་ཏིའི་ལྷ་ཁང་། གཡོ་རུ་ཡར་ཀླུང་དུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམ་གྱི་ལྷ་ཁང་དང་དེའི་ལག་ཏུ་བཙན་ཐང་གཡུ་ཡི་ལྷ་ཁང་། གཙང་དུ་གཙང་འགྲམ་དགེ་རྒྱས་ཀྱི་ལྷ་ཁང་དང་དེའི་ལག་ཏུ་དགེ་དྲུང་གི་ལྷ་ཁང་། ངམ་རིང་དུ་གྲམ་པ་རྒྱས་དྲི་མེད་ཀྱི་ལྷ་ཁང་དང་དེའི་ལག་ཏུ་འབྲེའི་ལྷ་ཁང་བཅས་མཐའ་འདུལ་གྱི་ལྷ་ཁང་ལག་དང་བཅས་པ་དང་། ཤར་སྟག་གི་མགོའི་སྟེང་དུ་ཀོང་པོ་བུ་ཆུའི་ལྷ་ཁང་། ལྷོ་འབྲུག་གི་ཟེ་སྟེང་དུ་ལྷོ་བྲག་མཁོ་མཐིང་གསེར་གྱི་ལྷ་ཁང་། ནུབ་བྱ་དམར་པོའི་སྒལ་སྟེང་དུ་ཚལ་རིག་ཤེས་རབ་སྒྲོན་མེའི་ལྷ་ཁང་། བྱང་རུས་སྦལ་གྱི་སྒལ་སྟེང་དུ་སྟོད་པྲ་བདུན་རྩེའི་ལྷ་ཁང་བཅས་ཡང་འདུལ་གྱི་ལྷ་ཁང་བཞི་དང་། ཚངས་པ་རླུངས་གནོན་གྱི་ལྷ་ཁང་། ལྡན་ཀློང་ཐང་སྒྲོལ་མ། མང་ཡུལ་བྱམས་སྤྲིན་དགེ་རྒྱས་ཀྱི་ལྷ་ཁང་། ལྷོ་འབྲུག་སྤ་དྲོ་སྐྱེར་ཆུའི་ལྷ་ཁང་སྟེ་རུ་གནོན་གྱི་ལྷ་ཁང་བཞི་བཅས་རྟེན་དང་བརྟེན་པ་བཅས་བཞེངས་གནང་མཛད། འོན་ཀྱང་ད་ལྟ་རང་རེས་མཇལ་བའི་གཙུག་ལག་ཁང་གཞི་ཁྱོན་ཆེན་པོ་འདི་ལྟ་བུ་དེ་མར་འགྲུབ་མེད་ཀྱང་བལ་བཟའི་ཐུགས་འདུན་ལྟར་གྱི་གཙུག་ལག་ཁང་དེ་འགྲུབ། བལ་བཟའི་ཡབ་མཉེས་པར་བྱེད་པ་ལ་ལྷ་ཁང་གི་སྒོའང་ནུབ་བལ་ཡུལ་དུ་གཏད། དུས་མཚུངས་རྒྱ་བཏབ་ར་མོ་ཆེ་གཙུག་ལག་ཁང་ཡང་འགྲུབ་སྟེ་ཇོ་ཤཱཀ་རྣམ་གཉིས་གཙུག་ལག་ཁང་སོ་སོར་གདན་དྲངས་ཏེ་རྟེན་དང་བརྟེན་པ་བཅས་འགྲུབ་པར་བྱས། དེ་ནས་ཆོས་རྒྱལ་སྲོང་བཙན་སྐུ་གཤེགས་རྗེས་མང་སྲོང་མང་བཙན་དུས་རྒྱ་དམག་ལྷ་སར་འབྱོར་ལ་ཉེ་བའི་དུས་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་བཏབ་ར་མོ་ཆེ་ནས་གདན་དྲངས་ཏེ་ར་ས་གཙུག་ལག་ཁང་གི་ལྷོ་སྒོ་[page 11] མེ་ལོང་ཅན་དུ་སྦས་ཏེ་སྒོ་ལ་གཞལ་བ་བྱས། དེའི་སྟེང་འཇམ་དབྱངས་ཀྱི་སྐུ་བྲིས། ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེར་གདན་དྲངས། རྒྱ་དམག་རྣམས་བོད་ལ་འབྱོར་ཏེ་ཕོ་བྲང་དམར་པོ་མེར་བསྲེགས། ཇོ་བོ་གདན་དྲངས་ཀྱང་སྐུ་ལྗིད་འཕེལ་བས་ཁྱེར་མ་ཐུབ་སྟབས་ཆོས་ལུང་དུ་བཞག་དགོས་བྱུང་། དེ་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་གྱིམ་ཤིང་ཀོང་ཇོས་“ང་ཡི་ཨ་སིའི་ལྷ་ཁང་དུ་ལྟ་བར་འགྲོ”ཞེས་རྒྱ་བཏབ་ར་མོ་ཆེར་ཕེབས་པ་ལ་ཤཱཀྱ་མུ་ནེ་དེར་བཞུགས་མེད་པས། ར་ས་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་དུ་ཡོད་པ་རྩིས་ཁོག་ནས་མཁྱེན་ཏེ་འཇམ་དབྱངས་ཀྱི་སྐུ་བརྙན་བྲིས་པ་བརྐོ་བར་བརྩམ་པ་ན་“ཁོ་བོ་གཡོལ་བས་ཆོག”ཅེས་གསུང་བྱོན་པས་འཇམ་དབྱངས་ཁོ་གཡོལ་མ་ཞུ་བ་དེ་ནས་བྱུང་། དེ་ནས་ཇོ་བོ་ཤཱཀྱ་མུ་ནེ་གཙང་ཁང་དབུས་མར་གདན་འདྲེན་སྐབས། དེར་ཇོ་བོའི་སྐུ་ཚབ་ཏུ་མར་མེ་མཛད་ཀྱི་སྐུ་བརྙན་བཞུགས་པ་སྤོ་བར་བརྩམ་སྐབས་“ང་འདི་ནས་མི་འགྲོ”ཞེས་གསུང་བྱོན་པས་ཇོ་བོའི་སྐུ་རྒྱབ་དེ་རང་དུ་བཞུགས་སུ་གསོལ་དགོས་བྱུང་། དེ་ལྟར་གཙུག་ལག་ཁང་ཉམས་ཆག་དང་གཏོར་སྐྱོན་ཇི་སྙེད་ཅིག་བྱུང་ཡང་། ཉམས་གསོ་དང་། རྒྱ་བསྐྱེད། སྤྲོས་པ་སོགས་ཀྱང་རྒྱུན་ཆད་མེད་པར་བྱུང་བ་ལས་ཉམས་གསོ་ཆེས་རྒྱས་པ་རྒྱལ་མཆོག་ལྔ་པ་ཆེན་པོས་གནང་། རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་གསེར་ལྗང་བརྡུང་གི་དབུ་རྒྱན། ཇོ་བོ་མི་བསྐྱོད་རྡོ་རྗེར་དངུལ་གྱི་དབུ་རྒྱན་གསོལ་བ་ནས་བཟུང་ཇོ་ཤཱཀ་རྣམས་གཉིས་སྤྲུལ་སྐུའི་ཆ་བྱད་དེ་ལོངས་སྐུའི་ཆ་བྱད་དུ་གྱུར།

དེ་ལྟར་ཕྱིའི་བཀོད་པ་རིམ་བཞིན་རྒྱ་བསྐྱེད་བྱུང་བ་ལ། ནང་དུའང་རྟེན་གསུམ་གཞུགས་སུ་གསོལ་བ་ལ་སྐུའི་རྟེན་དུ་རྒྱལ་བ་རིགས་ལྔ་ཆོས་རྒྱལ་ཉིད་ཀྱི་ཕྱག་ནས་མ་ཞེས་པའི་ལྡེབས་བྲིས་དང་། གསུང་གི་རྟེན་དུ་ཆོས་རྒྱལ་དུས་ཀྱི་ཐུགས་རྗེ་ཆེན་པོའི་གཟུངས་ཡིག་དྲུག་མ། ཐུགས་ཀྱི་རྟེན་དུ་ཆོས་རྒྱལ་གྱི་ཕྱག་ཚྭ་བཞུགས་པའི་བརྟན་པ་མཆོད་རྟེན་ཞེས་པ་བཅས་ཡིན་ཞུ་ཡང་གཙོ་བོ་ནི། ལྷ་ཁང་དབུས་མའི་ནང་བཞུགས་སུ་གསོལ་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་འདི་[page 12] ཉིད་ཡིན། དེའང་སྐུ་བརྙན་འདི་ཐོག་མར་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་རྣམ་པ་བཅུ་སྐུ་རྒྱུར་བྱས། བཟོ་ཡི་རྒྱལ་པོ་བི་ཤཱ་ཀརྨས་དེ་རྣམས་བཞུ་བཏུལ་གྱིས་ལུགས་སུ་བླུག རྒྱལ་བ་ཉིད་ཀྱིས་རབ་གནས་མཛད། ལྷ་དང་ཨོ་རྒྱན་ཡུལ་སོགས་ལ་གདན་དྲངས། དེ་ནས་ཡུལ་དབུས་མགྷ་དྷར་བཞུགས་པའི་ཚེ། རྒྱ་ནག་གི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་མཚོ་ཐོག་ལས་གདན་དྲངས་ཏེ་རྒྱ་ནག་གི་མཆོད་པའི་ཞིང་དུ་ཡུན་རིང་བཞུགས་པ་ལས་མཐར་གོང་མ་རང་གི་སྲས་མོ་འུན་ཤིང་ཀོང་ཇོ་སྲོང་བཙན་གྱི་བཙུན་མོར་ཕེབས་སྐབས་རྟེན་སྐལ་དུ་གནང་སྟབས་བོད་དུ་གདན་དྲངས་པས་ད་བར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། སྐུའི་གཡས་གཡོན་ན་ལི་ལས་གྲུབ་པའི་བྱམས་འཇམ་དབྱངས། སྐུ་རྒྱབ་ཏུ་མི་འགྲོ་གསུང་བྱོན་ཏེ་མར་མེ་མཛད། དེའི་སྐུ་རྒྱབ་ན་ཟངས་མཁར་ལོ་ཙཱ་བས་བཞེངས་གནང་བའི་ཐུབ་པ་གངས་ཆེན་མཚོ་རྒྱལ། གཡས་གཡོན་དུ་སེམས་དཔའ་སེམས་མ་བཅུ་གཉིས། ཁྲོ་བོ་ཀང་ཀིང་བཅས་བཞུགས་པ་ལ་ལྷ་ཁང་དབུས་མ་ཞེས་ཟེར།

ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ནི་གཙུག་ལག་ཁང་བཞེངས་པའི་འགལ་རྐྱེན་སེལ་ཆེད་དུ་འདི་ལྟར་བཞེངས་དགོས་པའི་རྟགས་བྱུང་བར་བརྟེན་སྤྲུལ་པའི་དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཀྱིས་བཞེས་པའི་བྱང་ཆུབ་ཤིང་གི་ཡལ་ག རྒྱ་མཚོའི་གླིང་གི་འཇག་མ། ཆུ་བོ་ནེེ་རཉྫའི་བྱེ་མ། ཙནྡ་སྦྲུལ་གྱི་སྙིང་། གོར་ཤི་ཀའི་དུམ་བུ། གནས་ཆེན་བརྒྱད་ཀྱི་ས་ལ་སོགས་པ་ངོ་མཚར་བའི་རྫས་རྣམས་བརྡར། བ་དམར་དང་ར་དཀར་གྱི་འོ་མས་སྦྲུས་པའི་ཕུང་པོ་རྒྱལ་པོའི་དབུ་སྔས་སུ་བཞག་ཅིང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་གསོལ་བ་བཏབ་པས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ནམ་མཁའི་ཁྱོན་གང་བ་ལྟ་བུ་འཇིམ་པའི་ཕུང་པོ་ལ་ཐིམ་པ་གཟིགས། ནངས་པར་སྔར་གྱི་རྒྱུ་རྣམས་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་གྲུབ་ནས་ཡོད། རྒྱལ་པོས་བལ་པོའི་བཟོ་བོ་ལ་རྟེན་འདིཡ་མཚན་ཞིང་ཤིན་ཏུ་མགྱོགས་པ་ཞིག་བྱུང་འདུག་ནའང་སངས་[page 13] རྒྱས་རབས་བདུན་གྱི་རིང་བསྲེལ་འདི་དག་གཟུངས་སུ་འབུལ་རྒྱུ་མ་བྱུང་གསུངས་པར་བཟོ་བོས་སྐུ་འདི་བདག་གིས་བཞེངས་པ་མ་ཡིན་པར་རང་བཞིན་དུ་བྱོན་འདུག་ཅེས་ཞུས་མ་ཐག་ཞབས་གཡོན་མའི་ཤམ་ཐབས་ཡར་བརྫེས་པས་དེ་ལས་འོད་ཟེར་བྱུང་སྟེ་རྟེན་རྣམས་འོད་ཟེར་ལ་དྲངས་ཏེ་ཐུགས་ཀར་ཐིམ་པ་བཅས་ཀྱི་སྐུ་བརྙན་འཁོར་དང་བཅས་པ་བཞུགས་པའི་ལྷ་ཁང་འདི་གཉིས་གཙོ་བོ་དང་། གཞན་ཡང་གྲུབ་ཆེན་ཐང་སྟོང་གི་ཕྱག་བཟོ་སྐུ་ཉིད་ཀྱི་སྐུ་བརྙན་དང་། ཕ་དམ་པ་སངས་རྒྱས། གྲུབ་ཐོབ་བིར་སྦ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བྱམས་པ་ཁྲུས་མཛད་མ། རྒྱལ་རབས་གསལ་བའི་མེ་ལོང་རྩོམ་པ་པོ་དཀོར་གཉེར་དཔོན་ལེགས་པའི་ཤེས་རབ་ཀྱི་གདུང་རྟེན། བཤན་པ་རྨེ་རུ་རྩེའི་སྡིག་བཤགས་ལ་བཞེངས་པའི་འབུམ། མངའ་རིས་པ་བརྩོན་འགྲུས་སྙིང་པོའི་གདུང་རྟེན། རྒྱལ་བ་ཙོང་ཁ་པའི་དུས་ཀྱི་རྡོ་ཀོང་བཀྲ་ཤིས་འོད་འབར། གཏེར་སྟོན་པ་པདྨ་གླིང་པས་བཞེངས་པའི་མཁན་ཆེན་ཞི་བ་འཚོ། ནེ་ཆུང་རི་པས་བཞེངས་པའི་རྒྱལ་བ་སྨན་པའི་རྒྱལ་པོ། དེ་ནས་རྗེ་ང་འདྲ་མའམ་རྗེ་ཙོང་ཁ་པའི་ཕྱག་ནས་མ། དེའི་འཁོར་དུ་མར་པ་ལོ་ཙཱ་བ། བུ་སྟོན་ཆོས་རྗེ། རྒྱལ་སྲས་ཐོགས་མེད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཀརྨ་པ་རང་བྱུང་རྡོ་རྗེ་བཅས་དང་། ཕྱག་རྡོར་གྱི་སྐུ་བརྙན་ཆོས་རྒྱལ་གྱི་ཕྱག་ནས་མ། གཙང་ཁང་ནང་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར། དེ་ནས་འོད་ཟེར་འཕྲོས་པའི་ལྷ་ཁྲོ་བོ་རྨེ་བ་བརྩེགས་པ། དེ་ནས་ཇོ་བོའི་སྐུ་མདུན་གྱི་པང་གཅལ་སྟེང་བསམ་ཡས་གཙུག་ལག་ཁང་གི་ས་ཕུད་ལ་ཕུལ་བའི་རྒྱལ་ཆེན་བཞི། ཤིང་ཕུད་ལ་ཕུལ་བའི་ཀ་བ་གཉིས། སྒོ་སྟེང་དུ་རྗེ་མི་ལས་ཐང་དཔལ་མོའི་དཔལ་ཐང་དུ་རྫུ་འཕྲུལ་བསྟན་པའི་གཡག་རྭ་བཅས་བཞུགས། དེ་ནས་རིམ་བཞིན་བར་འཁྱམ་དུ་སྒྲོལ་ཙ་དར་ལེན་མ། དེ་ནས་གཙང་ཁང་དུ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་རྒྱལ་བ་བྱམས་པ། དེ་ནས་མངའ་བདག་ཁྲི་རལ་གྱིས་བཞེས་པའི་ཚངས་པ་དང་བརྒྱ་བྱིན། དེ་ནས་དངུལ་གར་བླུགས་ཀྱི་བྱམས་པ་མཆེད་བཞིའི་ཡ་རྒྱལ། ལྷ་རྗེ་[page 14] དགེ་བ་འབུམ་གྱི་ཕྱག་ནས་མ་ར་མ་རྒྱ་མོ། གཙང་ཁང་གི་ཁྱམས་ན་ས་སྐྱའི་བླ་སྐུ་ཁག་དང་། ལྡེབས་རིས་སུ་འཇམ་དབྱངས་ཁོ་གཡོལ་མ། ཕོ་བྲང་དམར་པོ་དང་ལྕགས་པོ་རི་སོགས་ཀྱི་ལྡེབས་རིས། བླ་མ་དུང་དཀར་འབྲུག་གྲགས་ཀྱིས་བཞེངས་པའི་ཆོས་རྒྱལ་ལྷ་ཁང་། བར་ཐོག་ཏུ་བླ་མ་དུང་དཀར་འབྲུག་གྲགས་ཀྱིས་བཞེངས་པའི་ཆོས་རྒྱལ་ཡབ་ཡུམ་གསུམ། གཡུང་དྲུང་ལྷ་ཁང་དུ་རྒྱལ་པོ་སྐུ་ལྔ་འཁོར་བཅས་དང་ཚེ་རིང་མ་སོགས་ལྷ་ཁང་ཁག གསུམ་ཐོག་དཔལ་ལྷ་ལྕོག་ཏུ་ཆོས་རྒྱལ་ཉིད་ཀྱི་ཤངས་ཚལ་གྱིས་བྲིས་པའི་ལྷ་མོའི་སྐུ་ཐང་ནང་དུ་བྱས་ཏེ་ཚལ་པ་ཁྲི་དཔོན་གྱི་དུས་སུ་བཞེངས་པའི་དཔལ་ལྷ་མོ། མཚམས་བཞི་ཟུར་ལྕོག་རྩིས་པས་ཐོག་སོ་བཞི། ཁྱམས་རའི་སྟེང་དུ་རྒྱལ་བའི་གཟིམས་ཆུང་དང་དེ་འབྲེལ་བཀའ་ཤག་ཡིག་ཚང་སོགས་ཀྱི་ལས་ཁུངས་ཁག དཀྱིལ་འཁོར་མཐིལ་དུ་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་པའི་བྱམས་པ་ཆོས་འཁོར་མ། གཞན་ཡང་གཙུག་ལག་ཁང་འདིའི་ཀ་བ་སོ་སོའི་བཟོ་དབྱིབས་མི་འདྲ་ལ། ཀ་བ་ཤིང་ལོ་ཅན་དང་ཉེ་བའི་སར་ཆོས་དང་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཡོད་པས་མཐའ་བཞིའི་འདོད་རྒུ་མཐའ་དག་འབྱུང་ཞེས་དང་། ཀ་བ་སྦྲུལ་མགོ་ཅན་དང་ཉེ་བའི་སར་དྲག་སྔགས་མཐུའི་གཏེར་ཡོད་པས་མཐའ་དམག་དང་ལོག་འདྲེན་གྱི་གནོད་པ་ཞི། ཀ་བ་སེང་མགོ་ཅན་དང་ཉེ་བའི་སར་ཕྱུགས་ཀྱི་གཡང་ཡིག་ཡོད་པས་དཀར་བཅུད་ལྡན། རིན་པོ་ཆེ་རཏྣ་དྷེ་ཝ་སྦྲུལ་ལྤགས་ཀྱིས་བཏུམས་ནས་ཀླུ་ཁང་དུ་ཡོད་པས་ལོ་ཕྱུགས་ལེགས། རིན་པོ་ཆེ་སྟག་ཤདྷེ་ཝ་གཟིའི་སྒྲོལ་བུར་བཅུག་ནས་ཛམ་ལའི་འོག་ཏུ་ཡོད་པས་རྒྱན་གོས་འབྲུ་ནོར་འཕེལ། བེེ་ཌཱུརྻའི་ལྷུང་བཟེད་ཀླུ་ཁང་དུ་ཡོད་པས་ལོངས་སྤྱོད་འཕེལ། གཞན་ཡང་དཀྱིལ་འཁོར་ཆེན་མོའི་འོག་དང་། གནོད་སྦྱིན་ནཱ་ག་ཀུ་བེེ་རའི་བརླ་གཡས་སུ་རིན་པོ་ཆེ་དུ་མ་སྦས་ཏེ་མ་འོངས་པར་གཙུག་ལག་ཁང་གསོ་བའི་ཐེབས་སུ་ཕན་པའི་སྨོན་ལམ་མཛད།

མཆོད་མཇལ་ཞུས་ཚར་ཏེ་ཁྱམས་རའི་ནང་མར་ཡོང་དུས་རྡོ་སྦུད་པ་[page 15] གཟུགས་སྟེང་ནས་བསྔོ་བ་སྨོན་ལམ་འདེབས་དོན་ནི། དེ་ནས་ཇོ་བོ་དང་ཐད་ཀ་ཡིན་པ་དང་གཅིག གཡས་སུ་ཐུགས་སྨོན་ལྷ་ཁང་ཡོད་པ་དང་གཉིས། སྟེང་དུ་ཆོས་རྒྱལ་ཡབ་ཡུམ་གྱི་ལྷ་ཁང་ཡོད་པ་དང་གསུམ། འོག་ཏུ་རིན་པོ་ཆེའི་གཏེར་སྦས་ཡོད་པ་དང་བཞི་བཅས་ཀྱིས་སྨོན་ལམ་བཏབ་ཚད་འགྲུབ་ཅེས་ཟེར། ཁྱམས་རའི་ནང་རྡོ་ཆེན་ཨ་པོ་ལོང་ཁས་གཙོས་རང་བྱུང་གི་རྡོ་ལེབ་གཅལ་དུ་བསྒྲིགས་པའི་རྡོ་གཅལ་དང་ཨ་མོ་ལོང་ཁའི་འགྲམ་དུ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཞབས་རྗེས། ལྷོ་སྒོའི་འགྲམ་གྱི་རྡོ་གཅལ་ལ་གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན་དང་། དབུས་སྨྱོན་ཀུན་དགའ་བཟང་པོ་གཉིས་ཀྱིས་རྩེད་མོའི་ཚུལ་དུ་བསྒྲིགས་ཞེས་རྡོ་གཅལ་ལ་རྡོ་རིལ་མཛོག་མགོ་ཙམ་བཞི་སྦྱར་བ། གྲུབ་ཐོབ་གཉིས་རྒྱང་རྡོ་བཞུ་རེས་མཛད་པས་གཙང་སྨྱོན་གྱིས་འཕངས་པའི་རྡོ་སྒྲོལ་མ་ལྷ་ཁང་གི་ཉེ་འགྲམ་ཀ་བའི་ནང་འཛུལ་བ་དང་། དབུས་སྨྱོན་གྱིས་འཕངས་པའི་རྡོ་མར་ཁང་ཉེ་ཁྲིས་ཀྱི་ཀ་བའི་ནང་འཛུལ་བ་ལ་ལྕགས་གཤན་བརྒྱབས་པ་ད་ལྟའང་མཇལ་རྒྱུ་ཡོད།

དེ་ནས་བར་སྐོར་དུ་ཉག་དེ་རིན་ཆེན་གྲགས་ཀྱིས་བཞེངས་པའི་རྡོ་སྐུ་རང་བྱོན་གཙོ་བཞུགས་ཀྱིས་སྒྲོལ་མ་ལྷ་ཁང་དང་། ལྷ་ཁང་དེ་ནས་རྩིས་པས་བྱང་ངོས་ཀྱི་སྡེབས་རིས་སུ་ཕལ་པོ་ཆེའི་ཞིང་ཁམས། ཤར་ངོས་སུ་འབུམ་གྱི་གླེང་གཞི། ལྷོ་ངོས་སུ་ཆོ་འཕྲུལ་གྱི་བཀོད་པ་བཅས་ཡོད།

ད་ལྟ་གཙུག་ལག་ཁང་གི་ལྷ་ཁང་རྣམས་སྔོན་གྱི་དེ་རང་ཡིན་སྟབས་ལྡེབས་རིས་ཀྱང་ཕལ་ཆེ་བ་སྔོན་གྱི་ལྡེབས་རིས་དང་། ལྷ་ཁང་དབུས་མ་སྟེ་ཇོ་ཁང་དང་། སྲོང་བཙན་ལྷ་ཁང་ངམ་ཐུགས་སྨོན་ཁང་སོགས་སྔོན་གྱི་དེ་རང་བཞུགས་པ་ལ། གཞན་སྟེང་ཤོད་བར་གསུམ་གྱི་སྔོན་གྱི་རྟེན་སྐུའི་སྐུ་ཚབ་གསར་བཞེངས་གནང་བ་དང་ལྡེབས་རིས་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ར་མོ་ཆེ།

མཚན་གཞན་ལ་རྒྱ་བཏབ་ར་མོ་ཆེའམ། རྒྱ་སྟག་ར་མོ་ཆེ།[page 16] དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཞེས་སོགས་མཚན་གྱི་རྣམ་གྲངས་མང་། ར་ས་གཙུག་ལག་ཁང་ནས་རྗེ་འབུམ་སྒང་བརྒྱུད་བྱང་ངོས་སུ་སྤྱི་ལེ་གཅིག་ཙམ་སོང་ན་ར་མོ་ཆེ་གྲོང་དབུས་སུ་གཙུག་ལག་ཁང་འདི་མཇལ་རྒྱུ་ཡོད། ར་མོ་ཆེ་ཞེས་པ་ནི། རྒྱ་བཟས་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་དར་གྱི་ར་བ་བསྐོངས་པས་ར་མོ་ཆེ་ཞེས་དང་། ཡང་ས་དེར་སྦྲ་གུར་ཆེན་པོ་ཕུབས་པས་སྦྲ་མོ་ཆེ་ཞེས་པ་རིམ་བཞིན་ར་མོ་ཆེ་ཞེས་པར་སྒྲ་འགྱུར་ཚུལ། རྒྱ་སྟག་ར་མོ་ཆེ་ནི། རྒྱ་ཡི་སྟག་ནམ་མཁར་འཕྱོ་བ་ལྟ་བུ་ཡོད་པས་རྒྱ་སྟག་ཅེས་དང་། ཡང་རྒྱ་བཟའི་ཕྱག་རྗེས་ཀ་བར་གསལ་བས་རྒྱ་རྟགས་ཞེས་པ་རིམ་བཞིན་རྒྱ་སྟག་ཅེས་པར་སྒྲ་འགྱུར་ཚུལ། རྒྱ་བཏབ་ར་མོ་ཆེ་ནི་རྒྱ་བཟས་བཏབ་པའི་ལྷ་ཁང་ཡིན་པས་རྒྱ་བཏབ་ཅེས་སོགས་གསུངས་སྲོལ་མི་འདྲ་བ་སོ་སོར་ཡོད། དེའང་རྒྱའི་བཙུན་མོ་འུན་ཤིང་ཀོང་ཇོའི་རྟེན་སྐལ་དུ་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་(ཇོ་བོའི་ལོ་རྒྱུས་འབྱུང་བ་ར་ས་གཙུག་ལག་ཁང་གི་གནས་བཤད་དུ་གསལ)ཤིང་རྟར་དྲངས་ཏེ་གནས་དེར་ཕེབས་སྐབས་བྱེ་ཐང་དུ་བྱིངས་ནས་མ་འདྲོང་བའི་ཚེ། རྒྱ་བཟས་ཕྱོགས་བཞིར་ཀ་བ་བཞི་བཙུགས། དར་དཀར་གྱི་ཡོལ་བས་དྲེས་ཏེ་མཆོད་པ་ཕུལ། དེ་ནས་སྤོར་ཐང་གི་གབ་རྩེ་བཏིང་ནས་བརྩིགས་པས་ར་མོ་ཆེའི་ས་དེ་ཀླུའི་ཕོ་བྲང་དུ་ཡིན་པ་ཤེས། དེར་ཤཱཀྱ་མུ་ནེའི་སྐུ་བརྙན་བཞུགས་སུ་གསོལ་ན་ཀླུའི་གནོད་པ་ནོན་པར་མཁྱེན་ཏེ་རྒྱ་ཡི་བཟོ་བོ་མཁས་པ་རྣམས་ལ་གཙུག་ལག་ཁང་གི་རྨང་འདིང་བཅུག་པས། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་དུས་མཉམ་པར་གཙུག་ལག་ཁང་དེའང་གྲུབ་པར་མཛད། རྒྱ་ཡི་ཡབ་རྗེ་མཉེས་པར་ཡོང་ཆེད་ལྷ་ཁང་གི་སྒོའང་ཤར་རྒྱ་ནག་ཏུ་གཏད། སྐོར་ལམ་ཕྱི་ནང་གཉིས་ལས་ནང་མའི་གཙང་ཁང་སྦུག་མར་ཇོ་བོ་ཤཱཀྱ་མུ་ནེ་ཉེ་སྲས་བརྒྱད་དང་བཅས་པ་བཞུགས་སུ་གསོལ། དེ་ནས་ཆོས་རྒྱལ་སྲོང་བཙན་སྐུ་གཤེགས་རྗེས་ཀྱི་མང་སྲོང་མང་བཙན་གྱི་དུས་སུ་རྒྱ་དམག་ལྷག་ཉེར་ཤཱཀྱ་མུ་ནེའི་སྐུ་བརྙན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་དུ་གདན་དྲངས། མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ཡང་ཤཱཀྱ་མུ་ནེའི་སྐུ་[page 17] བརྙན་ཡིན་པར་རློམས་ཏེ་འོ་རྒྱལ་ཐང་བར་གདན་དྲངས། དེ་ནས་མི་ཐེག་པས་དེར་བསྐྱུར་ཚུལ་སོགས་ར་ས་གཙུག་ལག་ཁང་གི་གནས་བཤད་དུ་གསལ་བ་བཞིན་དང་། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་གྱིམ་ཤིང་ཀོང་ཇོས་ར་ས་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་ནས་བཞེས་ཏེ་ར་ས་གཙུག་ལག་ཁང་དུ་བཞུགས་སོ་གསོལ། ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ཡང་ཆོས་ལུང་ནས་གདན་དྲངས་ཏེ་རྒྱ་བཏབ་ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བས་སྐུ་བརྙན་དེ་གཉིས་ཀྱི་བཞུགས་གནས་བརྗེ་འགྲུལ་བྱུང་ཚུལ་དེ་ལྟར་ཡིན་ཞེས་གསུངས། འོན་ཀྱང་སྐུ་བརྙན་འདི་གཉིས་ཀྱི་སྐུ་རྒྱུ་གཅིག་ཡིན་ལ། སངས་རྒྱས་དངོས་ཀྱི་རབ་གནས་མཛད་པ་གཅིག་པ་ཡིན་པས་བྱིན་རླབས་ལ་དབྱེ་བ་མེད་ཅེས་གསུངས། དེ་རྗེས་ཚལ་བ་ཁྲི་དཔོན་དགའ་ལྡན་དཔལ་གྱིས་དགེ་འདུན་བཞི་གྲྭ་གཅིག་གཙུགས་གནང་བས་བཞི་སྡེ་ཞེས་སུ་གྲགས། དེ་རྗེས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་མཁས་གྲུབ་ཤེས་རབ་སེང་གེ་དང་། རྒྱུད་ཆེན་སྦྱིན་པ་དཔལ་གཉིས་ཀྱི་རྣམ་ཐར་མ་ཉམས་པ་བཟུང་ནས་འདུལ་ཁྲིམས་གཙང་ཞིང་རྒྱུད་ཀྱི་འཆད་ཉན་ལོ་བཅུ་གསུམ་བར་མཛད་དེ་རྒྱུད་སྨད་དུ་བཞུགས་པའི་སྐབས་སྡེ་དཔོན་ཞིག་སར་ཞབས་བརྟན་ཡག་པོ་མ་གནང་བ་ཞེས་པའི་རྐྱེན་བྱས་རྒྱུད་སྨད་ཀྱི་སྒྲིག་ལས་ཕུད་པས་ཆུམས་མདའ་བར་ཕེབས་ཏེ་དེར་བཞུགས་སྐབས་སུ། གྲྭ་རྒྱུན་སོ་གཉིས་དེར་ཕེབས་པ་དང་མཇལ་བས་ཁྱེད་རྣམས་གང་དུ་ཕེབས་སམ་ཞེས་གསུངས་པར། ང་ཚོ་རྒྱུད་སྟོད་དུ་སློབ་གཉེར་ལ་འགྲོ་བ་ཡིན་གསུངས་པས་ཐོག་མར་རྒྱུད་སྟོད་གཙང་དུ་ཡོད་པ་ལ། དབུས་སུའང་རྒྱུད་སྟོད་གྲྭ་ཚང་ཞིག་འདེབས་པའི་རྟེན་འབྲེལ་དང་། གྲྭ་རྒྱུན་སོ་གཉིས་ཡོད་པས་གསང་འདུས་ལྷ་སོ་གཉིས་ཀྱི་རྟེན་འབྲེལ་འགྲིགས་ཏེ་ཐོག་མར་བྱམས་པ་གླིང་ཞེས་པར་རྒྱུད་སྟོད་གྲྭ་ཚང་ཕྱག་བཏབ། དེ་རྗེས་༡༤༧༤ལོར་ལྷ་ས་སྐྱིད་ཆུ་ཤིན་ཏུ་རྒྱས་ཏེ་ལྷ་ས་ཆུས་འཇིགས་ལ་ཉེ་བའི་ཚེ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་ཕྱག་གཡོག་གཅིག་ལ་དྲུག་ཅུ་མ་དང་གཅིག་ལ་གཞིས་བདག་གི་གཏོར་མ་འཁྱེར་བཅུག་ནས་[page 18] ཤིན་ཏུ་རྒྱས་པའི་སྐྱིད་ཆུའི་སྟེང་བཏིང་ནས་དེ་སྟེང་བྱོན། ཕྱག་གཡོག་གཉིས་ལ་མིག་མ་གདང་ཞེས་གསུངས་པར། གཞིས་བདག་གི་གཏོར་མ་འཁྱེར་བའི་ཕྱག་གཡོག་གིས་མིག་བལྟ་སྐབས་སྐྱིད་ཆུ་རབ་ཏུ་རྒྱས་པའི་འཇིགས་སྐྲག་མཐོང་སྟེ་ཆུ་ལ་འཁུར། དེ་ནས་བཟུང་རྒྱུད་སྟོད་ཀྱི་དྲུག་ཅུ་མ་བསྐྱོན་སྐབས་གཞིས་བདག་གི་གཏོར་མ་མེད་པའི་སྲོལ་དེ་ནས་དར། འོན་ཀྱང་སྐྱིད་ཆུ་ཞི་བར་མཛད་སྟབས་དེའི་བདག་རྐྱེན་དུ་རྒྱ་བཏབ་ར་མོ་ཆེ་གནང་བས་དེ་ནས་བཟུང་རྒྱུད་སྟོད་པ་ར་མོ་ཆེ་རུ་ཆགས། དེ་ནས་རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ་གཙུག་ལག་ཁང་ཐོག་བརྩེགས་གསུམ། བར་ཐོག་ཏུ་སྨན་བླ་ཁང་རྟེན། གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། མགོན་ཐང་གསུམ། ནང་སྒོ་གཉིས་ཀྱི་བར་དུ་ཤིང་སེ་བའི་སྡོང་པོ་ལ་སྲོག་ཤིང་བྱས་ཏེ་བཞེངས་པའི་མགོན་པོ་སེ་སྡོང་མ་སྟེ་མགོན་པོ་གྲི་གུག སྒོ་འཕྱོར་དུ་འཇིམ་གྱི་རྒྱལ་ཆེན་རིགས་བཞི་བཟོ་བཀོད་ལེགས་པ། ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་བཅས་ཡོད། སྔོན་དགེ་འདུན་གྲངས་༧༠༠ཙམ་གྱིས་དཔལ་གསང་བ་འདུས་པ་གཙོ་བོར་གྱུར་བའི་བདེ་གསང་འཇིགས་གསུམ་ཕྱག་ལེན་གནང་བ་ཡིན།

ད་ལྟ་ཕྱི་དབྱིབས་སྔོན་གྱི་དེ་རང་ཉམས་གསོ་གནང་བའི་ནང་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ལ་༡༩༦༦ལོར་གཏོར་སྐྱོན་བྱུང་སྟེ་སྐུ་སྟོད་སྐུ་སྨད་གཉིས་སུ་བཟོས། སྐུའི་གཟུངས་སུ་ཕུལ་བའི་རིན་ཆེན་བཙོ་ཐལ་གྱིས་དེ་ཁུལ་གྱི་ས་གཞིའང་ནག་པོར་བཏང་། སྐུ་སྨད་ལྷ་སྐུ་ཆག་དུམ་དང་མཉམ་དུ་བོད་དུ་ལུས་ཀྱང་སྐུ་སྟོད་པེ་ཅིང་གི་བཟོ་གྲྭ་ཞིག་ལ་དབོར། དེ་རྗེས་ར་ས་གཙུག་ལག་ཁང་དང་ར་མོ་ཆེ་ཉམས་གསོ་ཞུ་འགོ་ཚུགས་རྗེས། ར་མོ་ཆེ་ཇོ་བོའི་སྐུ་སྨད་ལས་སྐུ་སྟོད་མ་རྙེད་སྟབས་སྐུ་སྟོད་གསར་བཞེངས་ཞུས་ཏེ་བཞུགས་སུ་གསོལ། དེ་རྗེས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཐུགས་ཁུར་གཟིགས་བསྐྱང་འོག་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་སྟོད་འཁྲུལ་བྲལ་པེ་ཅིང་ཉེ་འདབས་ཀྱི་བཟོ་གྲྭ་ཞིག་ནས་བཙལ་བརྙེད་བྱུང་སྟེ་ལྷ་སར་གདན་དྲངས་ཏེ་སྐུའི་སྟོད་སྨད་ལྷན་དུ་[page 19] འཛོམས་པ་བྱུང་སྟེ་ད་ལྟ་མཇལ་རྒྱུ་ཡོད་པ་འདི་ཉིད་ལགས། གཞན་ཡང་སྔོན་གྱི་སྐུ་བརྙན་སོ་སོའི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ཚེ་དཔག་ལྷ་ཁང་།

ཚེ་དཔག་ལྷ་ཁང་ནི། ར་མོ་ཆེ་གཙུག་ལག་ཁང་གི་ལྷོ་ངོས་སུ་མཇལ་རྒྱུ་ཡོད། ལྷ་ཁང་དེ་ནི་ར་མོ་ཆེ་གཙུག་ལག་ཁང་བཞེངས་གྲུབ་རྗེས་ས་ལྷག་གིས་ལྷ་ཁང་དེ་བཞེངས་གནང་བ་ཞེས་དང་། རྗེས་སུ་བཞི་སྡེ་དགོན་གྱིས་བདག་སྐྱོང་གནང་བ་ཡིན། ལྷ་ཁང་དེའི་ནང་རྟེན་གཙོ་བོ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཐོག་སོ་གཅིག་ལྷག་ཡོད་པ་དེའི་གཟུངས་སུ་ཨ་རུ་རྣམ་པར་རྒྱལ་བ་ཞེས་པ་བཞུགས་སུ་གསོལ་བས་དུས་རྒྱུན་ཞལ་མདངས་འགྱུར་བ་དང་། དེར་སྐོར་བ་བསག་ན་ནད་རིགས་ཀུན་ལས་ཞི་ཞེས་པའི་གསུང་སྲོལ་ཡོད། གཞན་ཡང་སྐུའི་དེའི་གཟུངས་སུ་ཆོས་རྒྱལ་ནོར་བཟང་གི་ཁྲབ་ཀྱང་ཡོད་གསུངས། ཡང་ལྷ་ཁང་དེའི་ནུབ་ཏུ་རྒྱའི་ལྷ་ཞེས་པའི་མདུན་དུ་ཁྲའུ་ཆའན་抽签ཞེས་སྨྱུག་མ་དཀྲུག་སྟེ་མོ་འདེབས་ས་ཡོད།

ད་ལྟ་སྔོན་གྱི་ལྷ་ཁང་ཉམས་གསོ་དང་། རྒྱ་བསྐྱེད་གནང་བའི་ནང་སྔོན་གྱི་ཚེ་དཔག་མེད་ཀྱི་སྐུ་བརྙན་གྱིས་གཙོས་སྐུ་བརྙན་མང་པོ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

རྗེ་འབུམ་སྒང་ལྷ་ཁང་།

རྗེ་འབུམ་སྒང་ལྷ་ཁང་ནི། ར་ས་གཙུག་ལག་ཁང་ནས་ར་མོ་ཆེར་འགྲོ་སའི་ལམ་གྱི་ཤར་ངོས་རྒྱུད་སྨད་གྲྭ་ཚང་གི་ནུབ་ངོས་སུ་ལྷ་ཁང་འདི་མཇལ་རྒྱུ་ཡོད། ལྷ་ཁང་འདི་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པ་སྟེ་རྒྱལ་བ་ལྔ་པའི་དུས་ཕྱག་བཏབ་གནང་མཛད། སྔོན་རྣམ་རྒྱལ་གྲྭ་ཚང་གིས་འཛིན་སྐྱོང་གནང་བ་ཡིན། སྔོན་ལྷ་ཁང་འདིའི་རྟེན་གཙོ་ནི་རྗེ་ཙོང་[page 20] ཁ་པའི་སྐུ་བརྙན་དང་དེའི་མཐའ་འཁོར་དུ་སྐུ་རྒྱུ་རྫ་ལས་གྲུབ་བའི་རྗེ་ཚེ་འཛིན་མའི་སྐུ་བརྙན་མཁྱིད་གང་ཙམ་འབུམ་ཐེར་གཅིག་ཡོད་པས་རྗེ་འབུམ་སྒང་ལྷ་ཁང་ཞེས་པའི་མཚན་དེ་ལྟར་བྱུང་། གཞན་ཡང་ལྷ་ཁང་འདིའི་དབྱིབས་ནི་བློས་བླངས་དཀྱིལ་འཁོར་གྱི་དབྱིབས་ཅན་ཕྱོགས་བཞིར་སྒོ་བཞི་དང་བཅས་པར་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་ལྷ་ཁང་ལ་ཉམས་གསོ་གནང་བའི་ནང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་སོགས་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

རྒྱུད་སྨད་པ།

མཚན་རྒྱས་པར་དཔལ་གསང་ཆེན་རྒྱུད་སྨད་གྲྭ་ཚང་ངམ། རྒྱུད་སྨད་ལྕང་ལོ་ཅན་ཞེས་ཞུ། ར་ཆེ་གཙུག་ལག་ཁང་ངམ། རྒྱུད་སྟོད་གྲྭ་ཚང་ནས་སྤྱི་ལེ་གཅིག་ཙམ་ཤར་ངོས་སུ་ཕེབས་ན་རྨེ་རུ་དགོན་གྱི་ནུབ་ངོས་སུ་གྲྭ་ཚང་དེ་མཇལ་རྒྱུ་ཡོད། གྲྭ་ཚང་དེ་ནི་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་ཡ་གྱལ་ཡིན། གྲྭ་ཚང་དེ་ཕྱག་འདེབས་པ་པོ་ནི། རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་ཤེས་རབ་སེང་གེས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་འགོར་ཕྱག་བཏབ་གནང་མཛད། དེའང་རྗེ་ཙོང་ཁ་པས། སེ་ར་ཆོས་སྡིངས་སུ《འགྲེལ་པ་བཞི་སྦྲགས》ཀྱི་ཕྱག་དཔེ་ཕྱག་ཏུ་བཞེས་ཏེ་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་དམ་ཞེས་གསུངས་པར། དེར་ཚོགས་ཀུན་གྱིས་ཅང་ཞུ་མི་ནུས་པར་བཞུགས་པའི་ཚེ། རྗེ་ཤེས་རབ་སེང་གེ་ཡར་བཞེངས་ཏེ་སྐུ་ཕྱག་ལན་གསུམ་ཕུལ་ཏེ། དེ་ལྟ་བུ་བདག་གིས་བགྱིའོ། ཞེས་ཞུས་པས་རྗེ་ཙོང་ཁ་པ་ཐུགས་ཤིན་ཏུ་དགྱེས་ཏེ་གསང་བ་འདུས་པའི་སྐུ་བརྙན་བྱིན་ཅན་དང་《འགྲེལ་པ་བཞི་སྦྲགས》ནང་མཆོད་ཀ་པཱ་ལ་གང་བ་སོགས་གནང་སྟེ་གསང་ཆེན་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་རྗེ་ཉིད་ཐོག་མར་གཙང་ཕྱོགས་སེང་གེ་རྩེ་ཧྲིལ་རྒྱུད་ཅེས་པར་[page 21] ཕེབས་ཏེ་འདུལ་ནག་པ་དཔལ་ལྡན་བཟང་པོར་རྒྱུད་ཀྱི་འཆད་ཉན་བགྱིས་དགོས་པའི་ཞལ་ཏ་མཛད། དེ་ནས་སྲད་རིན་ཆེན་རྩེ་པས་སྦྱིན་བདག་མཛད་ནས། སྲད་དགའ་ལྡན་ཕོ་བྲང་དུ་མཁས་པ་མང་པོ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་འཆད་ཉན་མཛད་པས་སྟོད་རྒྱུད་པར་གྲགས་པའམ་སྲད་རྒྱུད་པར་གྲགས་པའི་སྔགས་གྲྭ་ཕུན་སུམ་ཚོགས་པ་ཕྱག་བཏབ། དེ་ནས་སྤྱི་ལོ་༡༤༣༣ལོར་མཁས་གྲུབ་རྗེས་དབུས་སུ་རྒྱུད་ཅིག་འཛུགས་དགོས་པའི་ཞལ་ཏ་མཛད་པ་བཞིན་རྗེ་ཤེས་རབ་སེང་གེས་དབུས་གཙང་བརྒྱུད་ནས་རང་ཉིད་ཀྱི་བུ་སློབ་མང་དུ་བསྡུས་ནས་ལོ་དེར་ལྷ་སར་རྒྱུད་ཀྱི་འཆད་ཉན་བཙུགས། རྗེ་ཉིད་ཀྱིས་གྲྭ་ཚང་འདི་ཉིད་ལོ་བཅུ་གསུམ་གྱི་བར་དུ་བསྐྱངས་གནང་མཛད། དེ་ནས་སློབ་དཔོན་སྦྱིན་པ་དཔལ་ལ་གཏད་གནང་བ་བཅས་ཡིན། སྔོན་གྲྭ་ཚང་དེར་ཁང་ཚན་ལྔ་ཡོད་པ་ནི་ཨ་མདོ་ཁང་ཚན་དང་། ཚ་བ་ཁང་ཚན། རྒྱལ་རོང་ཁང་ཚན། སེར་ཀོང་ཁང་ཚན། སྤྲེའུ་ཁང་ཚན་བཅས་ལྔ་ཡིན། ཐོག་མར་ས་དེ་རྡོ་རིང་པཎྜི་ཏའི་བཞུགས་གནས་ལྕང་ལོ་ཅན་ཞེས་པ་ཡིན་སྟབས་རྒྱུད་སྨད་ལྕང་ལོ་ཅན་ཞུ་དོན་ཡང་དེ་ལྟར་ཡིན། དེའང་འདུ་ཁང་ཀ་རིང་བཞི། ཀ་ཐུང་ཞེ་བརྒྱད་ནང་རྟེན་གཙོ་གོང་གསལ་རྗེ་ཙོང་ཁ་པས་གནང་བའི་གསང་འདུས་ཀྱི་གསེར་སྐུ་དང་། རྗེ་ཉིད་ཀྱི་ཤོག་ཀ་ལི། གཙང་ཁང་སྦུག་མར་དགེ་བཤེས་བསམ་གྲུབ་རིན་པོ་ཆེས་མཐུན་རྐྱེན་གནང་སྟེ་བཞེངས་གནང་བའི་རྗེ་ཙོང་ཁ་པའི་འཇིམ་གྱི་སྐུ་བརྙན་ཐོག་སོ་ཉིས་ཐོག་གཙོས་རྟེན་དང་བརྟེན་པར་བཅས་དང་། དགེ་འདུན་ཞལ་གྲངས་༥༥༦གིས་གཙོ་བོ་གསང་བདེ་འཇིགས་གསུམ་ཕྱག་བཞེད་དང་། གསང་འདུས་རྩ་རྒྱུད་བློ་འཛིན་གྱིས་རྒྱུགས་སྤྲོད་གནང་དགོས་པ། གཞན་ཡང་ཕྱི་གསང་སྔགས་ཀྱི་གྲྭ་ཚང་ལ་ནང་འདུལ་བའི་གྲྭ་ཚང་ཞེས་“བཟང་མཐར་ལྷུང་མི་ཆོག”ཅེས་གཡག་སྡེ་གྲྭ་ཚང་ཡང་ཞུ་ཞིང་གཙང་གཡག་སྡེའི་ཐེར་མ་སྤུས་ཞན་གྱིས་བཟོས་པའི་སྟོད་འགག་ཐོག་མར་དམར་རྐྱང་ནས་རྗེས་སུ་འགག་དམར་སེར་ཅན་བཞེས་སྲོལ་དེ་དར། ལོ་ལྟར་ཆོས་ཐོག་ཅེས་རྒྱུད་[page 22] ཀྱི་འཆད་ཉན་གྱི་ཆེད་དུ་ཕེབས་སྲོལ་ཡོད་པ་སྟེ། དབྱར་ཁའི་ཆོས་ཐོག་བོད་ཟླ་༡ཚེས་༡༨ནས་ཟླ་༩ཚེས་༥བར་འཕན་པོ་ཞོགས་དང་། འབྲོམ་ཐོད། ལ་མོ་འཚེར་གསེབ། བདེ་ཆེན་གསང་སྔགས་མཁར། ཚལ་དབུས་གླིང་། སེ་ར་ཆོས་སྡིངས། འབྲས་སྤུངས་ཧ་གདོང་རྒྱུད་ཁང་། ཕྱིར་མིག་ལུང་བཅས་པར་ཕེབས་དགོས། དགུན་ཁའི་ཆོས་ཐོག་ནི་བོད་ཟླ་༩ཚེས་༨−༡༢བར་གྲྭ་ཚང་དུ་འཇིགས་བྱེད་ཆོས་ཐོག་ཅེས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད་ཡིན། ཚེས་༡༢ནས་ཉིན་བདུན་རིང་རྩེའི་ཚོམས་ཆེན་ཤར་དུ་རྩེའི་ཆོས་ཐོག ཚེས་༡༣ནས་ཉིན་བདུན་རིང་བདེ་ཆེན་གསང་སྔགས་མཁར་དུ་ཆོས་ཐོག བོད་ཟླ་༡༠ཚེས་༣ནས་སྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་འཆད་ཉན། ཟླ་༡༢ཚེས་༥ནས་རྡུལ་ཚོན་དང་འབྲེལ་བའི་བདེ་མཆོག་ལུ་ཡི་པའི་སྒྲུབ་མཆོད་ཉིན་བདུན། དེ་ནས་འབྲས་སྤུངས་བསམ་བློར་ཉིན་བདུན་རིང་ཆོས་ཐོག ཟླ་༡༢ཚེས་༢༧ཉིན་སྨོན་ལམ་ཆེན་མོའི་བཞུགས་ལྡིང་བསྐྱོན་པ་དང་། སྨོན་ལམ་རིང་གྲྭ་ཚང་དུ་འཚོགས་ཤིང་སྐུ་འགྱེད་དང་ཇ་མར་སོགས་ཞུས་ཆོག་པ་བཅས་སོགས་ཡིན། གདན་ས་གསུམ་གྱི་དགེ་བཤེས་རྣམས་མཚན་རྟགས་བཞེས་གྲུབ་རྗེས་རྒྱུད་གྲྭ་རྣམ་གཉིས་གང་རུང་དུ་ཆོས་བཞུགས་གནང་སྟེ་རྒྱུད་ཀྱི་འཆད་ཉན་གནང་དགོས། དེ་ནས་རྒྱུད་པའི་དགེ་སྐུལ་དང་། བླ་མ་དབུ་མཛད་སོགས་མཛད་རྗེས་དགའ་ལྡན་བྱང་ཤར་གང་རུང་གི་ཆོས་རྗེ་མཛད་རྗེས་གཞི་ནས་དགའ་ལྡན་ཁྲི་པའི་འོས་སུ་ཕེབས་པ་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་ལ་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་ཞེངས་གནང་བ་མཇལ་རྒྱུ་ཡོད།

རྨེ་རུ་དགོན་གསར།

མཚན་རྒྱས་པར་རྨེ་རུ་ཕུན་ཚོགས་ནོར་བུའི་གླིང་ཞེས་ཞུ། རྒྱུད་སྨད་གྲྭ་ཚང་གི་ཤར་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི། ཐོག་མར་རྨེ་རུ་རྙིང་པར་ཡིན་ཞིང་། རྗེས་སུ་རྒྱལ་མཆོག་ལྔ་པའི་དུས་ད་[page 23] ལྟའི་དགོན་གནས་དེར་སྤོས་གནང་མཛད། རྨེ་རུ་ཞེས་པ་ནི་སྔོན་ཆོས་རྒྱལ་གྱི་དུས་ལྷ་སའི་ཤར་དུ་ཀ་རུ་དང་རྨེ་རུ། ལྷོ་རུ་དགའ་བ་དང་དགའ་བའི་འོད་སོགས་བཞེངས་ཞེས་པ་ནས་རྗེས་སུ་ར་ས་གཙུག་ལག་ཁང་གི་བསྲི་ཞུ་བཀུར་བསྟི་བྱེད་མཁན་ཞིག་ཏུ་གྱུར། ཡང་རྨེ་རུ་ཞེས་པ་ནི། ཧོར་བཤན་པ་རྨེ་རུ་རྩེའི་སྡིག་བཤགས་སུ་དགོན་དེ་བཏབ་ཅེས་གསུང་སྲོལ་མི་འདྲ། སྔོན་རྨེ་རུ་དགོན་གསར་གྱི་འདུ་ཁང་ཀ་རིང་བརྒྱད་དང་། ཀ་ཐུང་ཞེ་བརྒྱད་ཀྱི་གཙང་ཁང་སྦུག་མར་སྨན་འདམ་གྱི་རྣམ་སྣང་གཙོ་འཁོར་ལྔ་ཐོག་སོ་གཅིག་དང་ཕྱེད་ཙམ། སྐུ་རྒྱུ་དེ་མཚུངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག་ཞལ་ཤར་དུ་གཟིགས་པ། རྣམ་སྣང་གི་མདུན་དུ་གསེར་ཟངས་ཀྱི་རྗེ་ཙོང་ཁ་པ་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་ཐོག་སོ་གཅིག་ཙམ། དེའི་གཡོན་དུ་སྨན་འདམ་གྱི་མཁན་སློབ་ཆོས་གསུམ་མི་ཚད་མ། དེའི་གཡོན་དུ་སྐུ་རྒྱུ་དེ་མཚུངས་ཀྱི་ཕག་གྲུའི་སྐུ་བརྙན་མི་ཚད་མ་དང་རྗེ་བཙུན་སྒྲོལ་མ། དམག་ཟོར་མའི་སྐུ་བརྙན་གྱི་ཐུགས་ཀར་དར་དཀར་ལྷ་མོ་བཞུགས་པ་བཅས་དང་། འདུ་ཁང་དབུས་སུ་རྒྱལ་བ་ལྔ་པའི་བཞུགས་ཁྲི། སྡེ་དྲུག་རིན་པོ་ཆེའི་བཞུགས་ཁྲི། ནུབ་ཏུ་སྨན་འདམ་གྱི་གནས་བརྟན་བཅུ་དྲུག་མི་ཚད་མ། སྐུ་རྒྱུ་དེ་མཚུངས་ཀྱི་འཇིགས་བྱེད་ལྷ་བཅུ་གསུམ། དེའི་གཡོན་དུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཁྲི་རྒྱབ་ཡོལ་དང་བཅས་པ་ཐོག་ཚད་མ། དེའི་གཡོན་དུ་གསེར་ཟངས་ཀྱི་སྨན་བླའི་བློས་བླངས་དཀྱིལ་འཁོར། བཞུགས་ཁྲིའི་གཡོན་དུ་སྐུ་རྒྱུ་ལི་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐོག་ཚད་མ། དེའི་ཤར་དུ་དངུལ་གྱི་མཆོད་རྟེན་ཕྲ་རྒྱན་དང་བཅས་པ་ཐོག་སོ་མ་ཟིན་ཙམ་གསུམ། དེའི་མདུན་དུ་རྒྱལ་བ་རིམ་བྱོན་གྱི་སྐུ་འདྲ་མི་ཚད་མ། ཐོག་ཀར་སྨན་བླ་ལྷ་ཁང་ཀ་བརྒྱད་ནང་དབུས་སུ་རྗེ་ཙོང་ཁ་པའི་སྐུ་བརྙན་རྒྱ་དངུལ་ལས་གྲུབ་པ་ཐོག་སོ་ཅན་དང་། དེའི་གཡས་གཡོན་དུ་དཔོན་པོ་མི་དབང་གི་འཁྲུངས་རྟགས་ཡིན་ཞུ་སྐུ་རྒྱུ་གོང་མཚུངས་ཀྱི་སྨན་བླའི་སྐུ་བརྙན་མི་ཚད་ལྷག་གི་ཐུགས་ཀར་དཔོན་པོ་མི་དབང་གི་པུར་ཐལ་བཞུགས་པ་ཞེས་དང་། མཐའ་[page 24] འཁོར་དུ་བཀའ་གདམས་མཆོད་རྟེན་སུམ་བརྒྱ་ལྷག་དང་། དེ་བཞིན་ཆོས་རྒྱལ་རིམ་བྱོན་གྱི་སྐུ་བརྙན་གསེར་ཟངས་ཀྱི་ཐུགས་རྗེ་ཆེན་པོ། གཞན་ཡང་སྒོ་འཕྱོར་གྱི་ཤར་དུ་གནས་བཅུ་ལྷ་ཁང་། སྟེང་རབ་གསལ་དུ་ལམ་རིམ་ལྷ་ཁང་། ནུབ་ཏུ་སྟག་ཤར་གཟིམས་ཆུང་། འདུ་ཁང་གི་ནུབ་ཏུ་ཚངས་པའི་ལྷ་ཁང་ནང་དབུས་སུ་འཇིགས་བྱེད་ལྷ་བཅུ་གསུམ་དང་། མགོན་པོ། ཆོས་རྒྱལ། ལྷ་མོ། རྣམ་སྲས་བཅས་བཞུགས་སུ་གསོལ་ཡོད། སྔོན་དགེ་འདུན་ཞལ་གྲངས་སུམ་བརྒྱས་རི་བོ་དགེ་ལྡན་གྱི་མདོ་སྔགས་ཟུང་སྦྲེལ་གྱི་ཆོ་ག་ཕྱག་བཞེད་མཛད་དེ་ཐོག་མར་མཚན་ཉིད་དཔེ་ཆའང་གཟིགས་སྲོལ་ཡོད་པ་ལ་རྗེས་སུ་ལྷ་སའི་གྲོང་ནང་གྲོང་ཆོག་ཕེབས་བྲེལ་གྱིས་མཚན་ཉིད་སློབ་གཉེར་མེད་པར་གྱུར། ོ་ལྟར་བོད་ཟླ་༡༢ཚེས་༢༩འཇིགས་བྱེད་ཀྱི་སྒོ་ནས་གར་འཆམ་གཏོར་རྒྱག་སོགས་ཡོད་ལ། གཙུག་ལག་ཁང་གི་སྐུ་གཉེར་མང་ཆེ་བ་བཞི་སྡེ་དགོན་ནས་གནང་ཡང་། བར་ཁང་ཡན་འདབས་དཔལ་ལྷ་ལྕོག་དང་བཅས་རྨེ་རུ་དགོན་ནས་བསྲི་ཞུ་སྐུ་གཉེར་གནང་དགོས། ལོ་ལྟར་དཔལ་ལྷའི་རི་རབ་ནི། བོད་ཟླ་༡༠ཚེས༡༤ཉིན་བསྐང་གསོ་གཟབ་རྒྱས་གཏོང་དགོས་པ་དང་། ཚེས་༡༥ཉིན་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་ལྷ་མོ་སྦལ་གདོང་མ་ལྷ་སའི་བར་སྐོར་དུ་གདན་དྲངས་ཤིང་། བར་སྐོར་གྱི་ཕྱོགས་བཞི་སྟེ་དང་པོ་ཀླུ་སྒུག་དང་། དེ་ནས་ཁྲོམ་གཟིགས་སྒང་། དེ་ནས་གདུང་རྩེ་ཟུར། དེ་ནས་བཤད་སྒྲ་ཟམ་པ་བཅས་ལ་ལྷ་མོའི་སྒོ་ནས་གཏོར་རྒྱག་བསྐྱོན་སྲོལ་ཡོད། ལྷ་མོ་གདན་འདྲེན་མཁན་སྐུ་བརྟེན་ཞེས་གྲྭ་པ་ཞིག་གིས་ལྷ་མོའི་གཉེན་པ་སྐྱེལ་པའི་སྐུ་མཚམས་ལ་བཞུགས་རྗེས་ལྷ་མོ་གདན་འདྲེན་དགོས། གཞན་ཡང་དགོན་དེར་རྨེ་རུ་སྤུས་བཟང་ངམ་སྤོང་སངས་ཞེས་ལྷ་མོ་ཞིག་འཁྲབ་སྟོན་བྱེད་རྒྱུ་ཡོད། དེའང་ཐོག་མར་ཆུ་སྐད་རྒྱག་པ་དང་། དེ་ནས་ཞལ་ངོ་དགེ་སྐུལ་སོགས་དོན་ནས་མཇལ་ཁ་ཞུ་སྟངས་བྱེད། དེ་ནས་ལྷ་མོ་འགོ་ཚུགས། ལྷ་མོའི་འཁྲབ་གཞུང་ནི། རྒྱལ་སྲས་དད་པ་བརྟན་པ་དང་། གཅུང་དོན་ཡོད་དོན་གྲུབ་སོགས་འཁྲབ་སྟོན་བྱེད་པ་ཡིན། རྒྱལ་སྲས་དད་པ་བརྟན་[page 25] པར་འཁྲབ་སྟོན་ཉིན་གཉིས་དང་། གཅུང་དོན་ཡོད་དོན་གྲུབ་ལ་ཉིན་གསུམ་འགོར། འཁྲབ་གཞུང་གི་བར་གསེང་དུ་ལྷ་སའི་ནང་གི་རྒྱ་བོད་ཧོར་གསུམ་གྱི་མི་སྣ་དང་། སྡེ་པ་གཞུང་གི་སྐུ་དྲག་སོགས་འཁྲབ་སྟོན་བྱེད་ཅིང་། དེ་དག་གི་བྱེད་སྟངས་ཇི་བཞིན་འཁྲབ་པ་དང་། དཔོན་རིགས་ཚོས་བཟའ་སྒོ་བྱེད་སྟངས་སོགས་འཁྲབ་སྟོན་བྱེད་པ་ཡིན། དེ་ལྟར་ཚོགས་ཆེན་ཞལ་ངོར་ཟུར་ཟ་བྱེད་དྲག་པས་ཞལ་ངོས་ཞུ་གཏུགས་བྱས་པར་བརྟེན་རྗེས་སུ་ཞལ་ངོའི་ཟླ་གམ་རྒྱབ་ཀྱི་དྲོག་ལུ་དྲོག་གདན་ཞེས་པའི་སྟེང་གི་གསེར་གྱི་བབས་ལ་ཞེས་གསེར་ལྗང་བརྡུང་ཚག་དཀྲོལ་གྱི་སྟེང་གཡུའི་ཕྲ་རྒྱན་བཀོད་པ་ཞིག་རྒྱག་དགོས་པས་རྨེ་རུ་དགོན་ནས་ཕུལ་ཏེ་སྨོན་ལམ་ཆེན་མོ་གྲོལ་རྗེས་རང་སློག་ཏུ་གནང་བ་སོགས་ཀྱི་སྲོལ་དར། རྨེ་རུ་སྤུས་བཟང་ངམ་སྤོང་སངས་ཞེས་པ་ནི་སྤྱི་ལོ་༡༩༤༠ལོ་ཙམ་ལ་རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་གསེར་ཁྲིར་མངའ་གསོལ་སྐབས་འཁྲབ་སྟོན་ཐེངས་གཅིག་བྱས་པ་ཕུད་དེ་ནས་འཁྲབ་སྟོན་དེ་བྱེད་མྱོང་མེད།

ད་ལྟའི་རྨེ་རུ་དགོན་གསར་ནི། སྔོན་གྱི་ཚངས་པའི་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་ཁག་ཅིག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

བསྟན་རྒྱས་གླིང་།

བསྟན་རྒྱས་གླིང་ནི། སྨན་རྩིས་ཁང་གི་བྱང་དང་དེ་མོ་བླ་བྲང་གི་ལྷོ་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ལྷ་སའི་ནང་གི་གླིང་ཁག་བཞིའི་ཡ་གྱལ་ཡིན། སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་དེ་མོ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་ངག་དབང་བདེ་ལེགས་རྒྱ་མཚོས་རྒྱལ་བ་སྐུ་ཕྲེང་དྲུག་པའི་སྲིད་སྐྱོང་དང་ཡང་དེ་མོ་སྐུ་ཕྲེང་བདུན་པ་དཔལ་འབྱོར་དོན་གྲུབ་རྒྱ་མཚོས་རྒྱལ་བ་སྐུ་འཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་། རྗེས་སུ་སྲིད་སྐྱོང་གནང་། ཡང་དེ་མོ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་རབ་རྒྱས་ཀྱིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྲིད་སྐྱོང་མཛད་པ་བཅས་ཀྱིས་དགོན་དེ་ཆགས།[page 26] འོན་ཀྱང་དེ་མོ་བླ་བྲང་ལ་དབུ་ཉེས་བྱུང་བའི་རྐྱེན་བྱས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ལུགས་གཉིས་ཐུགས་འགན་བཞེས་རྗེས་དེ་མོ་བླ་བྲང་གཞུང་བཞེས་དང་། སླད་སྐུ་སྐྱེ་འཁྲུལ་མེད་བྱུང་ཚེ་ངོས་འཛིན་ཞུས་ཆོག་ཀྱང་འབྲས་སྤུངས་ཚོགས་ཆེན་སྤྲུལ་སྐུའི་གོ་གནས་མ་གཏོགས། ཧོ་ཐོག་ཐུ་དང་། མཛོད་པར་ཛ་སག་གི་གོ་མིང་ཞུས་མི་ཆོག་པའི་བཀའ་དཔྱད་གནང་བ་མ་ཟད་བསྟན་རྒྱས་གླིང་གྲྭ་ཚང་གི་འགན་འཛིན་བསམ་ཡས་རབ་བྱུང་གྲྭ་ཚང་ནས་གནང་དགོས་པའི་བཀའ་སྩལ་ལ་བསམ་ཡས་རབ་བྱུང་གྲྭ་ཚང་ནས་དགེ་འདུན་དྲུག་རེ་གཏོང་གནང་མཛད། ཙིའུ་དམར་པོ་སྐུ་ཕེབས་སྐབས་སྐུ་རྟེན་དང་བཅས་བསམ་ཡས་ནས་ཕེབས་དགོས། སྔོན་འདུ་ཁང་ཀ་བ་བརྒྱད་ཀྱི་ནང་རྟེན་གཙོ་སྐུ་དམར་གདུང་ལས་བཞེངས་པའི་གནོད་སྦྱིན་ཙིའུ་དམར་པོའི་སྐུ་བརྙན་དང་། རྟ་མགྲིན། ཕུར་པ། གུ་རུའི་སྐུ་བརྙན། པེ་ཧར་རྒྱལ་པོ་སོགས་ཡིན།

ད་ལྟ་སྔོན་གྱི་ཤུལ་དུ་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་དམར་གདུང་བཞུགས་པའི་ཙིའུ་དམར་པོའི་སྐུ་བརྙན་དང་གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

རྨེ་རུ་རྙིང་པ།

རྨེ་རུ་རྙིང་པ་ནི། ར་ས་གཙུག་ལག་ཁང་དང་འབྲེལ་བའི་ཤར་དུ་དགོན་དེ་མཇལ་རྒྱུ་ཡོད། རྨེ་རུ་ཞེས་པ་ནི། སྔོན་ཆོས་རྒྱལ་ཁྲི་རལ་དུས་ལྷ་སའི་ཤར་དུ་ཀ་རུ་དང་རྨེ་རུ། ལྷོ་རུ་དགའ་བ་དང་། དགའ་བའི་འོད་ཅེས་སོགས་བཞེངས་ཞེས་ཆོས་རྒྱལ་དུས་ནས་ཡོད་སྐད་དང་། ཡང་གསུང་སྲོལ་གཞན་ལ་ཧོར་བཤན་པ་རྨེ་རུ་རྩེའི་སྡིག་བཤགས་སུ་བཞེངས་ཞེས་གསུང་སྲོལ་མི་འདྲ། དགོན་དེ་ནི་ཐོག་མར་རྨེ་རུ་དགོན་གྱི་ཡིན་པ་ལ་རྗེས་སུ་གནས་ཆུང་ཆོས་སྐྱོང་གི་སྐུ་རྟེན་ཤཱཀྱ་ཡར་འཕེལ་དུས་གནས་ཆུང་གྲྭ་ཚང་གིས་སྤུས་གཟིགས་གནང་སྟེ་བདག་ཐོབ་གནང་བ་དང་། རྨེ་རུ་དགོན་ད་ལྟའི་གནས་ཡུལ་དུ་སྤོས་གནང་མཛད། སྔོན་འདུ་ཁང་ཀ་རིང་བཞི་དང་། ཀ་ཐུང་བཅུ་གཉིས་ཀྱི་[page 27] གཙང་ཁང་སྦུག་མར་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་ཁྲུ་གང་ལྷག་གི་ཐུགས་ཀར་གུ་རུའི་ཕྱག་བཟོ་སྐུ་ཚབ་སྡེ་ལྔ་བཞུགས་པ། དེའི་མཐའ་འཁོར་དུ་རྒྱལ་པོ་སྐུ་ལྔའི་སྣང་བརྙན། གཡས་གཡོན་དུ་བཀའ་འགྱུར་བསྟན་འགྱུར། དཀྱིལ་དུ་སྐུ་ཕེབས་བཞུགས་ཁྲི། འདུ་ཁང་གི་ལྡེབས་རིས་སུ་རྒྱལ་པོ་སྐུ་ལྔ་དང་། ཞི་ཁྲོའི་ལྔ་ཚོགས། ཕུར་པ། མ་གཟའ་དམ་གསུམ། དཔལ་མགོན་བྲམ་གཟུགས་སོགས་བཀོད་ཡོད། སྔོན་རྒྱུན་དུ་གྲྭ་ཚང་ནས་སྐུ་གཉེར་མི་བཞི་རེ་གཏོང་གནང་དགོས་པ་དང་། རྒྱུན་དུ་རག་སྒོར་གྲྭ་ཤག་ནང་འབྲུག་པ་དང་། ཨ་མདོ། ལྷོ་ཁག་བཅས་ཀྱི་ཚོང་པར་གནས་གླ་གཏོང་ཞིང་སྨོན་ལམ་ཆེན་མོ་དང་ཚོགས་ཆོས་སྐབས་གྲྭ་དམངས་བཞུགས་དགོས་སྟབས་གནས་གཡར་བྱས་མི་ཆོག

གཞན་ཡང་ར་སྐོར་ནུབ་ངོས་སུ་སྟེང་དུ་དཔལ་མགོན་བྲམ་གཟུགས་གོང་དཀར་ཆོས་སྡེའི་ཁོངས་དང་། ཤོད་ཀྱི་འཛམ་བྷ་ལྷ་ལྷ་ཁང་རྨེ་རུའི་ཁོངས་ཡིན་པ་ནི་རྨེ་རུ་གནས་ཆུང་གྲྭ་ཚང་གི་སྤུས་གཟིགས་གནང་རྗེས་ལེགས་སྐྱེས་སུ་གནང་བ་ཡིན་ཞེས་གསུངས།

ད་ལྟ་སྔོན་གྱི་འདུ་ཁང་ཐོག་སོ་གསུམ་ཐོག་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། འདུ་ཁང་ཡོངས་སུ་ལྡེབས་རིས་རྙིང་མ་མི་ཉམས་པ་མཇལ་

ཀརྨ་ཤག

བར་སྐོར་གྱི་ཤར་ངོས་འོང་སྟོད་ཞིང་ཁའི་ལྷོ་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། ཀརྨ་ཤག་ཅེས་པ་ནི། སྔོན་གནས་དེའི་ལྷོ་ངོས་སུ་བཀའ་ཤག་ལྷོ་ཞེས་སྡེ་པ་གཞུང་གི་བཀའ་ཤག་ཚོགས་སའི་ཁང་པ་སེར་པོ་གསུམ་ཐོག་ཅན་ཞིག་ཡོད་པ་དེའི་སྲུང་མ་ཁང་ལྟ་བུར་གྱུར་པས་ཀརྨ་ཤག་དང་། ཡང་གསུང་སྲོལ་གཞན་ཞིག་ནི་ཀརྨ་དགོན་གསར་ཇུན་གར་བས་གཏོར་རྗེས་དེའི་སྲུང་མ་བཞུགས་ཡུལ་དུ་སྲུང་མ་ཁང་དེ་བསྐྲུན་ཞེས་གསུངས། ཀརྨ་དགོན་[page 28] གསར་གྱི་རྒྱ་ཕིབས་སེ་ར་དགོན་པར་ཕུལ་རྗེས་སྲུང་མ་ཁང་དེའི་བདག་ཐོབ་ཀྱང་སེ་ར་དགོན་པར་སྦྱར་བ་ཡིན་སྟབས་སྔོན་སེ་ར་བླ་སྤྱིའི་ཁོངས་ཡིན ཀརྨ་ཤག་སྲུང་མ་ཁང་དུ་གཙོ་བོ་ལྷ་སའི་ས་བདག་གམ་ཡུལ་ལྷ་ཆོས་སྐྱོང་ཀརྨ་ཤག་གི་བཙན་ཁང་ཡིན། འདིའི་མཚན་ངོ་མར་ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་བློན་པོ་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་ཅེས་ཞུ། བྱ་ཁྲི་སྤྱན་གཅིག་ཅེས་པ་ནི། ལྷ་དེའི་སྣང་བརྙན་རྒྱུན་གཏན་གྱི་སྤྱན་གཉིས་བཙུམས་ཤིང་། དཔྲལ་བའི་ཡེ་ཤེས་ཀྱི་སྤྱན་འབུར་ཚུགས་སུ་གཟིགས་པ་དེས་ནམ་མཁར་བྱ་ཁྲི་གཅིག་འཕུར་ཀྱང་ཐམས་ཅད་སྤུ་མདོག་མ་ནོར་བར་ཁྲ་ལམ་མེར་གཟིགས་ཐུབ་ཅེས་ཟེར། དེའང་བྱ་ཁྲི་སྤྱན་གཅིག་སྐུ་ཤིན་ཏུ་འཚུབ་པས་གུ་རུ་རིན་པོ་ཆེས་སྤྱན་གཉིས་བཏོན་གནང་སྟེ་“ད་ཁྱོད་ཀྱིས་ཅི་མཐོང་ངམ”ཞེས་གསུངས་པར་“ངའི་མིག་གཅིག་གིས་ནམ་མཁར་བྱ་ཁྲི་གཅིག་འཕུར་བ་མཐོང་བྱུང་”ཞེས་ཞུས་པ་བཅས་ཀྱིས་སྲུང་མ་དེའི་མཚན་ལ་བྱ་ཁྲི་སྤྱན་གཅིག་ཅེས་གསོལ། ཆོས་སྐྱོང་འདི་སྐུ་ཕེབས་གནང་སྲོལ་ཡོད་ཅིང་། དེའང་སྐུ་ཁོག་གཅིག་ལ་བྱ་ཁྲི་སྤྱན་གཅིག་དང་། འཁོར་བཙན་རྒོད་ཆེན་མོ་སོགས་ཕེབས་པ་ཡིན། བྱ་ཁྲི་སྤྱན་གཅིག་གི་དབུ་ཞྭ་རྨོག་གི་སྟེང་དུ་དར་འཕྲུ་དང་། འཁོར་བཙན་རྒོད་ཆེན་མོའི་དབུ་ཞྭ་ནི་བཙན་ཞྭ་ཡིན། ད་དུང་སྐབས་རེ་ཐང་ཞུ་གྱོན་པའི་རྒྱལ་པོའང་སྐུ་ཕེབས་གནང་སྲོལ་ཡོད། ལྷ་དེ་ནི་རགས་རྒྱབ་པ་དང་སྐོར་བྱ་པ། ལྷ་སའི་ལྷ་མོ་བའི་སྐྱིད་སྡུག་སོགས་འགས་དུས་བཀག་ལྟར་ཟླ་རེར་སྐུ་གསོལ་ཐེངས་རེ་ཞུ་སྲོལ་ཡོད། རྒྱུན་གཏན་གྲོང་ཁྱེར་ནང་ནས་གསོལ་ཁ་བཀྱག་སྟེ་ལུང་བསྟན་སོགས་ཞུ་བ་ཡིན། བྱ་ཁྲི་སྤྱན་གཅིག་གི་བཀའ་ལུང་མི་གསལ་ཞིང་སྐུ་ཕེབས་ཡུན་ཡང་ཐུང་། འོན་ཀྱང་བཙན་རྒོད་ཆེན་པོ་ནི་སྐུ་ཕེབས་ཡུན་རིང་ལ་བཀའ་ལུང་ཡང་གསལ་པོ་ཡོད། ལོ་ལྟར་སྨོན་ལམ་ལ་རྒྱལ་བ་རིན་པོ་ཆེ་ཚོགས་ཕེབས་གནང་བ་ཡིན་ན་ཤ་ཁྲོམ་ཟུར་ནས་གུས་ཕྱག་འབུལ་ཞིང་ཕེབས་སྐྱེལ་གྱི་ཚུལ་བྱེད་དགོས། ལོ་ལྟར་བོད་ཟླ་༥ཚེས་༡༥སྟེ་འཛམ་གླིང་སྤྱི་བསངས་ཉིན་རང་གི་འཁོར་རགས་རྒྱབ་བཙན་ཁང་དང་མཉམ་[page 29] དུ་སྐུ་ཕེབས་གནང་སྟེ་མཇལ་ཁ་གཏོང་དགོས། བོད་ཟླ་དྲུག་པའི་ཟླ་མཇུག་གི་ཉིན་ཞིག་ཐོག་མར་ཀརྨ་ཤག་སྒོ་རྭའི་ནང་བོད་ཀྱི་བསྟན་སྲིད་དང་། ལོ་ཕྱུགས་ཚོང་སོགས་ལེགས་ཉེས་ཇི་ཡོང་གི་རྟགས་མཚན་དང་། བཀའ་ལུང་གནང་དགོས། བཀའ་ལུང་རྟགས་མཚན་མཚོན་བྱེད་ནི། དངོས་པོ་དང་གསང་བརྡ་སོགས་ལས་སྟོན་གནང་བ་ཡིན། དེ་ནས་རགས་རྒྱབ་པ་དང་སྐོར་བྱ་བས་འཆམ་རྒྱག་དགོས། འཆམ་ནི་རྔ་འཆམ་ལས་དུང་འཆམ་མེད། རྔ་སྦུབ་དཀྲོལ་མཁན་ནི་གྲོང་ཁྱེར་ནང་གི་སྤྲང་པོ་དང་། འཁྱམ་པོ། མཐེབ་དྲས་རྒྱག་མཁན་སོགས་ཡིན། དེ་ནས་སྐུ་རྟེན་རྟགས་ཧྲག་དང་བཅས་རྟགས་མཚན་གྱི་དངོས་པོ་བསྣམས་ཏེ་སེ་རར་ཕེབས་ཤིང་ཚོགས་ཆེན་རྡོ་གཅལ་སྟེང་གར་འཆམ་དང་བཅས་གཟིགས་འབུལ་ཞུ་དགོས་པ་ཡིན། ཡང་ནོར་གླིང་ཞོ་སྟོན་སྐབས་ལའང་གོང་ལྟར་གཟིགས་འབུལ་ཞུ་དགོས་པ་ཡིན། དེ་ལྟར་རྟགས་མཚན་གྱི་དངོས་པོ་ལག་ཏུ་བཟུང་ནས་སྐྱོད་སྐབས་ལྷ་ས་བས་དོ་སྣང་ཆེན་པོ་བྱེད་ལ། ཆོས་སྐྱོང་གི་བཀའ་ལུང་ཡང་ཀརྨ་ཤག་རྒྱལ་སྒོའི་ཕྱི་རུ་སྦྱར་བས་དེ་ཀློག་མཁན་དང་བཤུ་མཁན་མང་པོ་ཡོད། ལོ་ལྟར་བོད་ཟླ་༡༠ཚེས་༡༥ཏེ་དཔལ་ལྷའི་དུས་ཆེན་ཉིན། ཆོས་སྐྱོང་སྐུ་ཕེབས་གནང་ནས་དགའ་ལྡན་དར་ཆེན་སྒྲོལ་མཚམས་སུ་ཆོས་སྐྱོང་གིས་གར་སྟབས་དང་བཅས་དཔལ་ལྡན་ལྷ་མོའི་རྗེས་སུ་ཕྱག་མདུང་དལ་བུར་འཕངས་ཏེ་ཞལ་ཤར་དུ་གཏད་ནས་རང་གནས་སུ་ལོག་ཕེབས། དེ་ནི་བྱ་ཁྲི་སྤྱན་གཅིག་དང་། དཔལ་ལྡན་ལྷ་མོ་ཁྱོ་ཤུག་གི་ཚུལ་ཡིན་ཀྱང་། དཔལ་ལྡན་ལྷ་མོས་ཡུམ་གྱི་ཞབས་ཕྱི་ཡག་པོ་མ་ཞུས་སྟབས་ཁོང་གཉིས་ལོ་གཅིག་ལ་དུས་གཅིག་མ་གཏོགས་མི་འཕྲད་པའི་ཐུགས་སྨོན་གནང་བས་དེ་ཉིན་མཇལ་རྗེས་ཞལ་བྲལ་མི་ཕོད་པའི་ཐུགས་འཕྲེང་གནང་བ་མཚོན་པ་ཡིན་ཞེས་ཟེར།

ད་ལྟ་སྔོན་གྱི་བཙན་ཁང་དེར་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།[page 30]

ཡུལ་རིང་ལྷ་ཁང་།

ཡུལ་རིང་ལྷ་ཁང་ནི། གཟིམ་ཤག་ཤར་ལྷོའི་ཤར་དང་། བྱང་རྩེ་ཚང་གི་ལྷོ་ངོས་སུ་ཡོད། ལྷ་ཁང་འདི་བཙན་པོའི་དུས་ནས་ཡོད་སྐད་ལ་ཉམས་གསོ་ཞུ་ཐུབ་མེད་ཀྱང་དེའི་ནང་གི་རྡོ་བརྐོས་ཀྱི་ཤཱཀྱ་ཐུབ་པ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེ། ཁྲོ་བོ་མི་གཡོ་བ་རྒྱལ་ཆེན་ཡུལ་འཁོར་སྲུང་སོགས་ད་ལྟ་མཁར་རྔ་གདོང་ལྷ་ཁང་དུ་བཞུགས།

མཚམས་ཁུང་དགོན།

མཚམས་ཁུང་དགོན་ནི། བར་སྐོར་ལྷོ་ངོས་གླིང་སྐོར་ལམ་སྟེ། རོང་དགའ་བདེའི་ནུབ་ངོས་རབ་གསལ་བཙན་ཁང་གི་ཤར་ངོས་བཅས་སུ་བཙུན་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་ལྷ་ས་སྐྱིད་ཆུ་འགོག་ཆེད་དུ་ས་འོག་ཏུ་རྡོ་སྐས་སེའུ་ཁ་ཤས་བབས་དགོས་པའི་ས་ཁུང་ཞིག་ནང་ཆོས་རྒྱལ་སྲོང་བཙན་ཡུན་རིང་སྐུ་མཚམས་སུ་བཞུགས་པས་མཚམས་ཁུང་ཞེས་པའི་མཚན་ཡང་དེ་ལྟར་བྱུང་། དེའང་ཉིན་ཞིག་ཆོས་རྒྱལ་གྱིས་“དེ་རིང་འདོད་ཁམས་རྒྱལ་མོའི་རྟགས་མཚན་ཞིག་འོང་”གསུངས་པར། བློན་པོ་ཚོས་གཟིགས་པས་གཞན་གང་ཡང་མེད་པར་ཁམས་མོའི་རོ་ཞིག་མདོག་མི་ཉམས་པར་ཆུས་འཁྱེར་ནས་འོང་པས་དེར་ཆུ་རགས་ལ་འཁར་ནས་བསྡད། དེ་ནས་རིམ་བཞིན་ཆུ་ཡང་འཇགས། ཐུན་མོང་སྣང་ཚུལ་དུ་ཁམས་མོའི་རོ་ཞིག་མཐོང་བ་ལས་དོན་དུ་དཔལ་ལྡན་ལྷ་མོའི་རྣམ་སྤྲུལ་ཡིན་སྟབས་བམ་རོ་དེ་མཚམས་ཁུང་དུ་བཞུགས་ནས་ཕྱག་མཆོད་གནང་། རྗེས་སུ་ལྷ་མོའི་ཞལ་འབག་དམ་འབྱར་མ་ཞིག་ཡོད་པས་དེ་ཡིན་ཞེས་ཞུ། དེ་རྗེས་ཙོང་ཁ་པའི་དངོས་སློབ་གྲུབ་ཐོབ་ཀུ་ཅོ་རྟོགས་ལྡན་གནས་དེར་སྐུ་མཚམས་སུ་བཞུགས་པ་དང་། དེར་བཙུན་མ་བཅུ་ཙམ་འདུས་པར་བརྟེན་དེ་ནས་བཟུང་མཚམས་ཁུང་བཙུན་མའི་དགོན་དུ་གྱུར། སྔོན་འདུ་ཁང་ཀ་རིང་གཉིས་དང་ཀ་ཐུང་བཅུ་བཞིའི་སར་རྟེན་གཙོ་ལྷ་མོའི་ཞལ་འབག་དམ་འབྱར་མ་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་[page 31] སྤྱན་སྟོང་། ཆོས་རྒྱལ་གྱི་མཚམས་ཁུང་དུ་རྡོ་ནག་ལས་གྲུབ་པའི་ཆོས་རྒྱལ་ཉིད་ཀྱི་ཕྱག་བཟོ་ཆོས་རྒྱལ་ང་འདྲ་མ། གཞན་ཡང་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། སྔོན་བཙུན་མ་༡༢༧གྱིས་ལོ་ལྟར་ས་ག་ཟླ་བར་བསྙུང་གནས་དཀར་པོ་ཆ་བརྒྱད་ཀྱིས་གཙོ་བོར་གྱུར་པའི་རི་བོ་དགེ་ལྡན་ལུགས་ཀྱི་མདོ་སྔགས་ཀྱི་ཆོ་ག་ཁག་ཕྱག་བཞེད་མཛད་པ་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ཆོས་རྒྱལ་གྱི་མཚམས་ཁུང་ནང་ཆོས་རྒྱལ་གྱི་ཕྱག་བཟོ་ཆོས་ཆོས་རྒྱལ་ང་འདྲ་མའི་སྐུ་བརྙན་གསར་བཞེངས་གནང་བ། འདུ་ཁང་ནང་ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་།

ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བརྩེ་བ་གཅིག་ཏུ་འདུས་པའི་མཚོན་བྱེད་མགོན་པོ་སྤྱན་རས་གཟིགས་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་མཁྱེན་པ་གཅིག་ཏུ་འདུས་པའི་མཚོན་བྱེད་མགོན་པོ་འཇམ་དཔལ་དབྱངས། སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་གཅིག་ཏུ་འདུས་པའི་མཚོན་བྱེད་མགོན་པོ་ཕྱག་ན་རྡོ་རྗེ་བཅས་ཡིན་པས་“རིགས་གསུམ་མགོན་པོས་མ་འདུས་སངས་རྒྱས་མེད”ཅེས་གསུངས་པར་གྲགས། དེའང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་རྗེས“ཕྱོགས་བཞིའི་རིགས་གསུམ་མགོན་པོ”ཞེས་རིགས་གསུམ་མགོན་པོའི་སྐུ་བརྙན་བཞུགས་པའི་ལྷ་ཁང་བཞི་ཡོད་པ་ལ་ཤར་རིགས་གསུམ་མགོན་པོ་ནི། ཨི་སི་ལམ་ཕྱག་འཚལ་ཁང་དང་ཉེ་བར་ཡོད་པ་ལ་ད་ལྟ་ཉམས་གསོ་ཞུ་ཐུབ་མེད། ལྷོ་རིགས་གསུམ་མགོན་པོ་ནི། གཟིམས་ཤག་རམ་པའི་ཤར་ངོས་སུ་ཡོད་པ་ལ་ད་ལྟ་ཉམས་གསོ་ཞུས་ཤིང་སྔར་སྲོལ་ལྟར་དགའ་ལྡན་དགོན་གྱི་བདག་འཛིན་གནང་མུས། ནུབ་རིགས་གསུམ་མགོན་པོ་ནི། ཐོག་མར་གཡུ་ཐོག་ཟམ་པའི་ཉེ་འགྲམ་དུ་ཡོད་པ་[page 32] ལ་རྗེས་སུ་ཀླུ་སྒུག་རྒྱལ་སྒོའི་འགྲམ་དུ་སྤོས་གནང་བས། ད་ལྟ་གསར་བཞེངས་ཞུས་རྗེས་འབྲི་གུ་ཡང་རི་སྒར་གྱིས་བདག་འཛིན་གནང་མུས། བྱང་རིགས་གསུམ་མགོན་པོ་ནི། ཐོག་མར་ར་མོ་ཆེའི་བྱང་ངོས་གླིང་སྐོར་ལམ་དུ་ཡོད་པ་ལ་དེ་རྗེས་ར་མོ་ཆེ་རྡོ་ཟམ་འགྲམ་དུ་གནས་སྤོས་ཀྱིས་ཉམས་གསོ་ཞུས་རྗེས་ད་ལྟ་གར་རི་དགོན་གྱིས་བདག་འཛིན་གནང་བ་བཅས་ཡིན།

རབ་གསལ་བཙན་ཁང་།

རབ་གསལ་བཙན་ཁང་ནི། བར་སྐོར་གདུང་རྩེ་ཟུར་གྱི་ལྷོ་ངོས་ཀུན་བཟང་རྩེའི་ཤར་ངོས། མཚམས་ཁུང་དགོན་གྱི་ནུབ་ངོས་སུ་བཙན་ཁང་དེ་མཇལ་རྒྱུ་ཡོད། རབ་གསལ་ཞེས་པ་ནི། སྔོན་སྐྱིད་ཆུའི་ཆུ་རགས་ཀྱི་ཟེ་ལ་གནས་པའི་“རགས་ཟེ་”སྟེ་རྗེས་སུ་རབ་གསལ་ཞེས་པར་སྒྲ་འགྱུར་ཞེས་གསུང་། བཙན་ཁང་དེ་ནི་ཀླུ་བཙན་མཐུ་སྟོབས་དབང་ཕྱུག་གི་བཙན་ཁང་ཡིན་ཅིང་། ཀླུ་བཙན་མཐུ་སྟོབས་དབང་ཕྱུག་ནི་ཇོ་བོ་ཤཱཀྱ་མུ་ནེའི་བཀའ་སྲུང་ཡིན་ཅིང་། སྔོན་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་གར་དུ་བཞུགས་སྐབས་བཀའ་སྲུང་འདི་ཉིད་རྒྱ་གར་དུ་ཡོད་པ་དང་། དེ་རྗེས་ཤཱཀྱ་མུ་ནེ་རྒྱ་ནག་ཏུ་གདན་དྲངས་རྗེས་རྒྱ་ནག་ཏུ་དུ་བྱོན་པ། ཡང་ཤཱཀྱ་མུ་ནེ་བོད་དུ་གདན་དྲངས་རྗེས་བོད་དུ་ཕེབས་པ་བཅས་ཡིན་གསུངས། ཐོག་མར་རྙིང་ལུགས་ཡིན་པ་ལ་རྗེས་སུ་བཙན་ཁང་དེ་དང་། ཀརྨ་ཤག་ལ་སོགས་པ་རྒྱལ་མཆོག་ལྔ་པའི་དུས་སེར་སྨད་གྲྭ་ཚང་ལ་གནང་བ་ནས་བཟུང་སེར་སྨད་གྲྭ་ཚང་ནས་རྒྱུན་བཞུགས་དགེ་འདུན་བཞི་རེས་ཐབ་འགོག་གི་གསོལ་ཁ་གཞིར་བཟུང་གསོལ་ཁ་གནང་བ་དང་། ཀླུ་བཙན་སྐུ་གསོལ་ཀྱང་གནང་བ་ཡིན།

སྔོན་བཙན་ཁང་དེར་ཀླུ་བཙན་གྱི་སྐུ་བརྙན། དགྲ་སྤྱི་ལྷ་མོ། ཐབ་འོག་དགྲ་ལྷ་སོགས་ཀྱི་སྐུ་བརྙན་དང་། འོ་ཐང་མཚོ་ལས་བཞེས་པའི་ཀླུ་བཙན་གྱི་བླ་རྡོ་དང་། ཆོས་རྒྱལ་གྱི་ཞབས་རྗེས་དང་སྙན་ཅོག་གི་རྗེས་གསལ་བའི་རྡོ་བཅས་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་བཙན་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་[page 33] སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ཀླུ་བཙན་གྱི་བླ་རྡོ། ཆོས་རྒྱལ་གྱི་ཞབས་རྗེས་དང་སྙན་ཅོག་གི་རྗེས་གསལ་བའི་རྡོ་བཅས་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད། ཡང་དེ་དང་ཉེ་བར་རགས་རྒྱབ་དུར་ཁྲོད་ཅེས་པ་ཡོད་ཅེས་གསུངས།

སྤྲོ་བདེ་ཁང་གསར།

སྤྲོ་བདེ་ཁང་གསར་ལ་ཁ་རྒྱུན་དུ་པུ་ཏེ་ཁང་གསར་ཡང་ཟེར། ཡང་མཚན་བསྡུས་པར་“སྤྲོ་ཁང་”ཞེས་ཞུ། དྭགས་པོ་གྲུམ་པའི་ཤར་ངོས་དང་། དཔལ་གླིང་གི་བར་དུ་བཙན་ཁང་དེ་མཇལ་རྒྱུ་ཡོད། བཙན་ཁང་དེ་ནི། རྒྱལ་དབང་ལྔ་པས་རྒྱལ་ཆེན་ཤུགས་ལྡན་གྱི་བཞུགས་གནས་སུ་ཕུལ་གནང་མཛད་པ་ཡིན། ཐོག་མར་གནས་དེར་རྒྱལ་བ་ལྔ་པའི་སྤྲོ་ཁང་ཞིག་ཡོད་སྟབས་སྤྲོ་བདེ་ཁང་གསར་ཞེས་པ་དེ་ལྟར་བྱུང་། སྔོན་བཙན་ཁང་དེར་རྒྱལ་ཆེན་ཤུགས་ལྡན་དང་། བསེ་ཁྲབ་པའི་སྐུ་བརྙན་ཡོད་ལ། སྐུ་གསོལ་ཀྱང་གནང་བ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཐོག་མར་རི་བོ་ཆོས་གླིང་དུ་ཆོས་བཞུགས་གནང་སྟབས་སྡེ་སྲིད་ཀྱིས་བཙན་ཁང་དེའི་བདག་ཐོབ་རི་བོ་ཆོས་གླིང་ལ་གནང་བས་རི་བོ་ཆོས་གླིང་ནས་གྲྭ་པ་བཅུ་གཅིག་དང་སྐུ་རྟེན་བཅས་གཏོང་བ་གནང་ཏེ་བཙན་ཁང་དེར་བརྟན་བཞུགས་གནང་དགོས།

ད་ལྟ་སྔོན་གྱི་བཙན་ཁང་དེར་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྦུག་ཏུ་ལྷ་མགོན་ཆོས་གསུམ་དང་། མདོ་རུ་ཤུགས་ལྡན་གྱི་འཁྲུངས་རབས། གནས་བཅུ་སོགས་ཀྱི་ལྡེབས་རིས་རྙིང་མ་བཅས་མཇལ་རྒྱུ་ཡོད།

བཞི་སྡེ།

མཚན་རྒྱས་པར་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་ངམ། བཞི་སྡེ་ཟམ་བཞི་མ་ཞེས་ཀྱང་ཞུ། ཟམ་བཞི་མ་ཞེས་པ་ནི། སྔོན་དགོན་དེའི་མཐའ་འཁོར་དུ་ཟམ་པ་བཞི་ཡོད་ཅེས་གསུང་། ཚེ་སྨོན་གླིང་གི་ནུབ་ངོས་སུ་[page 34] དགོན་དེ་ཆགས་ཡོད། དགོན་དེ་ནི་ཐོག་མར་ར་ཆེ་གཙུག་ལག་ཁང་དུ་ཚལ་པ་ཁྲི་དཔོན་དགའ་ལྡན་དཔལ་གྱི་བསྙེན་བཀུར་བསྲི་ཞུ་གནང་མི་དགེ་འདུན་བཞི་སྡེ་ཞིག་བཙུགས་གནང་བ་པ་ལ། རྗེས་སུ་རྒྱུད་སྟོད་ལ་ར་ཆེ་གཙུག་ལག་ཁང་གནང་སྟབས། བཞི་སྡེའི་དགེ་འདུན་རྣམས་ཞོལ་ཁང་སེར་དང་། རྒོད་གསེབ་ཤར་ཏེ་འོད་ཟེར་ཞག སྤང་ལུང་སོགས་གནས་ངེས་མེད་དུ་ཕེབས་དགོས་བྱུང་མཐར་ཚལ་པ་ཁྲི་དཔོན་དགའ་བདེ་བཟང་པོས་ད་ལྟའི་དགོན་ས་དམིགས་སུ་གནང་སྟབས་དགོན་དེ་བཏབ། སྔོན་འདུ་ཁང་ཀ་རིང་བརྒྱད་དང་། ཀ་ཐུང་བཞི་བཅུའི་སར་སྐུ་རྒྱུ་ལི་དཀར་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་ར་བྱིས་པ་ལོ་བརྒྱད་ཙམ་གཙོ་འཁོར་གསུམ་དང་། གསེར་ཟངས་ཀྱི་ཁྲི་ཆེན་བརྟན་པ་རབ་རྒྱས། རྒྱ་དངུལ་གྱི་སྐུ་ཕྲེང་བཅུ་གསུམ་པའི་སྐུ་བརྙན། དེའི་ཤར་དུ་དངུལ་གྱི་སྒྲོལ་དཀར་མི་ཚད་མ། དེའི་ཤར་དུ་བལ་ཡུལ་ནས་གདན་ཞུས་གསོ་སྦྱོང་གི་སྟོན་པ་ཁྲི་རྒྱབ་ཡོལ་དང་བཅས་པ། གཙང་ཁང་སྦུག་མར་སྣེའུ་བྱམས་པ་ཞེས་གསེར་ཟངས་ཀྱི་བྱམས་པ་ཀ་རིང་དང་མཉམ་པ་དཀྱིལ་ཀྲུང་དུ་བཞུགས་པ། དབུས་སུ་འཇིམ་གྱི་བདེ་གསང་འཇིགས་གསུམ། གཙང་ཁང་ཤར་དུ་རྗེ་ཙོང་ཁ་པའི་སྐུ་བརྙན། བཀའ་བསྟན་གསར་རྙིང་། འདུ་ཁང་ནང་གནས་བརྟན་བྲག་རི་མ་བཀོད་ལེགས་བཅས་དང་། བར་ཐོག་ནུབ་ཏུ་མགོན་ཁང་དང་། ཤར་དུ་དཔོན་སློབ་ཀྱི་གཟིམས་ཤག་ཅེས་པ་བཅས་ལའང་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་དགེ་འདུན་ཞལ་གྲངས་སུམ་བརྒྱ་སྐོར་གྱིས་ཐོག་མར་ཕ་དམ་པ་སངས་རྒྱས་སོགས་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དུས་དགེ་ལྡན་དུ་འགྱུར་ཞེས་རྗེས་སུ་རི་བོ་དགེ་ལྡན་གྱི་སྔགས་ཆོག་ཕྱག་བཞེད་མཛད་པ་ཡིན། དགོན་འདི་ད་ལྟ་ཉམས་གསོ་གནང་ཐུབ་མེད།

ཚེ་སྨོན་གླིང་།

མཚན་རྒྱས་པར་བྱང་ཆུབ་གླིང་གི་གསང་སྔགས་ཚེ་[page 35] སྨོན་གླིང་ཞེས་ཞུ། བཞི་སྡེ་དགོན་གྱི་ཤར་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། ལྷ་སའི་གླིང་ཁག་བཞིའི་ཡ་རྒྱལ་ཡིན། ཚེ་སྨོན་གླིང་ཞེས་པ་ནི། སྔོན་གོང་མ་ཆན་ལུང་གི་སྐུ་ཚེ་ཚེ་སྒྲུབ་གནང་ས་ཡིན་སྟབས་མཚན་དེ་ལྟར་ཐོགས། ཚེ་སྨོན་གླིང་སྐུ་ཕྲེང་དང་པོས་རྒྱུད་སྟོད་ཀྱི་བླ་མ་དབུ་མཛད་གནང་བ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་དགོངས་པ་གཞན་དོན་དུ་ཕེབས་རྗེས་གང་ཉིད་གོང་མའི་དབུ་བླར་ཕེབས། དེ་ནས་ཡར་ཕེབས་རྗེས་གོང་མའི་ཡུམ་གྱི་དགོངས་རྫོགས་སུ་སེ་ར་གྲྭ་ཚང་སྨད་ཀྱི་ཇོ་བོ་བྱང་ཆུབ་ཆེན་མོ་བཞེངས། ཐོག་མར་འདུ་ཁང་ཤར་རམ་ཕོ་བྲང་དཀར་པོ་ཞེས་པར་གོང་མའི་སྐུ་ཚེ་ཚེ་སྒྲུབ་གནང་ས་ཡིན་ཞེས་ཚེ་དཔག་མེད་ཀྱི་སྐུ་བརྙན་དང་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་དང་གསུམ་པའི་གདུང་རྟེན། སྐུ་ཕྲེང་དང་པོའི་གདུང་རྟེན་སེ་ར་ཚེ་སྨོན་གླིང་དུ་བཞུགས། མགོན་ཁང་ནང་སྐུ་རྒྱུ་ལི་མའི་དམག་ཟོར་མ་དང་། ཙིའུ་དམར་པོའི་སྐུ་སོབ། འཇིམ་གྱི་ཐབ་འོག་བཅས་དང་། འདུ་ཁང་ཆེན་མོ་ཀ་རིང་བཞིའི་ནང་དབུས་སུ་ཚེ་སྨོན་གླིང་གི་བཞུགས་ཁྲི་དང་། གདོང་གྲམ་ཤར་གྱི་འགོར་ར་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེར་དཔེ་བཞེས་ནས་བཞེངས་པའི་གསེར་ཟངས་ཀྱི་ཇོ་བོ་ཤཱཀྱ་མུ་ནེ། དེའི་གཡོན་དུ་དངུལ་གྱི་སྐུ་ཕྲེང་གསུམ་པའི་འདྲ་སྐུ། དེའི་ཞོགས་སུ་གསེར་ཟངས་ཀྱི་སྨན་བླའི་བློས་བླངས་དཀྱིལ་འཁོར། ནུབ་ཀྱི་གདོང་བྲལ་གྱི་དབུར་གསེར་ཟངས་ཀྱི་རྗེ་ཙོང་ཁ་པ་ཁྲི་དྲུག་མགྱོགས་དང་བཅས་པ། དེའི་སྐུ་རྒྱབ་ཏུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཆོས་འཁོར་མ། དེའི་ཞོགས་སུ་གསེར་ཟངས་ཀྱི་སྐུ་ཕྲེང་གཉིས་པའི་སྐུ་བརྙན། ནུབ་ཀྱི་མཐའ་གྲལ་ནས་ཞལ་ཤར་དུ་གཟིགས་པ་དངུལ་གྱི་སྒྲོལ་ལྗང་མི་ཚད་མ། དེའི་གཡས་སུ་སྐུ་ཕྲེང་བཞི་པའི་གདུང་རྟེན། བཀའ་འགྱུར་ནུབ་ལྷ་ཁང་དུ་གསེར་བྲིས་ཀྱི་བཀའ་འགྱུར་དང་། གསེར་དངུལ་འདྲེས་མའི་ཡུམ་རྒྱས་འབྲིང་བསྡུས་གསུམ། འདུ་ཁང་ནང་བདེ་གསང་འཇིགས་གསུམ་གྱི་ལྡེབས་རིས། ཡང་ཐོག་བཞི་ཐོག་དང་བཅས་པ་ཡོད་ཅིང་དེ་དག་ལ་གཟིམས་ཆུང་ཁག་དང་། རྟ་མགྲིན་བསམ་འགྲུབ་ལྷ་ཁང་། ལྕོག་[page 36] བཅས་ལ་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། སྔོན་དགེ་འདུན་བདུན་བཅུ་དོན་ལྔས་རི་བོ་དགེ་ལྡན་གྱི་གསང་བདེ་འཇིགས་གསུམ་གྱིས་གཙོས་སྔགས་ཆོག་ཁག་ཕྱག་བཞེད་མཛད་པ་ཡིན། སེར་སྨད་གྲྭ་ཚང་གི་ཁོངས་ཡིན།

ད་ལྟ་ཐོག་སོ་ཉིས་ཐོག་ཉམས་གསོ་ཞུས་པའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་བཞུགས་པ་ད་ལྟའང་མཇལ་རྒྱུ་ཡོད།

བྲག་ལྷ་ཀླུ་སྒུག

མཚན་རྒྱས་པར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་ཞེས་ཞུ། ལྕགས་པོ་རིའི་ཤར་ངོས་སུ་ཕོ་བྲང་པོ་ཏ་ལར་ཞལ་ཕྱོགས་པ། ཕོ་བྲང་པོ་ཏ་ལ་ནས་སྤྱི་ཁྲི་ཉིས་བརྒྱ་ཙམ་གྱི་ས་ན་བྲག་ལྷ་ཀླུ་སྒུག་ལྷ་ཁང་དེ་མཇལ་རྒྱུ་ཡོད། ལྷ་ཁང་དེ་ནི་ཆོས་རྒྱལ་སྲོང་བཙན་གྱིས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་སྐབས་སམ། ར་ས་གཙུག་ལག་ཁང་བཞེངས་གྲུབ་རྗེས་སུ་ལྷ་ཁང་དེ་བསྐྲུན་པ་ཡིན། དེའང་ཐོག་མར་གནས་དེར་བྲག་ཕུག་ཅིག་ཡོད་པ་ལ་དེར་གཙོ་བོ་ཐུབ་པ་བྲག་ལྷ་མགོན་པོ་དང་། དེའི་གཡས་ན་ཤཱ་རིའི་བུ། གཡོན་ན་མོོང་གལ་གྱི་བུ། དེའི་གཡས་ན་རྒྱལ་བ་བྱམས་པ། གཡོན་ན་སྤྱན་རས་གཟིགས་བཅས་བྲག་ལ་གསལ་བར་རང་བྱོན་དུ་ཡོད་པ་ལ། ་དེ་ནས་ཆོས་རྒྱལ་གྱིས་མ་འོངས་སེམས་ཅན་བསོད་ནམས་གསོག་པའི་ཕྱིར་དུ་བལ་པོའི་ལྷ་བཟོས་འབུར་དུ་བརྐོས་ཏེ་བྲག་ལ་སྐོར་ཁང་བརྐོ་བར་མཛད་པ་ལ་ཚྭ་གོང་ཆེ་བའི་སྐབས་སུ་བྲག་བྲེ་གང་བརྐོས་པར་ཚྭ་བྲེ་རེ་གནང་བ་བཅས་ཀྱིས་སྐོར་ཁང་ཡང་འགྲུབ། བྲག་ལྷ་ཞེས་པ་ནི་དེ་ལྟར་དང་། ཀླུ་སྒུག་ཅེས་པ་ནི། མ་འོངས་པར་ར་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་འོག་ཕྱོགས་ཀླུ་ཡུལ་དུ་གདན་འདྲེན་པས་དེའི་སྐབས་སུ་སེམས་ཅན་གྱི་བསོད་ནམས་གསོག་ཕྱིར་ཐུབ་པ་བྲག་ལྷ་མགོན་པོ་འདི་ཉིད་མི་ཡུལ་དུ་བཞུགས་པ་ཡིན་ཞེས་ཟེར་། གཞན་[page 37] ཡང་སྲོང་བཙན་གྱི་སྒྲུབ་ཕུག་འོག་ཏུ་མོང་བཟའ་ཁྲི་ལྕམ་གྱིས་མཐུན་རྡོ་འབུལ་ས་ཞེས་སྙན་སེང་ཞུ་སའི་ཁུང་བུ་སོགས་ཡོད། ལྷ་ཁང་དེའི་ཉེ་འདབས་བྲག་ལྷའི་ནིའུ་ཐང་ཞེས་པར་སྟར་ཁའི་སྡོང་པོ་ཞིག་ཡོད་པ་དེའོ་འོག་ཏུ་བློན་པོ་དྲུག་གིས་རྒྱ་བཟའ་ཇི་ལྟར་གདན་དྲངས་ཀྱི་གྲོས་གནང་ས་ཡིན་ཞེས་དང་། གཞན་ཡང་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རུ་གུང་བཙན་འཁྲུངས་སའང་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་ཡིན་ཞེས་གསུངས། སྔོན་ལྷ་ཁང་དེར་གོང་གསལ་རང་བྱོན་འབུར་དུ་བརྐོས་པའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་ཤུལ་དུ་ཉམས་གསོ་རྒྱ་སྐྱེད་གནང་བའི་ནང་སྔོན་གྱི་བྲག་ལྷ་མགོན་པོ་བྱིན་ཅན་དེ་དང་། སྟོན་སྐུ་གསར་བཞེངས་གནང་བ་དང་། ལྡེབས་རིས་གསར་བཞེངས་བ་སོགས་མཇལ་རྒྱུ་ཡོད། བྲག་ཕུག་དེར་ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཡང་བཞུགས་ཞེས་གསུངས།

ལྕགས་པོ་རི།

མཚན་རྒྱས་པར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ངམ། ལྕགས་རི་བེེཌཱུརྻ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་། ལྟ་ན་སྡུག་པའི་སྨན་བླའི་ཞིང་ཁམས་གཉིས་པ་ཞེས་སོགས་ཞུ། པོ་ཏ་ལ་ནས་སྤྱི་ཁྲི་ཉིས་བརྒྱ་ཙམ་གྱི་ལྷོ་ངོས་སུ་སེང་གེ་གནམ་ལ་མཆོངས་པ་ལྟ་བུའི་ལྕགས་པོ་རིའི་སྟེང་དུ་ཆགས་ཡོད། ལྕགས་པོ་རི་ཞེས་པ་ནི། བལ་བཟའ་ཁྲི་བཙུན་གྱིས་ཕོ་བྲང་གི་ལྕགས་རི་དེར་བཏུགས་པས་ལྕགས་པོ་རི་དང་། ཡང་ཕོ་བྲང་པོ་ཏ་ལའི་ལྕགས་རིའི་ཚུལ་ལྟར་གྱི་རི་སྟེ་ལྕགས་པོ་རི་ཞེས་གསུང་སྲོལ་མི་འདྲ། ཐོག་མར་གནས་དེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྒྲུབ་ཕུག་གམ། བཞུགས་གནས་ཤིག་ཡོད་པ་ལ། དེ་རྗེས་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མཇུག་སྟེ་རྒྱལ་བ་སྐུ་ཕྲེང་ལྔ་པའི་དུས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པ་བསྐུན་གནང་མཛད། དེའང་རྒྱལ་བ་སྐུ་ཕྲེང་ལྔ་པ་ཞབས་སྐོར་དུ་ཕེབས་སྐབས་ལྕགས་པོ་རི་དེ་སྨན་བླའི་དཀྱིལ་འཁོར་དུ་གཟིགས་ཤིང་། བསྟན་མ་ཞལ་གཟིགས་པའི་རང་བྱོན་ཡང་ལྷོ་[page 38] ངོས་དམག་ཟོར་རྡོ་ཕུང་ལ་ཞལ་གཏད་ནས་ཡོད། གྲྭ་ཚང་དེ་ནི་འོག་ཏུ་རྩིག་པ་གྲུ་བཞིའི་ནང་འདུ་ཁང་ཀ་རིང་བཞི་དང་། ཀ་ཐུང་བཅོ་བརྒྱད་ཀྱི་གཙང་ཁང་སྦུག་མར་གྲུབ་ཐོབ་ལྷ་ཁང་ཀ་བ་གཉིས་དང་གཡུ་ཡི་སྒྲོལ་མ་གསུང་བྱོན་མ་མཐོ་གང་ལྷག་དང་། གཡུ་ཡི་དོན་ཡོད་ཞགས་པ་དང་བྱུ་རུའི་ཚེ་དཔག་མེད་པུ་ཤེལ་གྱི་རིན་ཆེན་མཁའ་འགྲོ་བཅས་སྐུ་ཚད་གོང་མཚུངས། གྲུབ་ཐོབ་བསྟན་འཛིན་ཉི་ཟླ་བཟང་པོའི་གསེར་ཟངས་ཀྱི་གདུང་རྟེན་མི་ཚད་ཙམ། འདུ་ཁང་ནང་གསེར་ཟངས་གྱི་སྨན་བླའི་སྐུ་བརྙན་མི་ཚད་ལྷག་ལོངས་སྐུའི་ཆ་བྱད་ཅན་ཞིག་ཡོད་པ་དེ་ཞོལ་བཀྲས་ཁང་སྤྱི་ཁྱབ་མཁན་པོས་སྦྱིན་བདག་གནང་ནས་བཞེངས་གནང་བ་དང་། དེའི་ཕྱག་ཏུ་ཨ་རུ་རྣམ་རྒྱལ་འཁྲུལ་མེད་གཅིག་ཕུལ་ཡོད་པ་དེ་ནི། བཀྲས་ཁང་སྤྱི་ཁྱབ་མཁན་པོར་པོ་ཏ་ལའི་གད་སྙིགས་ནང་ནས་རྙེད་གནང་བ་ཡིན་ཞེས་ཞུ་བ་དེ་དང་། གཡུ་ཐོག་དང་རྟ་མགྲིན་གྱི་དབུ་ཐོད་དུ་གསེར་ཟངས་ཀྱི་མཆོད་རྟེན་ཁྲུ་གང་ཙམ་ཞིག་ཡོད་པ་དེའི་ནང་ལའང་ཨ་རུ་རྣམ་རྒྱལ་བཞུགས་ཡོད་ཅེས་པ་དང་། གཡོན་དུ་གཡུ་ཐོག་གསར་མའི་འཇིམ་གྱི་སྐུ་བརྙན་སྐུ་ཚད་མི་ཚད་ལྷག་གི་ཐུགས་ཀར་དྷརྨ་སེང་གེའི་ཐུགས་ལྗགས་སྤྱན་གསུམ་བཞུགས་པ་རིང་སྲེལ་ཕེབས་པ་བྱོན་ལེགས། དེའི་གཡོན་དུ་ཡིད་དམ་རྟ་མགྲིན་ཡང་གསང་གི་སྐུ་བརྙན་མི་ཚད་ཙམ། གྲུབ་ཐོབ་ལྷ་ཁང་གི་སྒོའི་གཡས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དངུལ་གདུང་ཐོག་སོ་གཅིག་ལྷག དེའི་གཡས་སུ་གསེར་ཟངས་ཀྱི་ཐུབ་དབང་མི་ཚད་ལྷག གཡོན་དུ་གསེར་ཟངས་ཀྱི་བྱམས་པའི་སྐུ་བརྙན་ཐོག་སོ་མ་ཟིན་ཙམ། བྱམས་པའི་དབུའི་གཡས་གཡོན་དུ་འཇིམ་གྱི་སྨན་བླ་བདེ་གཤེགས་བརྒྱད་པ་མི་ཚད་ཙམ། འདུ་ཁང་གི་ལྷོ་ངོས་སུ་བཀའ་བསྟན་འགྱུར་པར་མ་དང་། རྒྱུད་བཞི་གསེར་ཆོས། སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་སྨན་སྲུང་ཞང་བློན་སོགས་དང་། ཡང་སྟེང་ལྷ་ཁང་ཐོག་རིལ་ཟླུམ་པོའི་ནང་སྨན་འདམ་གྱི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་བརྙན་མི་ཚད་མ་དང་། དམ་ཅན་རྡོ་རྗེ་ལེགས་པ། དེའི་ཡང་སྟེང་སྡེ་ཚོགས་ལྷ་ཁང་ཞེས་པར་ས་དགེ་[page 39] བཀའ་རྙིང་གི་བླ་སྐུ་དང་། ཁྱབ་འཇུག་སོགས་ཀྱི་སྐུ་བརྙན་བཞུགས། གཞན་ཡང་སྨན་བཟོ་བྱེད་ཀྱི་ཡོ་བྱད་དང་། སྨན་ཐང་སོགས་བཞུགས་སུ་གསོལ། སྔོན་དགེ་འདུན་ཞལ་གྲངས་དྲུག་ཅུ་རེ་བཞི་ནས་འཕར་ཆག་མི་ཆོག་ཅིང་། གྲྭ་ཆག་ཡོང་ཁུངས་ནི་དབུས་གཙང་སོགས་ཀྱི་གཞུང་དགོན་ཁག་ནས་བསྡུས་ཤིང་། ཐོག་མར་དགོན་དེར་སྒྲིག་བཞུགས་བྱས་རྗེས་སྨན་བླ་མདོ་ཆོག་ཡེ་ཤེས་དབང་རྒྱལ་དང་། འཇིགས་བྱེད་ལྷ་བཅུ་གསུམ། གཡུ་ཐོག་རྙིང་ཐིག ཞང་བློན་བསྟན་མ་བཅས་བློ་འཛིན་གྱིས་དུས་གཅིག་ཏུ་རྒྱུགས་སྤྲོད་ཞུ་དགོས་པ་དང་། དེ་ནས་སྤྱི་བསྐང་དང་། ཕྱོགས་སྲུང་བཅས་བློ་འཛིན་རྒྱུགས་འབུལ་ཞུས་རྗེས་གཞི་ནས་རྒྱུད་གསུམ་བློ་འཛིན་རྒྱུགས་འཕྲོད་རྗེས་གཏོང་སྒོའང་གཏོང་དགོས་པ་བཅས་ལོ་བརྒྱད་ཙམ་སློབ་གཉེར་བྱས་རྗེས་གཞི་ནས་ཁྱིམ་དུ་འཁོར་ཞག་ཏུ་འགྲོ་ཆོག་པ་ཡིན། དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ཨེམ་རྗེ་བརྒྱད་ལ་ཐུགས་སྤྲོ་གཏོང་བ་ཞེས་པར་ཚུད་ན་གཞི་ནས་ཨེམ་རྗེ་བྱེད་ཆོག་པ་ཡིན།

ལོ་ལྟར་སྨན་འཐོག་གྲྭ་པ་བཅུ་གཉིས་རེ་བོད་ཟླ་༦ཚེས་༣༠ནས་དོག་བདེ་ནས་གཡག་མགོ་ལ་བརྒྱབ་ལུང་ནག་ཚྭ་ཁང་དུ་ཞག་གསུམ་བཞི་ཙམ་བསྡད། དེ་ནས་བོད་ཟླ་བདུན་པའི་ཚེས་བརྒྱད་ཙམ་ལ་བྲག་ཡེར་པར་ཕེབས་ནས་སྨན་འཐོག་གནང་། དེ་ནས་ཡེར་པ་ཚེས་བཅུ་གྲོལ་རྗེས་སྨན་སྣ་གསུམ་བརྒྱ་ཙམ་གྱི་སྨན་ངོ་ཡིག་ཚད་གཏོང་དགོས། རྩྭ་སྨན་རྣམས་མ་རུལ་བ་དང་། ནུས་པ་མ་ཉམས་པའི་ཆེད་ཐོ་རེངས་སུ་བོང་བུར་བཀལ་ཏེ་ལྕགས་པོ་རིར་འབྱོར་བ་བྱེད་དགོས། གྲིབ་སྐམ་བཏང་རྗེས་སྨན་བརྡར་དགོས་པ་དང་། དེ་ནས་སྨན་སྣ་ལྔ་བཅུ་ང་གསུམ་ལ་བོད་དངུལ་སྲང་བཅོ་ལྔ་རེ་བྱས་ཏེ་དབུས་གཙང་གི་སྒེར་གྱི་སྨན་པ་ཚོར་འཚོང་གནང་བ་ཡིན།

ཐོག་མར་དམར་པོ་རི་དང་ལྕགས་པོ་རི་འབྲེལ་ཡོད་པ་ལ་དེ་རྗེས་ཆོས་རྒྱལ་ཁྲི་སྲོང་དུས་རི་བོ་གཏུབས་ཏེ་འགྲོ་ལམ་གཏོད་པ་དང་། རྒྱལ་བ་ལྔ་པའི་དུས་བྲག་སྒོ་ཀ་ལིང་ཞེས་པའི་མཆོད་རྟེན་བཞེངས་གནང་ནས་དེའི་འོག་ནས་འགྲུལ་[page 40] བཞུད་བྱེད་པ་དང་། གཡས་གཡོན་དུ་མཆོད་རྟེན་ཆུང་བ་གཉིས་ཀྱང་ཡོད།

ད་ལྟ་ལྕགས་རི་དགོན་ཤུལ་དུ་བརྙན་འཕྲིན་གནམ་སྐུད་བཙུགས་སྟབས་བཞེངས་ཐུབ་མེད་ཀྱང་བྲག་སྒོ་ཀ་ལིང་གི་མཆོད་རྟེན་གསུམ་པོ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཀུན་བདེ་གླིང་།

མཚན་རྒྱས་པར་བརྟན་བཞུགས་ཆོས་འཁོར་གླིང་ངམ། དབུལ་གཙང་ཀུན་བདེ་གླིང་ཞེས་ཞུ། བར་མ་རི་ཀོན་ཏིས་ལྷ་ཁང་གི་ལྷོ་འདབས་སུ་དགོན་དེ་ཆགས་ཡོད། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བརྒྱད་པས་བོད་ཀྱི་རྒྱལ་ཚབ་གནང་སྐབས་སུ་དགོན་དེ་བཏབ་གནང་མཛད། རྟ་ཚག་སྐུ་ཕྲེང་དང་པོ་ནི། རྗེ་ཙོང་ཁ་པའི་དངོས་སློབ་བྭ་སོ་ཆོས་ཀྱི་རྒྱལ་མཚན་དང་། སྐུ་ཕྲེང་གཉིས་པ་མགོན་པོ་སྐབས་ནི་བྭ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་པར་ངོས་འཛིན་ཞུས་པ་ནས་བཟུང་རྟ་ཚག་སྐུ་ཕྲེང་རིམ་པར་བྱོན་པ་ལ། སྐུ་ཕྲེང་བཞི་པ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་ལྷོ་རྫོང་མ་མཁར་ཞེས་པར་རྟ་གཅིག་ཚག་ས་སྟེ་རྟ་གཅིག་གསོ་སའི་ས་ཞུས་ནས་རི་ཁྲོད་ཅིག་བཏབ་པ་ནས་བཟུང་རྟ་ཚག་ཅེས་པའི་ཡུལ་མིང་བླ་མ་དང་རི་ཁྲིད་ལ་ཐོགས། དེ་རྗེས་སྐུ་ཐོག་དྲུག་པ་ངག་དབང་དཀོན་མཆོག་ཉི་མ་ལ་རྒྱལ་དབང་སྐུ་ཕྲེང་ལྔ་པས་དཔའ་དགོན་བསམ་འགྲུབ་གླིང་གི་དགོན་དང་སྡེ་འབངས་དང་བཅས་པ་གནང་། སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བསྟན་པའི་མགོན་པོ་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དགོངས་པ་རྫོགས་རྗེས་སུ་རྒྱལ་ཚབ་གནང་སྐབས་བླ་བྲང་དེ་ཕྱག་བཏབ་པ་ནས་བཟུང་བླ་བྲང་ཡས་མས་ཞེས་ཡས་ཀུན་བདེ་གླིང་དང་། མས་དཔའ་ཤོད་བླ་བྲང་དུ་གྲགས། སྔོན་གྲྭ་ཚང་འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་བཅུ་བཞིའི་གཙང་ཁང་སྦུག་མར་རྟ་ཚག་སྐུ་ཕྲེང་བརྒྱད་པ་དང་། དགུ་པའི་དངུལ་གདུང་ཐོག་སོ་གཅིག་ལྷག་དང་། སྐུ་ཕྲེང་བཅུ་པའི་དངུལ་གདུང་བུམ་པ་ཡན་གསེར་ལྗང་བརྡུང་ལས་གྲུབ་པ་སྐུ་ཚད་[page 41] གོང་གཉིས་ལས་མཐོ་བ། དེའི་འགྲམ་དུ་སྐུ་ཕྲེང་བཅུ་གཉིས་པ་རྒྱ་གར་རྡོ་གདན་དུ་བཞུར་འབུལ་ཞུས་པའི་པུར་ཐལ་བཞུགས་པའི་དངུལ་གདུང་སྐུ་ཚད་དེ་མཚུངས་ལ་སྒོ་ཁྱིམ་གསེར་ལྗང་རྡུང་། གདུང་རྟེན་གྱི་མདུན་དུ་སྐུ་རྒྱུ་དངུལ་ལས་གྲུབ་པའི་བསྟན་པའི་མགོན་པོ་དང་ཡོངས་འཛིན་བཅས་ཀྱི་སྐུ་བརྙན། སྐུ་རྒྱུ་ལི་མའི་སྒྲོལ་མ་ཉེར་གཅིག དེའི་ཞོགས་ཀྱི་གཙང་ཁང་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ། རྗེ་ཙོང་ཁ་པ། གདུགས་དཀར། ཚེ་ལྷ་རྣམ་གསུམ་བཅས་སོ་སོར་སྐུ་ཚད་ཐོག་སོ་གཅིག་ལྷག ཤིང་ལས་བསྐྲུན་པའི་སྨན་བླའི་བློས་བླངས་དཀྱིལ་འཁོར་རྐོ་སྤྲོས་ལེགས་པ་ལྕམ་ཁ་གང་བ། ཡངས་ཅན་དགོན་ནས་གདན་དྲངས་པའི་རྗེ་ཙོང་ཁ་པས་ལྗགས་ཀློག་གནང་མྱོང་བ་ཞེས་པའི་བསྟན་འགྱུར། ཀུན་གླིང་རང་བ་བཞེངས་པའི་བཀའ་འགྱུར་བྲིས་མ་དང་པར་མ། སྐུ་རྒྱུ་ཤིང་ལས་བསྐྲུན་པའི་གནས་བརྟན་བཅུ་དྲུག ཡངས་ཅན་དགོན་ནས་གདན་དྲངས་པའི་གསེར་ཟངས་ཀྱི་བྱམས་པ་ཆོས་འཁོར་མ་ཐོག་ཚད། དངུལ་ལས་གྲུབ་པའི་རྗེ་ཙོང་ཁ་པ་མི་ཚད་ཙམ། ཀློང་རྡོལ་གྲུབ་དབང་གི་ཐུགས་དམ་གྱི་རྟེན་ཞེས་འཇིམ་པ་ལས་གྲུབ་པའི་སྒྲོལ་མ་སེང་ལྡིང་ནགས་སྒྲོལ། དངུལ་ལས་གྲུབ་པའི་རྟ་ཚག་སྲིད་སྐྱོང་གི་འདྲ་སྐུ་མི་ཚད་ལྷག སྨན་འདམ་ལས་གྲུབ་པའི་རྒྱལ་བ་ལྔ་པའི་འདྲ་སྐུ་ཁྲུ་གང་ཙམ། གསེར་ཟངས་ལས་གྲུབ་པའི་རྟ་ཚག་སྐུ་ཕྲེང་བཅུ་གཉིས་པའི་འདྲ་སྐུ་མི་ཚད་ལྷག་སོགས་རྟེན་སྐུ་མང་པོ་དང་། འདུ་ཁང་གི་ལྡེབས་རིས་སུ་དུས་གསུམ་སངས་རྒྱས་དང་། ཇོ་རྔོག་འབྲོམ་གསུམ། རྗེ་ཙོང་ཁ་པ་ཡབ་སྲས། གནས་བརྟན་བཅུ་དྲུག་སོགས་གསལ་བ་དང་། འདུ་ཁང་ཤར་ངོས་མགོན་ཁང་ནང་སྨན་འདམ་གྱི་འཇིགས་བྱེད་ལྷ་བཅུ་གསུམ་དང་དེའི་གཡས་སུ་མགོན་པོ་ཕྱག་དྲུག་ཀྛེ་ཏྲ་པ་ལ། རྣམ་སྲས། དམ་ཅན་ཆོས་རྒྱལ། དམ་ཅན་རྡོར་ལེགས། རྡོ་རྗེ་གྲགས་ལྡན། གཡོན་ན་དཔལ་ལྡན་ལྷ་མོ་དམག་ཟོར་མ། མགོན་པོ་ཞལ། ལྕམ་སྲིང་། བརྟན་མ། ལྷག་ཏུ་དམ་ཅན་གྱི་བླ་རྡོ་ཞེས་རྡོའི་གཞོང་པ་གྲུ་བཞི་ཞིག་ཡོད་པ། གཞན་ཡང་ཡང་ཐོག་ལྔ་བརྩེགས་བར་[page 42] གྲྭ་ཚང་དང་། རྟ་ཚག་སྐུ་ཕྲེང་ན་རིམ་གྱི་གཟིམས་ཆུང་སོ་སོར་རྟེན་སྐུ་ཇི་སྙེད། བླ་བྲང་དང་གྲྭ་ཚང་གི་གཞུང་སྒོ་སོ་སོར་ཡིན་པ་ལ་ཉིས་ཐོག་ཕྱག་མཛོད་ཁང་ནས་འབྲེལ་ཡོད་པ་བཅས་ཡིན། སྔོན་ཀུན་བདེ་གླིང་གི་སྐུ་ཞབས་ཞེས་དགེ་འདུན་ཞལ་གྲངས་༡༡༢ཀྱིས་དགེ་ལྡན་ལུགས་ཀྱི་མདོ་སྔགས་ཀྱི་ཆོ་ག་ཁག་ཕྱག་བཞེད་མཛད་ཅིང་ཕལ་ཆེ་བ་རྣམ་རྒྱལ་གྲྭ་ཚང་དང་བཞེད་པ་མཚུངས་པ་ཡིན།

ད་ལྟ་སྔོན་གྱི་བླ་བྲང་གི་ཤུལ་དུ་མགྲོན་ཁང་ཡིན་ཀྱང་། སྔོན་གྱི་སྒྲོལ་མ་ལྷ་ཁང་ཉམས་གསོ་རྒྱ་བསྐྱེད་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། རྟ་ཚག་སྐུ་ཕྲེང་བཅུ་གཉིས་པའི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད།

བར་མ་རི།

མཚན་རྒྱས་པར་བར་མ་རི་གེ་སར་ལྷ་ཁང་ངམ། བོང་བ་རི་ཀོན་ཏིས་ལྷ་ཁང་ཞེས་ཞུ། ལྕགས་པོ་རིའི་ནུབ་བྱང་གི་རི་སྣེ་དང་ཉེ་བའམ། ཀུན་བདེ་གླིང་གི་རྒྱབ་ཏུ་ལྷ་ཁང་དེ་མཇལ་རྒྱུ་ཡོད། བར་མ་རི་ཞེས་པ་ནི། པོ་ཏ་ལ་དང་ལྕགས་པོ་རི་གཉིས་ཀྱི་བར་ན་ཆགས་པས་བར་མ་རི་ཞེས་འབོད་དོན་དེ་ལྟར་ཡིན་གསུང་། བོང་བ་རི་ཞེས་པ་ནི། བར་མ་རི་ཞེས་པའི་སྒྲ་འགྱུར་བ་ཡིན་ཞེས་ཟེར། མདོར་ན་དམར་པོ་རི་ནི་སྤྱན་རས་གཟིགས་དང་། ལྕགས་པོ་རི་ནི་ཕྱག་རྡོར། བར་མ་རི་ནི་འཇམ་དབྱངས་བཅས་རི་འདི་གསུམ་ལ་རིགས་གསུམ་མགོན་པོ་ཚང་ཡོད་པ་བཅས་གསུངས། ཐོག་མར་གནས་དེར་རིགས་གསུམ་མགོན་པོའི་ལྷ་ཁང་ཞིག་ཡོད་སྐད་ལ། སྤྱི་ལོའི་དུས་རབས་བཅོ་བརྒྱད་པ་ཙམ་ན་ཆིང་གོང་མའི་དམག་དཔོན་ཞིག་གིས་ཀོན་ཏིས་ལྷ་ཁང་ཞེས་པ་བསྐྲུན། བོད་མི་ཚོས་གེ་སར་ལྷ་ཁང་ཞེས་ཟེར། གཡུ་རྩིའི་རྒྱ་ཕིབས་ཀྱི་ལྷ་ཁང་སེར་པོ་དེའི་སྒོ་ལྷོ་ནུབ་མཚམས་སུ་གཏད་ཡོད། ཕྱི་སྒོ་གཡས་གཡོན་གྱི་བསྟར་ཁྲའི་ནང་གཡས་སུ་རྟ་རྐྱང་པོ་ཞིག་ཡོད་པ་གེ་སར་གྱི་ཆིབས་རྟ་དང་། གཡོན་དུ་རྟ་དཀར་པོ་ཞིག་ཡོད་པ་རྒྱ་ཚའི་ཆིབས་རྟ་ཡིན་ཟེར། ཆིབས་རྟ་དེ་གཉིས་སོ་སོའི་འཁྲིས་སུ་[page 43] ཁྲབ་རྨོག་གྱོན་པའི་དམག་དཔོན་རེ་ལངས་ཡོད། དེ་ནས་རྡོ་སྐས་སིའུ་བཅུ་གྲངས་ཙམ་འཛེགས་ན་གེ་སར་ལྷ་ཁང་ངམ་ཀོན་ཏིས་ལྷ་ཁང་དུ་སླེབས། མདུན་ངོས་ཁྲ་མ་བསྒྲིགས་པའི་ལྷ་ཁང་དེའི་ནང་དབུས་སུ་བཞུགས་སྒྲོམ་ནང་གེ་སར་རམ། ཀོན་ཏིས་ཀྱི་སྐུ་བརྙན་དང་དེའི་མདུན་དུ་དམག་དཔོན་བཞི་ལངས་ནས་ཡོད་པ་ལ། གཡས་ངོས་ཀྱི་རྒྱའུ་ནི་ཁྲོ་ཐུང་དང་། དེའི་གཡས་སུ་ཡོད་པ་དམར་པོ་ནི་བཤན་པ། གཡོན་ངོས་ཀྱི་དཀར་པོ་ནི་རྒྱ་ཚ་དང་། དེའི་གཡོན་དུ་ཡོད་པ་སྔོན་པོ་ནི། འདན་པ་ཡིན་ཞེས་ཟེར། དམག་དཔོན་བཞིས་མཐའ་བསྐོར་བའི་དཀྱིལ་དུ་ཁྲའུ་ཆན་ཞེས་སྨྱུག་མ་འཐེན་པ་ཞེས་པའི་མོ་འདེབས་པ་ཡིན། རྟག་ཏུ་མོ་འདེབས་མཁན་བར་མི་ཆད་པ་ཡོད་ལ། ལྷ་ཁང་དེར་བར་སྐོར་བརྒྱབ་ནས་སོང་ན་རྒྱབ་ཏུ་རིགས་གསུམ་ལྷ་ཁང་ནང་འཇམ་དབྱངས་གཙོ་གྱུར་གྱི་རིགས་གསུམ་མགོན་པོ་མཇལ་རྒྱུ་ཡོད་པ་ནི་ཐོག་མའི་ལྷ་ཁང་དེ་ཡིན།

ད་ལྟ་སྔོན་གྱི་ལྷ་ཁང་རྙིང་པར་ཉམས་གསོ་གནང་བའི་ནང་། དབུས་སུ་བོད་ལུགས་ཀྱི་གེ་སར་གྱི་སྐུ་བརྙན་དང་། གཡས་ངོས་སུ་གུ་རུའི་སྐུ་བརྙན། གཡོན་ངོས་སུ་གུ་རུ་དྲག་པོའི་སྐུ་བརྙན། རྒྱབ་ཀྱི་རིགས་གསུམ་ལྷ་ཁང་ནང་རིགས་གསུམ་མགོན་པོ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

ནོར་བུ་གླིང་ག

ཕོ་བྲང་པོ་ཏ་ལ་ནས་སྤྱི་ལེ་གསུམ་བཞི་ཙམ་ནུབ་ངོས་སུ་ཕེབས་ན་ཏཱ་ལའི་བླ་མའི་དབྱར་ཁའི་བཞུགས་གནས་ནོར་བུ་གླིང་གར་འབྱོར་གྱི་རེད། དེའང་ཐོག་མར་གནས་དེ་ལྗོན་ཤིང་གླང་ཚེར་སོགས་རང་བྱུང་ཤིང་སྣ་སྐྱེས་པའི་སྐྱེས་ཚལ་ལྟ་བུ་ཞིག་ཡིན་པ་ལ་ཐེངས་ཤིག་ནམ་མཁར་འབྲུག་གྲགས་པ་དང་། འཇའ་དབྱིབས་ནོར་བུ་འདྲ་བ་ཞིག་དགུང་དབྱིངས་སུ་ཤར་བས་ནོར་བུ་གླིང་ག་ཞེས་དང་། ཡང་གསུངས་སྲོལ་གཞན་ཞིག་ལ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ན་གླིང་ག་དེའི་ས་འོག་ཏུ་ནོར་བུ་རྩ་ཆེན་ཡོད་པ་ཁ་ཆེས་ཤེས་ནས་གླིང་ག་རེ་སྤུས་ཚོང་ཡོང་རེ་གཞུང་ས་མཆོག་ལ་ཞུས་པར། ཁ་[page 44] ཆེས་གླིང་ག་ཉོ་བའི་དོན་རྟོགས་ཏེ་དེ་མར་གནས་དེར་རྒྱལ་བ་སྐུ་ཕྲེང་བདུན་པའི་དབྱར་ཁའི་བཞུགས་གནས་ཤིག་བསྐྲུན། གླིང་གའི་མིང་ལའང་ནོར་དུ་གླིང་ག་གསོལ་བ་ཡིན་ཞེས་གསུངས། དེའང་ཐོག་མར་དབུ་གཡབ་ཕོ་བྲང་ཞེས་ལྷ་མོ་གཟིགས་སའི་ཕོ་བྲང་བསྐྲུན། དེ་རྗེས་སྐལ་བཟང་ཕོ་བྲང་ཞེས་རྒྱལ་བའི་མཚན་གྱི་ཟུར་ཆགས་པའི་ཕོ་བྲང་བསྐྲུན་གནང་མཛད། ཕོ་བྲང་དེར་ཐོག་སོ་ཉིས་ཐོག་ལ་ཚོམས་ཆེན་དང་། མཆོད་ཁང་། སྲུང་མ་ཁང་། གཟིམས་ཆུང་། ཕྱག་དཔེ་ཁང་སོགས་ལ་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་བའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་ཁའི་བཞུགས་གནས་དེར་གཞུང་སྲོལ་དྲུང་བྱ་དང་མཛད་སྒོ་ཁག་ཚོགས་ཡུལ་ཡིན་ལ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་གཙོ་བོ་གནས་དེར་ཡིན། དེ་རྗེས་དེ་མོ་རྒྱལ་ཚབ་ནས་ཐུགས་འགན་བཞེས་ཏེ་ཆབ་རྫིང་རྒྱ་བསྐྱེད་གནང་བ་དང་འབྲེལ་སྤྲོ་ཁང་ལྷུན་གྲུབ་དགའ་ཚལ་ཡང་བསྐྲུན་གནང་མཛད། ཆབ་རྫིང་ཕོ་བྲང་གི་ནུབ་ངོས་སུ་གྲུ་འཛིན་ཕོ་བྲང་ཡོད། དེའི་ནང་དབུས་སུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་། མཐའ་འཁོར་དུ་བོད་ཀྱི་ཆོས་ལུགས་གྲུབ་མཐའ་སོ་སོའི་ཆོ་ག་ཕྱག་ལེན་གྱི་ཕྱག་དཔེ་དང་། སྟེང་དུ་རྒྱལ་བའི་གཟིམས་ཆུང་ཡོད་པ་བཅས་སོགས་ནི་ལྕགས་རི་སེར་པོའི་ནང་དུ་ཡོད། དེ་ནས་སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་འགོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་ལྕགས་རི་སེར་པོའི་ནུབ་ངོས་སུ་སྤྱན་བསལ་ཕོ་བྲང་ཞེས་ཐོག་བརྩེག་གསུམ་ལྡན་རྟེན་དང་བརྟེན་པར་བཅས་པ་བསྐྲུན་གནང་མཛད། ཨར་ལས་དབུ་འཛིན་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ནས་གནང་སྟབས། ཐུབ་བསྟན་ཀུན་འཕེལ་མཆོག་ལ་དམངས་ཁྲོད་དུ་སྤྱན་བསལ་ཀུན་འཕེལ་ལགས་ཞེས་འབོད་སྟབས་ཕོ་བྲང་གི་མཚན་ལའང་། སྤྱན་བསལ་ཕོ་བྲང་། ཞེས་ཐོགས་པ་ནི་དམངས་ཁྲོད་ནས་བྱུང་བ་ལྟར་དུ་གྱུར། ཕོ་བྲང་དེ་ནི་བཟོ་བཀོད་དང་རྒྱན་སྤྲོས་གོང་ལས་ལྷག་པ་ཡོད། དེ་རྗེས་སྤྱི་ལོ་༡༩༥༤ལོར་བསྐྲུན་འགོ་ཚུགས་ཏེ་༡༩༥༦ལོར་ལེགས་འགྲུབ་ཟིན་པ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་[page 45] བཞུགས་གནས་རྟག་བརྟན་མི་འགྱུར་ཕོ་བྲང་ལྕགས་རི་སེར་པོའི་བྱང་ངོས་སུ་བསྐྲུན། ཕོ་བྲང་ཐོག་སོ་ཉིས་ཐོག་ཅན་འདིའི་ནང་ལའང་ཚོམས་ཆེན་དང་། གཟིམས་ཆུང་། རབ་གསལ་སོགས་ཁང་མིག་བཞི་བཅུ་ཙམ་དང་གཟིམས་ཆུང་དེ་དག་གི་ལྡེབས་རིས་སུ་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་དང་། རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ། པུར་རྒྱལ་བོད་ཀྱི་རྒྱལ་རབས་དང་། བོད་ལ་ནང་བསྟན་དར་ཚུལ་དང་། གྲུབ་མཐའ་ཁག་བྱུང་ཚུལ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སོགས་བོད་རིས་ཀྱི་ཐོག་ནས་བྲིས་ཡོད་ལ་ཚོམས་ཆེན་དབུས་སུ་༡༩༥༥ལོར་བསྐྲུན་པའི་གསེར་ཁྲི་དང་། དེའི་གཡས་ཀྱི་ལྡེབས་རིས་སུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་སྒོ་གནང་ཚུལ་སོགས་ལུགས་གསར་གྱི་རི་མོ་འབྲི་ཚུལ་ཐོག་ནས་བྲིས་ཡོད་པ། ལྷག་པར་དུ་ཕོ་བྲང་འདིའི་བཟོ་བཀོད་ནི་གོང་གསལ་རྣམས་ལས་ཀྱང་ལྷག་པ་ནི། ཕོ་བྲང་ནང་ཆབ་གནང་ས་དང་། ལུགས་གསར་གྱི་འཛིན་ཆས། ཁྲོ་ལྕགས་ཀྱི་གདུང་མ་སོགས་ནི་བོད་ཕྱི་ཟུང་དུ་སྦྲེལ་ནས་བསྐྲུན་ཀྱང་། ཕྱིའི་བཀོད་པ་བོད་ལུགས་ཁ་གཙང་ཡིན་པ། གཞན་ཡང་ལྕགས་རི་སེར་པོའི་ཕྱིར་ལས་ཁུངས་ཁག་དང་། སྐུ་འཁོར་ཞབས་ཕྱི་ཁང་། རྒྱལ་སྒོ་ལྷོ་མར་སྐུ་སྲུང་དམག་སྒར་སོགས་ཡོད། གཞན་ཡང་གླིང་ག་འདིའི་ནང་ལྷ་སའི་ཉེ་འཁོར་དུ་མེད་པའི་ཤིང་སྣ་ཚོགས་དང་། སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གྱི་རིགས། ཤྭ་བ། གླ་བ། སོགས་རི་དྭགས་སྣ་ཚོགས། རྨ་བྱ་ཁྲུང་ཁྲུང་སོགས་འདབ་བྱའི་རིགས་སོགས་ཀྱང་གསོ་ཚགས་གནང་ཡོད།

ད་ལྟ་སྔར་གྱི་ཕོ་བྲང་ཁག་ཉམས་གསོ་བདག་སྐྱོངས་གནང་ཡོད་པ་དང་། ཕེབས་ལམ་དུ་རྡོ་བཅལ་བཏིང་བ། གཅན་གཟན་རྭ་བ་རྒྱས་བསྐྲུན་གནང་བ་སོགས་མཇལ་རྒྱུ་ཡོད།

རྫོང་རྒྱབ་ཀླུ་ཁང་།

ཕོ་བྲང་པོ་ཏཱ་ལའི་རྒྱབ་ཏུ་ཀླུ་ཁང་དེ་མཇལ་རྒྱུ་ཡོད། ཀླུ་ཁང་དེ་ནི། སྤྱི་ལོའི་དུས་རབས་བཅུ་བདུན་པར་རྒྱལ་བ་སྐུ་ཕྲེང་ལྔ་[page 46] པའི་དུས་པོ་ཏཱ་ལ་རྒྱས་བསྐྲུན་མཛད་སྐབས་གནས་དེ་ནས་ས་བསྔོག་པས་རྗེས་སུ་མཚེའུ་དེ་ཆགས། རྫིང་བུའི་དབུས་སུ་བྲག་རི་ཆུང་ཆུང་ཞིག་ཡོད་པ་ལ་སྒྲུབ་ཕུག་ཅིག་ཀྱང་ཡོད་ཟེར་བ་ལ་རྒྱལ་བ་སྐུ་ཕྲེང་དྲུག་པས་བོད་ལ་ཆར་ཆུ་དུས་སུ་བབས་ཆེད་དུ་ཀླུ་ཁང་དེ་བསྐྲུན་གནང་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དུས་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་ཕྱོགས་བཞིར་སྒོ་བཞི་ཅན་འདི་བསྐྲུན་གནང་མཛད་པ་ཡིན། ད་ལྟ་མཇལ་རྒྱུ་ཡོད་པའི་དབྱིབས་དེ་ཡིན། ཀླུ་ཁང་དེའི་འོག་ཤོད་དུ་ཀླུ་མལ་གྲོ་གཟི་ཅན་གྱིས་གཙོས་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དང་། བར་ཐོག་ཏུ་སངས་རྒྱས་ཀླུ་དབང་གྱི་རྒྱལ་པོའི་སྐུ་བརྙན། སྟེང་ཐོག་ཏུ་རྒྱལ་བའི་གཟིམ་ཆུང་གི་ལྡེབས་རིས་སུ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་དང་། རྩ་རླུང་འཕྲུལ་འཁོར་དང་། ཞི་ཁྲོའི་ལྷ་ཚོགས་ཀྱི་དཔེ་རིས། ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་བཅས་ཡོད། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། པཎ་ཆེན་བསྟན་པའི་ཉི་མ་རྣམ་གཉིས་གནས་དེར་ཀླུ་བུམ་སྒྲུབ་གནང་གིས་ཆར་འབེབས་གནང་བ་ཡིན། དེ་ནས་བཟུང་རྣམ་རྒྱལ་གྲྭ་ཚང་ནས་དགེ་འདུན་རེ་གཏོང་གནང་དགོས། སྔོན་ས་ག་ཟླ་བའི་ཚེས་༡༥ཉིན་ལྷ་སའི་མང་ཚོགས་རྣམས་སྔ་དྲོ་གླིང་སྐོར་དང་། ཕྱི་དྲོ་གནས་དེར་འཛོམས་ཏེ་ཀོ་གྲུ་བཏང་ནས་གཞས་དང་། རྣམ་ཐར་གཏོང་བ་དང་། ཀླུ་ཁང་ལ་ཆོས་མཇལ་ཞུ་བ། ནང་མའི་སྐྱིད་སྡུག་ཅེས་པའི་གླུ་རོལ་ཚོགས་པས་གླུ་གཞས་དང་རོལ་མོ་གཏོང་བ་སོགས་བྱེད། ཀླུ་ཁང་དེ་ནས་ཕོ་བྲང་པོ་ཏ་ལའི་སྐུ་རྒྱབ་ཡོངས་རྫོགས་མཇལ་ཐུབ་བ་དང་། མཐའ་འཁོར་དུ་ལོ་མང་སོང་བའི་ལྗོན་ཤིང་གོག་པོས་བསྐོར་ནས་ཡོད་པ། ཀླུ་ཁང་དེའི་ལྷོ་ངོས་སུ་གླང་པོ་ཆེའི་སྡོད་གནས་ཏེ་གླང་ཁང་ཞེས་པ་ཡོད། གླང་ཆེན་གྱི་འཐུང་ཆུ་ནི་ཀླུ་ཁང་གི་རྫིང་བུའི་ཆུ་དེ་མ་ཡིན་པར་བྲག་ལྷ་ཀླུ་སྒུག་ཏུ་འགྲོ་སའི་ལམ་དུ་ཆུ་མིག་ཞིག་ཡོད་པས་དེར་ཉིན་ལྟར་གླང་རྫི་བས་ཆུ་སྟེར་བར་ཁྲིད་དགོས། གླང་ཆེན་པོ་ཏ་ལའི་མདུན་དུ་འབྱོར་སྐབས་ཕོ་བྲང་ལ་ཁ་སློག་ནས་མཆུ་ཏོས་གུས་ཞབས་མཚོན་བྱེད་ལན་གསུམ་བྱེད། དེ་ནས་ཆུ་[page 47] བཏུངས་ཚར་རྗེས་བྲག་སྒོ་ཀ་ལིང་འོག་ནས་རང་གནས་སུ་ཁྲིད་འགྲོ་བ་ཡིན། ད་ལྟ་ཀླུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། རྒྱ་རྡོ་ལས་གྲུབ་པའི་གཞུ་དབྱིབས་ཅན་གྱི་ཟམ་པའང་བསྐྲུན་པས་འགྲོ་སྟབས་བདེ་པོ་ཡོད།

འབྲས་སྤུངས་དགོན།

མཚན་རྒྱས་པར་བཀྲ་ཤིས་དཔལ་ལྡན་འབྲས་སྤུངས་དགོན་ནམ། དཔལ་ལྡན་འབྲས་སྤུངས་དགོན་ཞེས་ཞུ། གྲོང་ཁྱེར་ལྷ་ས་ནས་ནུབ་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་ཙམ་སོང་ན་དན་བག་ཏུ་འབྱོར་ཞིང་། དེ་ནས་རི་ལྡེབས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་བཞི་ཙམ་འཛེགས་ན་དགོན་དེར་སླེབས། འབྲས་སྤུངས་ཞེས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་རྒྱུད་སྡེ་གསུང་སའི་གནས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཞེས་བྱ་བ་ཞིག་ཡོད་པས་དེའི་མཚན་བཏགས་པའམ། འཇམ་དབྱངས་ཆོས་རྗེ་དན་བག་ཏུ་བཞུགས་ཡོད་པ་ལ། རྗེ་ཙོང་ཁ་པ་སྟོད་ལུང་ཆུ་ཚན་ནས་མར་ཕེབས་པ་དང་མཇལ་བས་རྗེ་ཙོང་ཁ་པས་ཁྱེད་ཀྱི་དགོན་པ་གང་འདྲ་བཏབ་ཡོད་ཅེས་གསུངས་པར། ངའི་དགོན་པ་འབྲས་སྤུངས་པ་ལྟར་བཏབ་ཡོད་ཅེས་ཞུས་པས། བདེན་པ་ཞེས་གསུངས་པས་ད་ལྟའི་དན་བག་ལ་ཐོག་མར་བདེན་པ་ཞེས་པ་དང་། རྗེས་སུ་དན་བག་ཅེས་པར་རིམ་བཞིན་སྒྲ་འགྱུར་ཞེས་དང་། འབྲས་སྤུངས་ཞེས་པའང་དེ་ལྟར་བྱུང་ཞེས་གྲགས། དགོན་དེ་ནི་སྤྱི་ལོ་༡༤༡༦ལོར་རྗེ་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཕྱག་བཏབ་གནང་མཛད། དེའང་རྗེ་ཙོང་ཁ་པས་འཇམ་དབྱངས་ཆོས་རྗེར་ཀླུའི་རྒྱལ་པོ་མ་དྲོས་པས་སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་དུང་ཞིག་ཕུལ། སངས་རྒྱས་ཀྱིས་ཀུན་དགའ་བོར་ཆོས་དུང་འདི་འདི་ནས་རྩིས་པའི་བྱང་གི་ཕྱོགས་སུ་འགོག་པ་རི་ཞེས་པ་ཞིག་ཡོད་པས་དེར་གཏེར་དུ་[page 48] སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་གྱི་ཚོགས་དུང་དུ་འགྱུར་རོ་ཞེས་པའི་ཆོས་དུང་དེ་རྗེ་ཙོང་ཁ་པས་གཏེར་ལས་བཞེས་ཏེ་འཇམ་དབྱངས་ཆོས་རྗེར་གནང་སྟེ་ཁྱོད་ཀྱིས་དུང་འདི་ཁྱེར་ཏེ་སོང་ཞིག་གང་དུ་འབུད་སར་དགོན་རེ་ཆགས་ཡོང་ཞེས་གསུངས་པ་ཇི་བཞིན་དན་བག་ཏུ་ཕེབས་ཏེ་འདིར་དགོན་པ་ཞིག་བཏབ་ན་གྲྭ་ཚོགས་ཆེ་ཡང་སྤུས་ཀ་མི་འོང་། དེ་ནས་འབྲས་སྤུངས་ཀྱི་རྒྱབ་རིའི་ཐུབ་པ་རིར་བཏབ་ན་དགོངས་པར་འདིར་བཏབ་ན་སྤུས་ཀ་ལེགས་ཀྱང་གྲྭ་ཚོགས་མི་འོང་དགོངས། དེ་ནས་ད་ལྟའི་དགོན་ཆགས་ཡུལ་དེར་འདེབས་རྒྱུར་ཐུགས་ཐག་བཅད། འོན་ཀྱང་ས་དེར་བྱམས་ཆེན་ཆོས་རྗེ་སྔ་ས་ནས་དགོན་པ་འདེབས་སའི་ས་བདམས་ནས་འདིང་བ་བཏིང་གནང་ཡོད། འཇམ་དབྱངས་ཆོས་རྗེས་ཀྱང་དགོན་པ་དེ་རང་དུ་འདེབས་དགོས་དགོངས་ནས་འདིང་བའི་འོག་ཏུ་ཕྱག་ཕྲེང་འཇོག་པར་མཛད། དེ་ནས་རྗེ་ཙོང་ཁ་པ་འཁོར་དང་བཅས་པ་ཕེབས། འཇམ་དབྱངས་ཆོས་རྗེས་ངའི་དགོན་པ་གནས་འདིར་འདེབས་ཀྱི་ཡིན་ཞུས་པར། བྱམས་ཆེན་ཆོས་རྗེས་གནས་འདི་ངའི་དགོན་པ་འདེབས་རྒྱུར་འདིང་བ་བཏིང་ཡོད་ཅེས་གསུངས་པས། འཇམ་དབྱངས་ཆོས་རྗེས་ཁྱོད་ཀྱིས་འདིང་བ་མ་བཏིང་གོང་ནས་ངས་ས་འདི་བདམས་ཏེ་ཕྲེང་བ་བཞག་ཡོད་ཅེས་གསུངས་ཏེ་འདིང་བའི་འོག་ནས་ཕྱག་ཕྲེང་བཏོན་གནང་བས་འཇམ་དབྱངས་ཆོས་རྗེའི་དགོན་པ་དེར་འདེབས་རྒྱུ་མཛད། སྣེའུ་དཔོན་ནམ་མཁའ་བཟང་པོ་ལ་ཆོས་སྡེའི་སྦྱིན་བདག་མཛད་དགོས་པའི་བཀའ་མངགས་སྔ་ཕྱིར་གནང་། ཐོག་མར་ད་ལྟའི་ཚོགས་ཆེན་འདུ་ཁང་གི་ཤར་ངོས་སྒོ་ཆུང་ཤར་དུ་གཏོད་པའི་ནང་རང་གཤོང་སྤྱིལ་བུ་དང་། དེ་ནས་དེའི་རྒྱབ་ཏུ་ད་ལྟའི་འཇམ་དབྱངས་ལྷ་ཁང་ནང་དགེ་འདུན་བདུན་ཚོགས། ཚང་མས་འཚང་ཁ་བསྐྱོན་པས་གཅིག་གི་ཞབས་ཆག དགེ་འདུན་བདུན་ཚོགས་པ་དེས་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ལོན་པའི་རྟེན་འབྲེལ་འགྲིགས་ཞེས་ཟེར། དེ་ནས་སྣེའུ་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་དགོན་དེ་བཏབ། དེ་[page 49] རྗེས་རིམ་བཞིན་རྒྱལ་བ་སྐུ་ཕྲེང་ལྔ་པ་དང་། སྡེ་སྲིད་བསོད་ནམས་རབ་བརྟན། སྡེ་སྲིད་བློ་བཟང་མཐུ་སྟོབས། ལྷ་བཟང་། ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ། རྒྱབ་བ་སྐུ་ཕྲེང་བཅུ་གསུམ་པ་བཅས་བར་རིམ་བཞིན་རྒྱ་བསྐྱེད་མཛད་དེ་ད་ལྟའི་འབྲས་སྤུངས་དགོན་གྱི་གཞི་ཁྱོན་འདི་ཉིད་བྱུང་། ད་ལྟའི་ཚོགས་ཆེན་འདུ་ཁང་ཀ་ཐུང་༡༥༩དང་ཀ་རིང་༢༤ཅན་རྒྱས་བསྐྲུན་གནང་བའི་འདུ་ཁང་ནུབ་གྲལ་གྱི་གཙང་ཁང་སྦུག་མར་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་སོ་ཉིས་ཐོག་ལ་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། འདུ་ཁང་གདོང་གྲལ་གྱི་དབུ་ལ་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་མི་ཚད་ལྷག་དང་། དེའི་གཡས་སུ་གསེར་ཟངས་གྱི་བྱམས་པ་ཆོས་འཁོར་ཐོག་སོ་གཉིས་ཙམ། གཡོན་དུ་རྗེ་ཁམས་གསུམ་ཟིལ་གནོན། འདུ་ཁང་ཤར་གྲལ་གྱི་གཙང་ཁང་སྦུག་མར་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་མི་དབང་བྱམས་པ་ཐོག་སོ་ཉིས་ཐོག་སྐྲུལ་སྐུའི་ཆ་བྱད་ཅན་དང་། འདུ་ཁང་ནུབ་ངོས་ལྷ་མོ་ཁང་ནང་དཔལ་ལྡན་ལྷ་མོ། བར་ཐོག་ཏུ་རྒྱལ་བ་སྐུ་ཕྲེང་གཉིས་པ་དང་བཞི་པའི་དངུལ་གདུང་དང་། ཀླུ་འབུམ་མཆོད་རྟེན་ཞེས་པ་གཉིས། མི་དབང་ལྷ་ཁང་ནང་མི་དབང་བྱམས་པའི་ཞལ་རས་མཇལ་བ་དང་། སྣེའུ་དཔོན་མོ་ཨ་འཛོམས་ཀྱི་གདོང་ཤེལ། གཞན་ཡང་བླ་སྐུ་ཁག བཀའ་འགྱུར་ལྷ་ཁང་ནང་གསེར་བྲིས་ཀྱི་བཀའ་འགྱུར་ལ་ཙནྡ་གྱི་གླེགས་ཤིང་། གདོང་བ་སོ་ལ་རྒྱན་སྤྲོས་དང་ལྡན་པ། འཛམ་གླིང་གཡས་བཞག་ཅེས་པ། གསུམ་ཐོག་འཁྲུངས་རབས་ལྷ་ཁང་ནང་དབུས་སུ་རྒྱལ་བ་ལྔ་པ་དང་ཆོས་རྒྱལ་རྣམ་པའི་སྐུ་བརྙན། བྱམས་པ་མཐོང་སྒྲོལ་ལྷ་ཁང་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན། དེའི་མདུན་དུ་རྗེ་ཙོང་ཁ་པས་འཇམ་དབྱངས་ཆོས་རྗེར་གནང་བའི་གཏེར་དུང་། དེའི་ཞོགས་ཀྱི་ཇོ་བོ་ལྷ་ཁང་ནང་དབུས་སུ་ཇོ་བོ་རིན་པོ་ཆེ་དངུལ་སྐུ་སྲིད་ཞིའི་འཇིགས་སྐྱོབ་ཞེས་མི་ཚད་མ་དང་དངུལ་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། གནས་བཅུ་ལྷ་ཁང་ནང་བྱང་ཆུབ་ཤིང་ལས་གྲུབ་པའི་ཐུབ་[page 50] ] པ་གཙོ་འཁོར་དང་། ཙན་དན་དཀར་པོ་ལས་གྲུབ་པའི་གནས་བརྟན་བཅུ་དྲུག ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་གཉིས་དང་། གསེར་ཟངས་ཀྱི་གཉྫིར་རྒྱལ་མཚན་སོགས་དང་ལྡན། ཐོག་མར་ཚོགས་ཆེན་གཅིག་དང་གྲྭ་ཚང་བདུན་ཡོད་པ་ལས་རྗེས་སུ་བློ་གསལ་གླིང་གྲྭ་ཚང་དང་སྒོ་མང་གྲྭ་ཚང་། སྔགས་པ་གྲྭ་ཚང་། བདེ་ཡངས་གྲྭ་ཚང་བཅས་གྲྭ་ཚང་བཞི་རུ་བསྡུས། བློ་གསལ་གླིང་གྲྭ་ཚང་འདུ་ཁང་ཀ་བ་༡༢༠ལ་ཀ་རིང་༡༢ཅན་གྱི་གཙང་ཁང་སྦུག་མར་རྒྱལ་བ་བྱམས་པའི་སྐུ་བརྙན་དང་། འདུ་ཁང་ནང་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་སོགས་རྟེན་དང་བརྟེན་པར་བཅས་དང་། འདི་ཁོངས་ཁང་ཚན་ཉི་ཤུ་རྩ་བཞི་ཡོད་པ་ནི། ཚ་བ་ཁང་ཚན་དང་། ཀོང་པོ། ཕུ་ཁང་། རོང་པོ། ལྷོ་པ། མི་ཉག སྤོམ་འབོར། ཊེ་ཧྲོར། ཉག་ཏེ། རྒྱ། ཚུལ་ཁང་། གཙང་པ། རྩེད་ཐང་། དཔེ་ཐུབ། གོ་བོ། ཕ་ར། ཉང་པོ། གླིང་། ལྡན་མ། གུ་གེ རྒྱལ་རོང་། རྒྱལ་པ། དབུ་སྟོད་བཅས་དང་ད་དུང་ཚ་བ་ཁང་ཚན་ཁོངས་ཀྱི་མི་ཚན་མཚོ་སྨད་མི་ཚན་དང་། སྡིང་ཁ་མི་ཚན། གཉེར་པ་མི་ཚན་བཅས་དང་སྤྱི་ཡོངས་ཀྱི་མི་ཚན་བོད་པ་གཞུང་མི་ཚན་སོགས་ཡོད། སྒོ་མང་གྲྭ་ཚང་གི་འདུ་ཁང་བློ་གསལ་གླིང་དང་རྒྱ་ཁྱོན་སྙོམ་པ་ལ་གཙང་ཁང་སྦུག་མར་རྒྱལ་བ་མི་འཁྲུག་པའི་སྐུ་བརྙན་རྡུལ་མི་བཞེས་པ་ཞེས་པ་དང་། འདུ་ཁང་ནང་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་བརྙན་དང་། རྒྱལ་པོ་ལུགས་ཀྱི་སྤྱན་རས་གཟིགས། རྗེ་ཞབས་སྙུན་མ་སོགས་གསུང་བྱོན་མས་གཙོས་རྟེན་དང་བརྟེན་པར་བཅས་དང་། རྟ་དབོན། གཞུང་པ། མངའ་རིས། ཟུང་ཆུ། གྲྭ་ཉི། འཆད་པ། བྱ་བྲལ། འདའ་ཤིང་། རི་ཙ། ཆུ་བཟང་། ཐེ་བོ་བཅས་ཁང་ཚན་བཅུ་དྲུག་ལ་ཁར་ཁ་མི་ཚན། བི་དོ། ཐག་རིང་། ལྕང་སྐྱ། གུ་ལུང་། ལམ་པ་བཅས་བསམ་བློ་ཁང་ཚན་གྱི་ཁོངས་དང་། ཉན་པོ་མི་ཚན། བྱུ་བྱུས། ཝ་ཤུལ། ཧོར། མཚོ་ཁག་ཐོར་བགོས་བཅས་ཧར་གདོང་ཁང་ཚན་གྱི་ཁོངས། བོད་པ་གཞུང་མི་[page 51] ཚན་དང་། དགའ་གདོང་མི་ཚན་ནི་སྤྱི་ཡོངས་ཀྱི་མི་ཚན་བཅས་ཡིན། སྔགས་པ་གྲྭ་ཚང་གི་འདུ་ཁང་ཀ་བ་༤༨ལ་ཀ་རིང་བརྒྱད་ཀྱི་གཙང་ཁང་སྦུག་མར་རྭ་ལོ་ཙཱའི་སྐུ་དམར་གདུང་བཞུགས་པའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུ་བརྙན་དང་། ཡ་མ་ར་ཛྲའི་འཁོར་ཆེན། བདེ་ཡངས་གྲྭ་ཚང་འདུ་ཁང་ཀ་བ་༦༤ལ་ཀ་རིང་བཞིའི་གཙང་ཁང་སྦུག་མར་རྒྱལ་བ་བྱམས་པ་མགོན་པོ་དང་། ཡང་ཐོག་སྲུང་མ་ཁང་ནང་འཕྲིན་ལས་རྒྱལ་པོ་སོགས་འབྲས་སྤུངས་ཀྱི་ལྷ་སྲུང་རྣམས་བཞུགས་སུ་གསོལ་ཡོད། གཞན་ཡང་འབྲས་སྤུངས་ཕོ་བྲང་ནི་ཐོག་མར་ཕག་གྲུའི་ཕོ་བྲང་ཡིན་པ་ལ་རྒྱལ་བ་སྐུ་ཕྲེང་གཉིས་པར་ཕུལ། དེ་རྗེས་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོའི་སྲིད་དབང་གཏོར་ཏེ་བོད་ཡོངས་ཀྱི་སྲིད་དབང་རྒྱལ་དབང་སྐུ་ཕྲེང་ལྔ་པར་ཕུལ་བ་ནས་བཟུང་གཞུང་ས་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གསོལ། སྔོན་དགེ་འདུན་ཞལ་གྲངས་ཆིག་ཁྲིར་ཉེ་བས་གཙོ་བོ་གཞུང་ཆེན་ཀ་པོད་ལྔ་སློབ་གཉེར་གནང་བ་ལ་སྔགས་པ་གྲྭ་ཚང་གིས་དགེ་ལྡན་ལུགས་ཀྱི་སྔགས་ཀྱི་ཆོ་ག་ཕྱག་ལེན་གནང་བ་ཡིན། དགོན་དེར་འབྲས་སྤུངས་ཞོ་སྟོན་ཞེས་ལོ་ལྟར་བོད་ཟླ་༦ཚེས་༣༠ཉིན་དབྱར་གནས་ཞལ་བཞེས་བསྒྲུབས་ཏེ་གྲྭ་དམངས་ལ་ཞོའི་བསྙེན་བཀུར་ཞུ་བ་དང་། གོས་སྐུ་བཀྲམས་ཏེ་དེའི་མདུན་ཨ་ལྕེ་ལྷ་མོ་འཁྲབ་སྟོན་བྱེད་པ་ཡིན། དེ་རྗེས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་འབྲས་སྤུངས་ཞོ་སྟོན་ཚར་བ་དང་མུ་མཐུད་ནོར་གླིང་དུའང་ལྷ་མོ་འཁྲབ་སྟོན་བཞེས་པས་ནོར་གླིང་ཞོ་སྟོན་ཞེས་པའང་དེ་ལྟར་བྱུང་། ཡང་བོད་ཟླ་༧ཚེས་༨ཉིན་འབྲས་སྤུངས་སྐུ་འབུམ་ཞེས་ཀླུ་འབུམ་མཆོད་རྟེན་ཁང་དུ་ཆོས་མཇལ་གཏོང་སྲོལ་ཡོད། ཀླུ་འབུམ་ཞེས་པ་ནི། སྔོན་དུས་ཚོད་དེའི་ཉིན་རྗེ་ཙོང་ཁ་པ་ཚོགས་ཕེབས་གནང་བ་དང་། མཁས་གྲུབ་རྗེ་དང་འཇམ་དབྱངས་ཆོས་རྗེ་ཚོགས་ལངས་ཆོས་རྩོད་མཛད་པས། སྐབས་དེར་ཀླུ་འབུམ་ཁང་ནས་ཀླུ་འབུམ་གཅིག་གིས་ཆོས་མཇལ་ཞུས་པ་ཀུན་གྱིས་མཐོང་བས་རྗེས་སུ་དེར་ཀླུ་འབུམ་མཆོད་རྟེན་གཉིས་བཞེངས་པ་དང་།[page 52] འབྲས་སྤུངས་ཀླུ་འབུམ་ཞེས་པའང་དེ་ལྟར་བྱུང་། ད་དུང་ཀླུ་འབུམ་ལྷ་ཁང་ནང་རྒྱལ་བ་སྐུ་ཕྲེང་གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་གདུང་རྟེན་ཡོད། ད་ལྟ་བདེ་ཡངས་གྲྭ་ཚང་གི་རྟེན་གསུམ་གསར་བཞེངས་གནང་བ་ལས་གཞན་ཚོགས་ཆེན་གཅིག་དང་གྲྭ་ཚང་གསུམ་གྱི་རྟེན་སྔོན་གྱི་དེ་རང་མཇལ་རྒྱུ་ཡོད་ལ། ཁང་ཚན་ཁག་ཅིག་ཉམས་གསོ་གནང་བའི་ནང་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། དགོན་དེའི་རྒྱབ་རིར་རྨ་རི་རབས་འབྱམས་བསྟན་སྐྱོང་རྡོ་རྗེ་གྲགས་རྒྱལ་མའི་བླ་རི་དགེ་འཕེལ་རི་ཞེས་པ་དེར་སྐུ་མཚམས་སུ་བཞུགས་མཁན་ལ་དགེ་བ་རབ་ཏུ་འཕེལ་ཞེས་ཟེར། དགོན་དེའི་ཤར་ནུབ་སོ་སོ་ནས་བབ་རྒྱུན་རེ་བབས་ཡོང་བ་ཡིན་པས་ཤར་ཆུ་བབས་སའི་རི་ལྡེབས་སུ་དཔེ་མཚམས་བཞུགས་སའི་མཚམས་ཁང་མང་པོ་ཡོད། དགེ་འཕེལ་རི་ཁྲོད་ནི་རྒྱབ་རིའི་སྐེད་པའི་མཚམས་སུ་ཡོད། ཐོག་མར་གནས་དེར་པཎ་ཆེན་བློ་བཟང་ཆོས་རྒྱལ་བཞུགས་པ་དང་། དེ་རྗེས་རྒྱལ་བ་ལྔ་པ། སྒྲུབ་ཐོབ་དཔའ་བོ་རྡོ་རྗེ། ཀློང་རྡོལ་བླ་མ་རིན་པོ་ཆེ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་ཀྱི་སྒྲུབ་ཁང་ཡོད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བདུན་པའི་དུས་དགེ་སློང་ཞལ་གྲངས་དྲུག་ཅུ་རེ་ལྔ་བར་གཏན་འབེབས་གནང་། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གནས་དེར་ཕེབས་དགོས་པ་ཡིན་སྟབས་རྒྱལ་བའི་གཟིམས་ཆུང་དང་སྒྲུབ་ཁང་ཁག་ལ་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ། གཞན་ཡང་རི་དེའི་རྩ་ཆུ་བཟང་ཞིང་ལྟག་ཏུ་རྩྭ་ཀླུ་བདུད་རྡོ་རྗེ་དང་། ཆུ་འགྲོ་བ་འདྲེན་པ་སོགས་ཡོད་པས་རི་དེའི་ལྡེབས་ཀྱི་བཞོན་མའི་འོམ་མ་བཅུད་ཆེ་ཞེས་མཐོང་ཆེན་པོ་བྱེད།

ད་ལྟ་གནས་དེར་ཡང་ཉམས་གསོ་གང་འཚམས་གནང་ཡོད།

གནས་ཆུང་གྲྭ་ཚང་།

མཚན་རྒྱས་པར་དབང་གྲགས་རོལ་པའི་དགའ་ཚལ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ངམ། གནས་ཆུང་གཡུ་ལོ་བཀོད་སོགས་ཞུ། འབྲས་སྤུངས་དགོན་ནས་མར་ཡོང་དུས་གཡོན་ངོས་སུ་དགོན་དེ་[page 53] ཆགས་ཡོད། གནས་ཆུང་ཞེས་པ་ནི། ལོ་ཙཱ་བ་བེེ་རོ་ཙཱ་ན་གནས་དེར་ཕེབས་སྐབས་སྒྲོ་སྡོང་གཅིག་ནས་ཆོ་འཕྲུལ་བསྟན་པའི་སྐོར་གུ་རུ་རིན་པོ་ཆེར་ཞུས་པས། གུ་རུས་མ་འོངས་པ་ན་གནས་དེར་དགོན་པ་ཞིག་ཆགས་ཡོང་། སྒྲོ་སྡོང་དེ་ནི་པེ་ཧར་གྱི་བླ་ཤིང་ཡིན། དེའི་འགྲམ་གྱི་མཚེའུ་དེ་པེ་ཧར་གྱི་བླ་མཚོ་ཡིན་ཞེས་གསུངས་པ་དང་། དེ་རྗེས་ལྷ་སྲས་མུ་ནེ་བཙན་པོས་དེར་དགོན་པ་ཞིག་བཏབ། དགེ་འདུན་བཞི་གྲྭ་གཅིག་གི་སྡེ་བཙུགས། སྦ་དཔལ་དབྱངས་མཁན་པོར་བསྐོས། བསམ་ཡས་ནས་སྒྲོལ་མའི་སྐུ་བརྙན་ཞིག་གདན་དྲངས་ཏེ་བཞུགས་སུ་གསོལ་བས་གནས་ཆུང་གཡུ་ལོ་བཀོད་ཅེས་པ་དེ་ལྟར་བྱུང་། བསམ་ཡས་གནས་ཆེ་བ་དང་། དེར་གནས་ཆུང་བ་ཡིན་པས་གནས་ཆུང་ཞེས་པ་དེ་ལྟར་བྱུང་གསུང་། ཡང་གསུང་སྲོལ་གཞན་ཞིག་ལ། ཐོག་མར་གནས་ཆུང་ཆོས་སྐྱོང་གུང་ཐང་དུ་གནས་ཡོད་པ་ལ། གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོའམ། མཚལ་པ་བྱམས་པ་ཀུན་དགས་གསེར་ཁང་དགོན་པ་ནས་པེ་ཧར་གྱི་རྟེན་སྒམ་ཆུང་ལ་བསྐུར་བས་འབྲས་སྤུངས་ཀྱི་མདུན་དུ་འཁར། སྐབས་དེར་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་མཁྱེན་ཏེ་གསོལ་དཔོན་ལ་དེ་རིང་མ་ཀིའི་ཆུ་ཁར་དངོས་པོ་ཞིག་ཡོད་པས་ཁྱོད་ཀྱིས་དེ་ཁ་མ་ཕྱེས་པར་འཁྱེར་ཤོག་ཅེས་གསུངས། གསོལ་དཔོན་གྱིས་དེ་ལྟར་ཆུ་ཁར་སོང་བས་དེར་སྒམ་ཞིག་འཁར་ནས་ཡོད་པ་དེ་འཁྱེར་འོང་། ད་ལྟའི་གནས་ཆུང་གི་ལྟག་ཏུ་འབྱོར་སྐབས་སྒམ་ཇི་ལྗིད་དུ་སོང་བས། གསོལ་དཔོན་ཡ་མཚན་ཏེ་ཁ་ཕྱེས་པས་དེའི་ནང་གཞན་གང་ཡང་མེད་པར་བྱ་ཕུག་རོན་ཞིག་ཐོན་ཏེ་སྒྲོ་སྡོང་སྟེང་དུ་འཕུར་བས། གསོལ་དཔོན་དེ་མར་མཁར་པོའི་བཀའ་སློབ་དྲན་ཏེ་“བླ་མ་མཁྱེན་”ཞེས་གསུངས་ཤོར་བས་ཕ་བོང་དེར། བླ་མ་མཁྱེན། ཞེས་པའི་རང་བྱོན་འཁྲུངས་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་གསོལ་དཔོན་མཁན་པོའི་སྐུ་མདུན་དུ་སོང་ནས་གོང་གསལ་གྱི་གནས་ལུགས་རྣམས་ཞུས་པས། མཁན་པོས་ཨ་ཁ། སྲུང་མ་དེ་འབྲས་སྤུངས་དགོན་ནང་གནས་ན་ཤིན་ཏུ་ལེགས་[page 54] ཀྱང་ད་གནས་ས་ཆུང་སོང་ཞེས་གསུངས་པས། གནས་ཆུང་ཞེས་པའི་མཚན་དེ་ལྟར་བྱུང་ཞེས་གསུངས། གཞན་ཡང་རྟ་མགོ་གཡུ་ཁྲ་ཅན་ཞེས་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱི་ཆིབས་པ་རླུང་ཤུགས་ཅན་ཤི་བའི་མགོ་གཡང་ལ་གསེར་ཞོ་སྟོང་རེ་བའི་གཡུ་ཁྲ་བརྒྱན་ཏེ། པེ་ཧར་རྟེན་མདོས་འདི་ལ་བཅོལ། ཞེས་གསུངས་པས་རྟ་མགོ་གཡུ་ཁྲ་ཅན། ཞེས་པ་དེ་ལྟར་བྱུང་ཞེས་གསུང་སྲོལ་སྣ་ཚོགས་ཡོད། ཐོག་མར་གཡུ་ལོ་བཀོད་དང་སྒྲོ་སྡོང་ལྷ་ཁང་ཞེས་པ་ཡོད་པ་ལ། ད་ལྟའི་གནས་ཆུང་དགོན་ནི་སྤྱི་ལོ་༡༦༨༡ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཏབ་གནང་མཛད་པ་དང་། དགེ་འདུན་ཞལ་གྲངས་༡༠༡འཛུགས་གནང་གིས་ས་དགེ་རྙིང་གསུམ་ཕྱག་བཞེད་མཛད་པ་ཡིན། གནས་ཆུང་ཆོས་སྐྱོང་ངམ་བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་བཀའ་ཡི་བློན་པོ་རྡོ་རྗེ་གྲགས་ལྡན། པེ་ཧར་རྒྱལ་པོ་སོགས་མཚན་མི་འདྲ་བ་ཙམ་ལས་དོན་དུ་ངོ་བོ་གཅིག་ཡིན། དེའང་ཐོག་མར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གཞིས་ཀ་སྣེའུར་བཞུགས་སྐབས་ནུབ་གཅིག་མནལ་ལམ་དུ་དན་བག་བརྒྱུད་ཆོས་སྡེ་འདེབས་དགོངས་སུ་ཕེབས་སྣང་ལ་ལྷ་གནམ་ཐེལ་དཀར་པོ་ཡིན་ཟེར་བ་ཞིག་གིས། ཁྱེད་ཀྱིས་འདིར་ཆོས་སྡེ་ཞིག་ཐོབས་དང་། ངས་ཁྱེད་ལ་བཙུན་པ་སྟོང་ཁྲག་གཅིག་འབུལ། ཟེར་བ་ཞིག་བྱུང་བ་ལྟར་ན་འབྲས་སྤུངས་དགོན་ཐོག་མར་འདེབས་དུས་ནས་གནས་ཆུང་ཆོས་སྐྱོང་ནི་དགོན་དེའི་སྲུང་མ་ཡིན་པར་མངོན། དེ་ལྟར་ཆོས་སྐྱོང་འདི་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་གཉིས་ལས་དམར་པོ་གནས་ཆུང་ཆོས་སྐྱོང་དང་། ནག་པོ་དཔལ་ལྡན་ལྷ་མོ་ཡིན། སྲུང་མ་འདི་གཉིས་དགའ་ལྡན་ཕོང་བྲང་གི་བརྟེན་དགོས་པ་ནི། རྒྱལ་བ་དགེ་འདུན་རྒྱ་མཚོས་དཔལ་ལྡན་ལྷ་མོ་བརྟེན་གནང་མཛད་པ་དང་། དེ་རྗེས་རྒྱལ་བ་ལྔ་པའི་དུས་དགའ་ལྡན་ཕོ་བྲང་ཐོག་མར་འབྲས་སྤུངས་སུ་ཆགས་ཤིང་དེ་རྗེས་དགའ་ལྡན་ཕོ་བྲང་རྩེ་པོ་ཏ་ལར་སྤོས་གནང་ཡང་སྲུང་མ་དམར་ནག་གཉིས་བརྟེན་པའི་ལོ་རྒྱུས་དེ་ལྟར་བྱུང་། གནས་ཆུང་ཆོས་སྐྱོང་ནི་སྐུ་ཁོག་སེར་མོ་བ་ཞིག་ལ་སྐུ་[page 55] ཕེབས་གནང་ཞིང་། གཞུང་ས་མཆོག་གི་གལ་གནད་ཆེ་བའི་དོན་ཆེན་དང་། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་རྩད་གཅོད་བྱེད་པ་སོགས་གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་ཇི་ཕེབས་ལ་བརྟགས་པ་བྱེད་སྲོལ་ཡོད་སྟབས་སྐུ་ཁོག་ལའང་ཏ་བླ་མ་ཞེས་དགོན་ནང་གི་དབུ་གནས་མཐོ་ཤོས་ཡིན་པས་མ་ཚད་གཞུང་ས་དང་འབྲས་སྤུངས་སོགས་ལའང་དབུ་གནས་མཐོན་པོ་ཡོད། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་དབུས་ནང་གསེར་ཟངས་ཀྱི་ཇོ་བོ་མི་ཚད་ལ། དེའི་གཡས་སུ་རྒྱ་དངུལ་ལས་གྲུབ་པའི་རྒྱལ་བ་སྐལ་བཟང་རྒྱ་མཚོ་མི་ཚད་མ། ཇོ་བོའི་གཡོན་དུ་འཇིམ་པ་ལས་གྲུབ་པའི་རྗེ་ཙོང་ཁ་པ་མི་ཚད་ལ། རྒྱ་དངུལ་ལས་གྲུབ་པའི་གུ་རུ་སྣང་སྲིད་ཟིལ་གནོན་མི་ཚད་མའི་པད་ཞྭའི་ངོས་སུ་ཕ་ལམ་གྱི་ཕྲ་རྒྱན་གསེར་བཀྱག་དང་བཅས་པ། དེའི་གཡས་སུ་རྒྱ་དངུལ་ལས་གྲུབ་པའི་རྒྱལ་བ་ལྔ་པའི་སྐུ་བརྙན་མི་ཚད་མ། ཇོ་བོའི་གཡོན་དུ་གསེར་ཟངས་གྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་བརྙན་མི་ཚད་མ། ཤར་ནས་ནུབ་ཏུ་གཟིགས་པ་རྒྱལ་པོ་བྱས་བཅས་ཞེས་སྐུ་ལྔ་གཅིག་བསྡུས་ཀྱི་རྣམ་པ་ཡིན་པའི་སྐུའི་སྒྲོམ་ལ་ཞལ་འབག་བསྒྲོན་པ། དེའི་གཡོན་དུ་སྐུ་ལྔ་དང་འཇིགས་བྱེད་སོགས་ཀྱི་ལོ་གཏོར་བཅས་དང་། ལྡེབས་རིས་སུ་རྗེ་ཙོང་པ་ཡབ་སྲས་དང་། འཇམ་དབྱངས་གཙང་པ་བདུན་རྒྱུད། རྒྱལ་བ་ལྔ་པ་སོགས་སྐུ་ཕྲེང་ན་རིམ། སྒྲུབ་པ་བཀའ་བརྒྱད། སྐུ་ལྔ་ཡབ་ཡུམ་བློན་པོ་དང་བཅས་པ། སྐུ་རྟེན་བློ་བཟང་ལེགས་འབྱོར་ལ་གནས་ཆུང་སྐུ་ཕེབས་ཀྱི་སྐུ་བརྙན་དང་། འབྲས་སྤུངས་སུ་མཛད་ཆེན་གནང་ཚུལ། སྐུ་རྟེན་ཤཱཀྱ་ཡར་འཕེལ་ལ་གནས་ཆུང་ཐོག་ཕེབས་ཀྱིས་དབུ་ལ་རས་དཀར་དཀྲིས་པ་བཅས་སོགས་ཀྱི་ལྡེབས་རིས་སྤུས་ལེགས་དང་གཙང་ཁང་དབུས་མ་ཀ་བཞིའི་ནང་གཙོ་བོ་ཆོས་སྐྱོང་སྐུ་ཕེབས་གནང་ས་དང་། མཐའ་འཁོར་དུ་རྒྱལ་པོ་སྐུ་ལྔ་དང་རྟ་མགྲིན་སོགས་ཀྱི་སྐུ་བརྙན། རྡོ་རྗེ་གྲགས་ལྡན་མི་ཚད་ཅན་གྱི་ཐུགས་དཀར་སེང་འབག་སྨུག་ཆུང་ཞེས་པ་དམ་འབྱར་མ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་རབ་གནས་གནང་བ། སྒྲོ་སྡོང་ལྷ་ཁང་ཀ་བཞིའི་[page 56] ནང་རྒྱལ་པོ་པེ་ཧར་ཐོག་མར་ཆགས་པའི་སྒྲོ་སྡོང་ཐོག་སོ་གསུམ་ལྡན་དང་། རྡོ་རྗེ་གྲགས་ལྡན་གྱི་གཙང་ཁང་གཡོན་འདོད་ཁམས་ལྷ་ཁང་ཀ་བཞིའི་ནང་རྟེན་མདོས་དང་། འཛུགས་གཏོར་སོགས་བཞུགས་པ་བཅས་དང་། ཉིས་ཐོག་ཚོམས་ཆེན་དང་གསུམ་ཐོག་གཟིམ་ཆུང་དང་བཅས་པར་རྟེན་དང་བརྟེན་པ། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་དང་བཅས་པ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཐོག་བསངས་བསྐྱོན་པའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། གསར་བཞེངས་གནང་བའི་གུ་རུ་སྣང་སྲིད་ཟིལ་གནོན་ཐོག་སོ་གསུམ་ལྡན། སྔོན་པེ་ཧར་གནས་པའི་སྒྲོ་སྡོང་གི་རྩ་བ། ལྷག་ཏུ་འདུ་ཁང་དང་རྭ་སྒོར་ནང་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

དགོན་དེར་གནས་ཆུང་སྤྲེལ་ཟླ་ཞེས་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོར་བརྟན་མ་དང་གནས་ཆུང་ཆོས་སྐྱོང་དགའ་གདོང་ཆོས་སྐྱོང་བཅས་དབུ་བཞུགས་ཐོག་ཉེ་འཁོར་གྱི་ལྷ་བབས་རྒྱུ་ཡོད་པ་རྣམས་དངོས་ཡིན་མིན་ལྷ་བསྡུར་བརྒྱབས་ཏེ་ལྷ་ངོ་མ་མིན་ན་འདི་ཉིན་ཕེབས་མི་ཐུབ་ཅེས་ཟེར།

ལྷ་ལུང་རི་ཁྲོད།

ལྷ་ལུང་རི་ཁྲོད་ནི། གནས་ཆུང་དགོན་ནས་སྤྱི་ལེ་གསུམ་ཙམ་འཁོར་ལམ་བརྒྱུད་སོང་ན་གནས་ཆུང་རི་བརྒྱུད་ཀྱི་ཤར་ངོས་སུ་རི་ཁྲོད་དེ་མཇལ་རྒྱུ་ཡོད། ད་ལྟ་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་མྱོང་བའི་སྒྲུབ་ཕུག་ཙམ་ལས་རི་ཁྲོད་ཉམས་གསོ་ཞུ་ཐུབ་མེད་ཀྱང་། རི་ཁྲོད་དེའི་ཉེ་འདབས་སུ་ས་ཕུང་སྒང་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དེ་ལ་སྔོན་མིང་གླིང་བུ་ཐང་ཞེས་ཟེར། གླིང་བུ་ཐང་ཟེར་དོན་ནི། སྔོན་བོད་ཀྱི་རྒྱལ་རབས་མཇུག་མ་གླང་དར་གྱི་དབུ་ལ་རྭ་ཅོ་ཡོད་པས་དེ་འགེབ་ཆེད་དུ་དབུ་སྐྲ་ལྷས་མ་བརྒྱབས་ཏེ་འགེབས་པར་བྱེད། གང་ཡིན་ཞེ་ན་རྒྱལ་པོར་དབུ་རྭ་ཡོད་པ་གཞན་གྱིས་ཤེས་ན་རྒྱལ་པོའི་སྐུ་ཚེར་བར་ཆད་ཡོད་ཅེས་མ་འོངས་ལུང་བསྟན་ཡོད། དེར་བརྟེན་དབུ་སྐྲ་[page 57] ལྷས་མ་རྒྱག་མཁན་སུ་ཡིན་སྲོག་གཅོད་པ་ཡིན་ཡང་། ཉིན་ཞིག་ཡང་རྒྱལ་པོའི་དབུ་སྐྲ་བསླ་མཁན་བུ་མོ་ཞིག་ལ་འཁོར། མོས་རང་ཉིད་དབུ་སྐྲ་བསླས་ཚར་རྗེས་ཤི་རྒྱུ་ཡིན་ཙང་ཡིད་སྐྱོ་ནས་མིག་ཆུའི་ཐིག་པ་རྒྱལ་པོའི་སྐུ་པང་དུ་ལྷུང་བས། རྒྱལ་པོས་ཁྱོད་མིག་ཆུ་གཏོང་དོན་ཅི་ཡིན་གསུངས་པར། ང་དབུ་སྐྲ་བསླས་ཚར་རྗེས་ཤི་རྒྱུ་ཡིན་ཙང་ཡིད་སྐྱོ་ནས་མིག་ཆུ་ལྷུང་བ་ཡིན་ཞེས་ཞུས་པས། ཁྱོད་ཀྱིས་ངའི་མགོ་ལ་རྭ་ཅོ་ཡོད་ཚུལ་སུ་གཅིག་ལ་མི་ཤོད་རྒྱུའི་མནའ་བཀྱལ་དམ་བཅའ་བཞག་ན་ངས་ཁྱོད་ཚེ་ཐར་གཏོང་ཞེས་གསུངས་པས་བུ་མོས་ཀྱང་དེ་ལྟར་བྱེད་རྒྱུར་ཁས་བླངས། དེ་ནས་དུས་ནམ་ཞིག་སོང་མཚམས་བུ་མོ་དེ་ནད་སྡུག་པ་ཞིག་གིས་ཟིན། སྨན་དང་རིམ་འགྲོ་ཅི་བྱས་ཀྱང་མ་ཕན། དེ་ནས་མོ་རྩིས་ཀྱི་འབྲས་བུར་བུ་མོ་དེར་གཏམ་གསང་བ་ཅན་ཞིག་ཤོད་རྒྱུ་འདུག་པས་དེ་བཤད་ན་ནད་ལས་ཐར་ཞེས་བབས་པས། བུ་མོས་གཏམ་དེ་བཤད་ན་སྲོག་དང་བྲལ་རྒྱུ་ཡིན། ད་བར་སྡོད་རྒྱུ་བྱུང་བས་བློ་ཡིད་ཚིམས། ད་ནི་ཤི་ནའང་འགྱོད་པ་མེད་ཅེས་བཤད་པས། བུ་མོའི་མ་ཡིས། འོ་ན་ཁྱོད་ཀྱི་གཏམ་གསང་རྒྱ་ཅན་དེ་མི་ལ་མ་བཤད་ནའང་མི་མེད་ལུང་སྟོང་ཞིག་ཏུ་ཤོད་ཅེས་བཤད་པས་བུ་མོ་དེས་གླིང་བུ་ཐང་གི་ཙི་ཁུང་ཞིག་ལ་ཁ་སྦྱར་ཏེ་“རྒྱལ་པོ་གླང་དར་དབུ་ལ་རྭ་ཅོ་འདུག་”ཅེས་ལན་གསུམ་བཤད་པས་བུ་མོའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་། ཙི་ཁུང་ནང་ནས་སྨྱུག་མ་ཞིག་སྐྱེས། དེ་ནས་དེ་ཁུལ་གྱི་ཕྱུགས་རྫི་བྱིས་པ་ཚོས་སྨྱུག་མ་བྲེགས་ཏེ་གླིང་བུ་བཟོས། གླིང་བུ་སུས་བཏང་ཡང་རྒྱལ་པོ་“གླང་དར་མགོ་ལ་རྭ་ཅོ་འདུག རྒྱལ་པོ་གླང་དར་མགོ་ལ་རྭ་ཅོ་འདུག་”ཅེས་གླིང་བུའི་སྒྲ་གདངས་ལྷ་ལུང་རི་ཁྲོད་དུ་སྒྲུབ་པ་བསྐྱོན་བཞིན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་གསན་ཏེ། ད་ནི་རྒྱལ་པོ་ལོག་པ་ཅན་འདུལ་བའི་དུས་ལ་བབས་པའོ་དགོངས་ཏེ་སྔགས་པ་ཞྭ་ནག་གི་ཆས་བཞེས། ཕུ་ཐུང་ཆེན་པོའི་ནང་མདའ་གཞུ་བསྐུངས་ཏེ་རྒྱལ་པོ་གླང་དར་དབོན་ཞང་རྡོ་རིང་གི་ཡི་གེར་གཟིགས་བཞིན་བཞུགས་པ་དང་བསྟུན་ཏེ་རྒྱལ་པོའི་སྙིང་གར་མདའ་འཕངས་ཏེ་བཀྲོངས་ཞེས་ཟེར།[page 58]

དགོན་པ་གསར་རི་ཁྲོད།

དགོན་པ་གསར་རི་ཁྲོད་ནི། ལྷ་ལུང་རི་ཁྲོད་ནས་སྤྱི་ལེ་བཞི་ཙམ་ཤར་དུ་སོང་ན་རི་ཁྲོད་དེར་སླེབས། རི་ཁྲོད་དེ་ནི། པཎ་ཆེན་སྐུ་ཕྲེང་བདུན་པའི་ཡུམ་བློ་བཟང་ཆོས་ཀྱི་སྒྲོལ་མ་ཞུ་བ་དེ་ཐོག་མར་གྲིབ་ཚོ་མཆོག་གླིང་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྩ་བའི་བླ་མར་བསྟེན་ནས་རྒན་ཆོས་མཛད། དེ་ནས་བླ་མའི་བཀའ་བཞིན་གང་གི་སློབ་མ་ཞིག་གནས་དེར་བཞུགས་ཡོད་པ་དེའི་དྲུང་དུ་བཏང་གནང་བ་བཞིན་གནས་དེར་ཕེབས་ཏེ་བླ་མ་དེའི་ཞབས་ལ་གཏུགས། ཐོག་མར་མཚམས་ཁུང་ཆུང་ངུ་ཞིག་ནས་རྗེས་སུ་འདུ་ཁང་ཀ་བ་བཞི་ཡི་རྒྱ་ཁྱོན་བསྐྲུན་གནང་མཛད། དེ་རྗེས་གཙང་བཀྲ་ཤིས་ལྷུན་པོར་ཆོས་བཞུགས་གནང་བཞིན་ཡོད་པའི་གནས་ཀྱི་བླ་མ་སྐུ་ཕྲེང་དང་པོ་ཡེ་ཤེས་སྙན་གྲགས་གནས་དེར་གདན་དྲངས་པ་ནས་བཟུང་ཐོག་མར་དགེ་འདུན་བཞི་གྲྭ་གཅིག་ནས་རིམ་བཞིན་བཅུ་གསུམ་བར་འཕེལ། གནས་ཀྱི་བླ་མ་སྐུ་ཕྲེང་གཉིས་པ་དཔལ་ལྡན་ཆོས་འཕེལ་ཡང་མདོ་སྔགས་གཞུང་ལུགས་ཀུན་ལ་མངའ་བརྙེས། སོག་ཡུལ་དུ་ཕེབས་ཏེ་ཁས་ཀ་རྗེ་བཙུན་གྱི་ཡོངས་འཛིན་གནང་། དེར་བོད་པ་བླ་བྲང་ཞེས་པ་ཞིག་ཀྱང་འཛུགས་གནང་མཛད། ད་ལྟ་དགོན་པ་གསར་ཐུབ་བསྟན་འཇིགས་བྲལ་བར་སྐུ་ཕྲེང་བཞི་ཙམ་བྱུང་། སྔོན་འབྲས་སྤུངས་སྔགས་པའི་ཁོངས་ཡིན། ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

ཡང་དེ་ནས་རྐང་ཐང་མར་ཆུ་ཚོད་སྐར་བཅོ་ལྔ་ཙམ་འཛེགས་ན་སེ་ར་བྱ་བྲལ་ཁང་ཚན་གྱི་ཁོངས་དགོན་གསར་རྩེའི་རི་ཁྲོད་ཀྱི་རྗེས་ཤུལ་མཇལ་རྒྱུ་ཡོད།

བྲག་རི་རི་ཁྲོད།

དགོན་པ་གསར་རི་ཁྲོད་ནས་མུ་མཐུད་ཤར་དུ་སྤྱི་ལེ་གསུམ་བཞི་ཙམ་སོང་ན་རི་ཁྲོད་དེར་སླེབས། རི་ཁྲོད་དེར་ཐོག་མར་ཆོས་རྒྱལ་སྲོང་བཙན་དང་། དེ་རྗེས་ཁྲི་སྲོང་ལྡེ་བཙན་ཡང་བཞུགས། དེ་རྗེས་ཕ་དམ་པ་སངས་རྒྱས་ཀྱང་ཡུན་རིང་བཞུགས་ཏེ་ཌ་དྲིལ་དང་རྐང་གླིང་གི་རྗེས་སོགས་ཀྱང་[page 59] གསལ། དེ་རྗེས་བྲག་རི་རྡོ་རྗེ་འཆང་སྐུ་ཕྲེང་རིམ་པ་བཞུགས་སྟབས་བླ་མའི་མཚན་གྱི་ཐོག་མར་བྲག་རི་ཞེས་པ་ཐོགས། ཁུལ་དེར་པ་རི་ཁུག་ཅེས་ཐོགས་པའང་བྲག་རི་ཁུག་ཅེས་པ་ནས་སྒྲ་འགྱུར་བ་ཡིན། སྔོན་འདུ་ཁང་ཀ་རིང་བརྒྱད་ཀྱི་ནང་རྟེན་གཙོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཐོག་སོ་གཅིག་ལྷག་དང་། གསེར་ཟངས་ཀྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་ཚད་མ། གཞན་ཡང་ལི་མ་དང་། གསེར་ཟངས་ཀྱི་སྐུ་བརྙན་ཇི་སྙེད་བཞུགས་པ་བཅས།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་གསར་བཞེངས་གནང་བའི་ལྷ་ཁང་ནང་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བརྙན་དང་། གུ་རུ་སྟོང་སྐུ། ཟངས་མདོག་དཔལ་རིའི་བློས་བླངས་དཀྱིལ་འཁོར་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གར་རི་དགོན།

མཚན་རྒྱས་པར་གར་རི་བསམ་གཏན་གླིང་ཞེས་ཞུ། སེ་ར་དགོན་ནས་གཡས་ངོས་ཉང་བྲན་ཕུར་སྤྱི་ལེ་ལྔ་དྲུག་ཙམ་དང་། དེ་ནས་བྱང་ངོས་རི་ལྡེབས་སུ་སྤྱི་ལེ་བཞི་ལྔ་ཙམ་འཛེགས་ན་བཙུན་མའི་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་སྤྱི་ལོ་༡༡༡༣ལོར་རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་འདེབས་གནང་མཛད། དེའང་ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་ལྔ་ཕེབས་པའི་མཇུག་མ་སྟེ་ཁམས་ཀློང་ཐང་སྒྲོལ་མ་ཞེས་པར་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་གཏེར་དུ་སྦས། དེ་ནས་སྟོད་དིང་རིར་ཕེབས་ཞོར་དུ་གནས་དེར་ཕེབས་ཏེ་ཐོག་མར་ཕོ་དགོན་ཞིག་འདེབས་དགོས་ཐུགས་ལ་འཁྲུངས་ཏེ་སྐུ་ངལ་གསོ་བཞིན་བཞུགས་སྐབས། བྲག་གོང་ཞིག་གི་འགྲམ་ནས་བ་དཀར་པོ་ཞིག་འོང་སྟེ་ཕ་དམ་པར་འོ་མ་ཕུལ་བས་དབང་མེད་དུ་“ཨ་མ་”ཞེས་གསུང་ཤོར་བས་བྲག་གོང་ལའང་ཨ་ཡིག་རང་བྱོན་དོད། བྲག་གོང་དེ་ད་ལྟའང་མཇལ་རྒྱུ་ཡོད་ལ། བྲག་ཨ་མ་ཞེས་ཀྱང་ཟེར། དེ་ནས་བརྡ་མ་ལ་ཞེས་པའི་ཤར་གྱི་ལ་ཉག་ཏུ་ས་དཔྱད་གཟིགས་པར་ཕེབས་སྐབས་མ་དང་མཁའ་འགྲོ་རྣམས་ཀྱིས་བསུ་མའི་ཚུལ་དུ་བརྡ་མ་སོགས་ལྷ་ཡིས་རོལ་ཆ་བཀྲོལ་བ་གཟིགས་པས་བརྡ་[page 60] མ་ལ་ཞེས་པ་དེ་ལྟར་བྱུང་།

དེ་ནས་ད་ལྟའི་དགོན་ཆགས་ཡུལ་དེར་ཕེབས་པས་སླར་ཡང་མ་དང་མཁའ་འགྲོ་རྣམས་ཀྱིས་གར་འཁྲབ་པ་གཟིགས་པས། ད་གནས་འདིར་མོ་དགོན་ཞིག་འདེབས་དགོས་པ་འདྲ་དགོངས་ཏེ་བཙུན་མའི་དགོན་ཞིག་བཏབ། དགོན་པའི་མཚན་དུ་གར་དགོན་བསམ་གཏན་གླིང་ཞེས་གསོལ། ཞི་བྱེད་ཀྱི་ཕྱག་བཞེད་གཏོད། དེ་ནས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཙམ་དུ་བཙུན་མ་རྣམས་ཀྱིས་བྲག་རི་མཁན་ཆེན་རྒྱ་མཚོ་མཐའ་ཡས་ཀྱི་ཞབས་ལ་གཏུགས་ཏེ་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། དེ་ནས་བཟུང་བྲག་རི་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱིས་དགོན་དེ་སྐྱོང་བར་མཛད་པས་དགོན་བདག་བྲག་རི་བླ་བྲང་ནས་གནང་། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ནང་ཛྷི་ཀྵིམ་གྱི་ཕ་དམ་པ་སངས་རྒྱས་ཀྱི་སྐུ་བརྙན་བྱིས་པ་ལོ་གཉིས་ཙམ་དང་། རྗེ་སྐུ་འབུམ་ནས་གདན་དྲངས་པ་རྗེ་ཙོང་ཁ་པའི་འཁྲུངས་རབས་ལེབ་ཐང་བཅུ་དྲུག་ཅེས་པ། སྨན་འདམ་གྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཐོག་ཚད་མ། གསེར་ཟངས་ཀྱི་རྒྱལ་བ་ལྔ་པའི་སྐུ་བརྙན་མི་ཚད་མ། གསེར་ཟངས་ཀྱི་བྲག་རི་སྐུ་ཕྲེང་དང་པོ་རྒྱ་མཚོ་མཐའ་ཡས་ཀྱི་སྐུ་བརྙན། ཐུགས་རྟེན་དུ་ཤར་ལིའི་མཆོད་རྟེན་བརྒྱད། གཞན་ཡང་རྒྱ་གར་ཤར་ནུབ་ཀྱི་ལིའི་མཆོད་རྟེན་དང་། སྐུ་བརྙན་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད་ལ་ཡང་སྟེང་གཟིམ་ཆུང་སོགས་ལའང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད། སྔོན་བཙུན་མ་བརྒྱ་ལྷག་གིས་གཙོ་བོ་དགེ་ལྡན་ལུགས་ཀྱི་མདོ་ཆོག་གནས་བརྟན་ཕྱག་མཆོད་དང་། སྨན་བླ། སྔགས་ཆོག་བླ་མ་མཆོད་པ་དང་འབྲེལ་བའི་བདེ་མཆོག་དང་། རྣལ་འབྱོར་མ། མགོན་ཆོས་སྡེ་བཞི། ཕ་དམ་པ་སངས་རྒྱས་ཀྱི་བཀའ་སྲུང་ཨ་གྷུ་ར་སོགས་ཀྱི་བསྐང་གསོ། ལྷག་པར་དུ་སྟག་ཕུ་གར་དབང་རིན་པོ་ཆེའི་གཟིགས་སྣང་དུ་བྱུང་བའི་བླ་ཆེན་རྣམས་མཁའ་འགྲོ་བསུ་ལྡོག་ཅེས་པའི་གར་འཆམ་བཀའ་རྒྱ་མ་དེའང་བསྐྱོན་སྲོལ་ཡོད། གཞན་ཡང་དགོན་དེའི་རྒྱབ་རིར་སྒྲོལ་མའི་རང་བྱོན་དང་། [page 61] ཤར་རི་འཇམ་དབྱངས་ཀྱི་བླ་རི་དང་དེའི་འོག་གནས་བརྟན་བྲག་རི། ནུབ་རིར་བདེ་མཆོག་གི་ཕོ་བྲང་། བབས་ཆུར་རྣལ་འབྱོར་མའི་གཟུངས་སྒྲ་སྒྲོག་པ། ཕ་དམ་པ་སངས་རྒྱས་དགོན་དེ་ནས་ཕེབས་སྐབས་སྔར་གྱི་བ་དཀར་པོ་དེས་རྗེས་སུ་འབྲངས་པས་“ཨ་མ་མ་ཡོང་ཨ་མ་སྡོད་”ཅེས་ཕྱག་འཁར་ཕ་ཝང་ཞིག་ལ་བཙུགས་པས་བ་དཀར་པོ་ཕ་ཝང་ལ་ཐིམ་པའི་རང་བྱོན་སོགས་མཇལ་རྒྱུ་ཡོད། ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། གནས་རི། རང་བྱོན་སོགས་མཇལ་རྒྱུ་ཡོད།

ཕ་བོང་ཁ།

མཚན་གཞན་ལ་སྐུ་མཁར་མ་རུའམ། ཕ་བོང་ཁ་བྱང་ཆུབ་ཤིང་གི་གནས་སོགས་ཞུ། གར་རི་དགོན་དང་ཆུ་བཟང་རི་ཁྲོད་ཀྱི་བར་དུ་དགོན་དེ་མཇལ་རྒྱུ་ཡོད། དགེན་དེ་ནི་ཐོག་མར་ར་ས་གཙུག་ལག་ཁང་བཞེངས་པ་ལ་བགེགས་བར་སྣ་ཚོགས་བྱུང་སྟབས་ཆོས་རྒྱལ་ཡབ་ཡུམ་རྣམས་གནས་དེར་ཕེབས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་པ་མཛད་པ་ལ་མི་རིང་བར་ནམ་མཁའ་ནས་འཕགས་པ་ཞལ་གཟིགས་བྱུང་ཏེ་བོད་འདི་ནི་སྲིན་པོ་གན་ཀྱལ་དུ་ཉལ་བ་ལྟ་བུའི་ས་པྲ་ལྡན་པས་དེ་ལྡོག་ཆེད་དུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་དགོས་པའི་ལུང་བསྟན། རྒྱལ་པོས་ཞིབ་པར་མཇལ་བས་སྤྱན་རས་གཟིགས་རིགས་གསུམ་མགོན་པོ་དང་བཅས་པ་བྲག་ལ་ཐིམ་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་རྗེས་ཆོས་རྒྱལ་གྱིས་རིག་པའི་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་བཏང་གནང་བ་འབྱོར་ཉེའི་མཚམས་སུ། ད་ནི་ངོས་ཀྱི་རིག་པའི་བློན་པོ་སླེབས་ལ་ཉེ་བས་དེའི་བཞུགས་གནས་གང་དུ་འདེབས་སམ་དགོངས་ཏེ། ཕོ་བྲང་དམར་པོའི་ཡང་སྟེང་ནས་གཟིགས་པས་གནས་དེ་ཁྱད་པར་ཅན་དུ་གཟིགས་ཏེ་ས་ཡ་ཀིར་ཕ་བོང་རུས་སྦལ་འདྲ་བ་ཞིག་འདུག་པ་དེའི་སྟེང་ངའི་རིག་པའི་བློན་པོའི་ཕོ་བྲང་ཐོབས་ཤིག་ཅེས་བཀའ་[page 62] གནང་བ་བཞིན་ཕ་བོང་དེ་སྟེང་རྩིག་རྨང་སོ་ཕག་ལ་ཁྲོ་ཆུ་འཁོལ་མ་སྦྱར་ཏེ་ཕོ་བྲང་ཐོག་བརྩེག་དགུ་ཅན་བཞེངས། ཕྱོགས་བཞིར་ལྕགས་ཐག་གིས་བཏགས་ཏེ་བརྟན་པར་བྱས། དེ་ནས་ཐོན་མིའང་བོད་དུ་ཕེབས། ཕ་བོང་ཁའི་སྐུ་མཁར་མ་རུར་བཞུགས་ཏེ་བཅུ་ཕྲག་རིག་པའི་གནས་རྣམས་རྒྱལ་པོར་གསོལ་བཞིན་ལོ་གསུམ་བཞུགས། རིག་གནས་རྣམས་རྒྱལ་པོས་མཁྱེན་རྗེས་སླར་ཡང་བོད་རང་དང་མཐུན་པའི་བོད་ཡིག་ཅིག་བཟོ་དགོས་པའི་བཀའ་ཕེབས་པ་བཞིན་རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། བོད་ཡིག་སོ་བཞིར་གཏན་ལ་ཕབ་ཞེས་ད་ལྟའི་བོད་ཡིག་འདི་ཉིད་གཏན་ལ་ཕབ། ཡིག་ཕུད་དུ་ད་ལྟ་མཇལ་རྒྱུ་ཡོད་པའི་ཡིག་ཕུད་མ་ཎི་དང་དེ་འབྲེལ་གྱི་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་ཀྱང་བརྩམས་གནང་མཛད་པ་ལ་ཕྱིས་སུ་བསྟན་བཅོས་བརྒྱད་ཀྱི་དང་པོ་སུམ་ཅུ་པ་དང་། དྲུག་པ་རྟགས་ཀྱི་འཇུག་པ་ལས་དེ་བྱིངས་ད་ལྟ་མཇལ་རྒྱུ་མེད། དེ་ལྟར་སྐུ་མཁར་མ་རུ་ཞུ་བའང་རྒྱལ་བློན་རྣམས་གནས་དེར་ཡུན་རིང་བཞུགས་ཏེ་ཕོ་བྲང་མཛད་པས་ཡིན།

དེ་རྗེས་དགེ་བཤེས་པོ་ཏོ་བའི་སློབ་མ་དགེ་བཤེས་བྲག་དཀར་བ་ཞུ་བས་གནས་དེར་དགེ་འདུན་གྱི་སྡེ་བཙུགས་གནང་མཛད་དེ་ཡུན་རིང་བསྐྱངས། དེ་རྗེས་དགེ་བཤེས་ཕ་བོང་ཁ་ཐོག་མར་རྟག་བརྟན་རི་ཁྲོད་དང་། བཀྲ་ཤིས་ཆོས་གླིང་རི་ཁྲོད་དུ་ཡུན་རིང་བཞུགས་པ་དང་། དེ་ནས་ཕ་བོང་ཁར་བཞུགས་ཏེ་ཆོས་འཁོར་རྒྱ་ཆེར་སྤེལ་གནང་བས་གནས་མིང་བླ་མར་ཐོགས་ཏེ་སྐྱབས་རྗེ་ཕ་བོང་ཁ་ཞེས་པ་དེ་ལྟར་བྱུང་།

སྔོན་ཆོས་རྒྱལ་དུས་བཞེངས་པའི་ཕོ་བྲང་དགུ་ཐོག་ཅན་མཇལ་རྒྱུ་མེད་ཀྱང་ཕྱིས་སུ་བཞེངས་པའི་ཕ་བོང་ཁའི་ཕོ་བྲང་གསུམ་ཐོག་ལ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་བྱིན་ཅན་གྱིས་གཙོས་རྟེན་དང་བརྟེན་པ་དང་། ཕ་བོང་འོག་ཏུ་ཆོས་རྒྱལ་གྱི་བཞུགས་ཁྲི་དང་། ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བརྙན། རིགས་གསུམ་ལྷ་ཁང་ནང་རིགས་གསུམ་མགོན་པོའི་རང་བྱོན་དང་། ཡིག་ཕུད་མ་ཎི། གཞན་[page 63] ཡང་རྒྱ་བཟའི་ཕོ་བྲང་དང་། བཀའ་གདམས་མཆོད་རྟེན་བརྒྱ་དང་བརྒྱད། ལྷ་བཙུན་བླ་བྲང་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་རྩིག་པའི་སྟེང་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྔོན་གྱི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་རིན་པོ་ཆེ། རིགས་གསུམ་ལྷ་ཁང་རྒྱ་བསྐྱེད་གནང་བའི་ནང་རིག་གསུམ་མགོན་པོའི་རང་བྱོན། ཡིག་ཕུད་མ་ཎི་དང་། སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ། རིགས་གསུམ་ལྷ་ཁང་གི་འོག་ཏུ་བདེ་མཆོག་གི་སྤྱན་གྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་ནུབ་བྱང་ངོས་ཀྱི་རི་ལྡེབས་སུ་གསེར་ཕུག་ཅེས་པའི་ཕུག་པ་ཞིག་ཡོད་པ་དེ་ནས་གཙུག་ལག་ཁང་བཞེངས་སྐབས་གསེར་གཏེར་བཞེས་པ་ཞེས་དང་། ཡང་དགོན་དེའི་ལྟག་ཏུ་ཐེག་ཆེན་ཕུག་ཅེས་རྗེ་ཙོང་ཁ་པས་ཐེག་ཆེན་གསོ་སྦྱོང་ཐོག་མར་བཞེས་ས་དང་། ཡང་དགོན་དེའི་བྱང་ཤར་ངོས་ཀྱི་ལ་ཉག་ཏུ་བཀྲ་ཤིས་ཆོས་གླིང་རི་ཁྲོད་ཅེས་ལྷ་བཟང་ཧན་གྱིས་བཏབ་པ་ཞེས་པའི་རི་ཁྲོད་དེ་ལ་གདུགས་ཡུར་རི་ཁྲོད་ཀྱང་ཟེར། གདུགས་ཡུར་རི་ཁྲོད་ཅེས་པ་ནི། ལྷ་སའི་ཁོར་ཡུག་གི་རི་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བས་ཉང་བྲན་འཕན་དཀར་གྱི་རི་ལ་དབུ་ལ་གདུགས་ཞེས་ཟེར་བས། བཀྲ་ཤིས་ཆོས་གླིང་རི་ཁྲོད་ཆགས་ས་དེར་གདུགས་ཀྱི་ཡུ་བ་འཁེལ་བས་གདུགས་ཡུར་རི་ཁྲོད་ཅེས་པ་དེ་ལྟར་དང་། ཡང་དེ་ནས་ཅུང་འཛེགས་ན་སྟག་པུ་རྡོ་རྗེ་འཆང་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། སྐྱབས་རྗེ་ཕ་བོང་ཁ་སོགས་བཞུགས་མྱོང་བའི་རྟག་བརྟན་ཨེ་བཟང་ཕུག་ཅེས་པ་མཇལ་རྒྱུ་ཡོད། ཕུག་པ་དེར་བདེ་མཆོག་གི་སྤྱན་གྱི་རང་བྱོན་ཞིག་ཡོད་པ་དང་དེའི་འོག་ནས་བབས་པའི་སྒྲུབ་ཆུ་ནི། ནད་རིགས་ཀུན་ལ་ཕན་ཅིང་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ཞེས་གསུངས།

ཆུ་བཟང་རི་ཁྲོད།

མཚན་རྒྱས་པར་ཆུ་བཟང་རི་ཁྲོད་ཡིད་དགའ་[page 64] ཆོས་འཛིན་ཞེས་ཞུ། སེ་ར་དགོན་ནས་གཡས་ངོས་སུ་སྤྱི་ལེ་བཞི་ལྔ་ཙམ་འཁོར་ལམ་བརྒྱུད་སོང་ན་སྤྱི་གསོ་སྐོར་ཞེས་པའི་གྲོང་གི་རི་ལྡེབས་སུ་རི་ཁྲོད་དེ་མཇལ་རྒྱུ་ཡོད། རི་ཁྲོད་དེ་ནི་སྤྱི་ལོ་༡༦༩༦ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱག་བཏབ་གནང་མཛད། རྒྱལ་བ་ལྔ་པའང་གནས་དེར་ཞབས་བཅག་མྱོང་ཡོད། དེའང་རི་ཁྲོད་དེའི་རྟག་ཏུ་བྱ་རྒོད་ཆུ་མིག་ཅེས་པ་ཆུ་བཟང་བ་ཞིག་ཡོད་པ་དེ་ནས་བྱ་རྒོད་ཀྱིས་ཆུ་བཏུངས་པ་རྒྱལ་བ་ལྔ་པས་གཟིགས་པས་ཆུ་མིག་དེར་བྱ་རྒོད་ཆུ་མིག་དང་རི་ཁྲོད་དེར་ཆུ་བཟང་རི་ཁྲོད་ཅེས་འདོགས་གནང་མཛད། ཐོག་མར་གནས་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཡུམ་གྱི་ཚོགས་བསགས་གྲིབ་སྦྱངས་གནང་སར་བསྐྱོན་པ་ཡིན་ཞེས་གསུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ཉང་བྲན་གྲོང་སྨད་ཅེས་པར་སྐུ་འཁྲུངས (ཞེས་འཁྲུངས་ཁང་དེ་ནི་རི་ཁྲོད་དེ་དང་ཉེ་བའི་གཡས་ངོས་སུ་ཡོད)དེ་ནས་ཆུ་བཟང་བླ་མ་རིན་པོ་ཆེའམ་སྟག་ཕུའི་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་ཕེབས་ནས་དགོན་དེ་རྒྱ་བསྐྱེད་བྱུང་། སེ་ར་བྱེས་སྨད་གྲྭ་ཚང་སོ་སོ་ནས་དགེ་སློང་བརྒྱད་རེ་གཏན་བཞུགས་གནང་དགོས་པ་ཡིན། དེ་རྗེས་རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ་ཕ་བོང་ཁ་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ། བྲག་རི་རིན་པོ་ཆེ་སོགས་ཀྱི་བླ་བྲང་ཡོད་ལ་གནས་དེར་བླ་མ་དེ་དག་གིས་གསུང་ཆོས་རིམ་པར་གནང་བས་སྔོན་འདུ་ཁང་ཀ་བ་ཉི་ཤུའི་སར་ཆོས་རྒྱལ་སྲོང་བཙན་གྱིས་གཏེར་ལས་བཞེས་པའི་རྡོ་སྐུ་རིན་པོ་ཆེ་ཞེས་རྡོའི་ཐུབ་དབང་གི་སྐུ་བརྙན་སོགས་རྟེན་དང་བརྟེན་པར་བཅས་དང་། རྣལ་འབྱོར་ལྷ་ཁང་ནང་རྣལ་འབྱོར་མའི་སྐུ་བརྙན་ཐོག་སོ་གཅིག་ལྷག གུ་རུ་ལྷ་ཁང་ནང་གུ་རུ་མཚན་བརྒྱད་སོགས་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་རྡོ་སྐུ་རིན་པོ་ཆེས་དབུས་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཀེའུ་ཚང་ནུབ་རི་ཁྲོད།

ཀེའུ་ཚང་ནུབ་རི་ཁྲོད་ནི། སེ་ར་ཤར་དུར་ཁྲོད་ནས་སྤྱི་ལེ་གསུམ་བཞི་ཙམ་བྱང་ངོས་གླང་ཆེན་རི་བརྒྱུད་ནས་འཛེགས་ན་རི་ཁྲོད་དེར་སླེབས་ཀྱི་རེད། (ཀེའུ)ཞེས་པ་ནི། བྲག་ཕུག་གམ་དབེན་པའི་དོན་དང་། རི་ཁྲོད་དེར་ཐོག་མར་གུང་ཐང་བླ་མ་ཞང་དང་། རྗེ་ཙོང་ཁ་པའི་བཞུགས་གནས་དང་ཡི་གེ་ཨའི་རང་བྱོན་དང་ཕྱག་རྗེས་སོགས་ཡོད་པ་ལ། དེ་རྗེས་སེར་བྱེས་མཁན་པོ་བྱམས་པ་སྨོན་ལམ་སྐུ་ན་བགྲེས་པོ་ཆགས་པའི་དུས་ཕྱག་མཛོད་ཀྱིས་ད་ཁྱེད་ནི་སྐུ་ན་བགྲེས། བླ་མའི་ཡང་སྲིད་ནི་གཅིག་ལས་གཅིག་སླ་བ་ཞིག་ཆགས་ཏེ་མཐར་བླ་བྲང་དེ་སྡིག་ཚང་ལྟ་བུ་ཞིག་ཏུ་འགྱུར་གྱི་འདུག དེས་ན་མཁན་རིན་པོ་ཆེ་ཡུན་རིང་ཀེའུ་ཚང་རི་ཁྲོད་དུ་བཞུགས་པར་མཛོད། ཁྱེད་དགོངས་པ་གཞན་དོན་དུ་ཕེབས་ན་བླ་བྲང་ཡང་ཁྱེད་ཀྱི་རྗེས་སུ་བཏང་ནས་མེད་པ་བཟོ་གི་ཡིན་ཞེས་ཞུས་པས། མཁན་པོས་ཕྱག་མཛོད་ལགས་དེ་ལྟར་མ་གསུང་། ང་ཡིན་ཅིག་ཐེངས་གཅིག་འོང་དགོས་ཞེས་གསུངས་པས། འོན་ན་ཁྱེད་ཡིན་ཅིག་ཕེབས་ན་རྡོ་རིང་ལྷ་ལྕམ་རང་ལ་ཕེབས་པར་ཞུ། ང་རྩད་གཅོད་བདེ་ཞེས་ཞུས་པ་ལྟར་ཀེའུ་ཚང་བྱམས་པ་སྨོན་ལམ་གྱི་ཡང་སྲིད་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་ལྷ་ལྕམ་ལ་༡༧༩༡ལོར་འཁྲུངས། མཚན་ལ་བློ་བཟང་འཇམ་དབྱངས་སྨོན་ལམ་ཞེས་གསོལ། ཐོག་མར་དགེ་འདུན་བཞི་གྲྭ་གཅིག་ནས་རྗེས་སུ་དགེ་སློང་༢༧གྱིས་གཙོས་དགེ་འདུན་བདུན་ཅུ་ཙམ་བར་འཕེལ། སྔོན་འདུ་ཁང་ཀ་བ་དྲུག་ནང་རྟེན་གཙོ་གསེར་ཟངས་ཀྱི་བྱམས་པ་ཐོག་[page 73] སོ་གཅིག་ཙམ་དང་། དེའི་གཡས་གཡོན་དུ་ཀེའུ་ཚང་སྐུ་ཐོག་བཞིའི་དངུལ་གདུང་མདའ་ཚད་ལྷག་དང་། སྐུ་ཐོག་སོ་སོའི་སྐུ་བརྙན། གསེར་བྲིས་ཀྱི་བརྒྱད་སྟོང་པ་དང་། མདོ་སྡེ་སྐལ་བཟང་། ཡང་ཐོག་ལྷ་ཁང་ནང་གསེར་ཟངས་ཀྱི་ཐུགས་རྗེ་ཆེན་པོ་མི་ཚད་ལྷག་དང་། དེའི་གཡས་གཡོན་དུ་ས་དགེ་བཀའ་རྙིང་གི་གསུང་འབུམ་མང་པོ་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་ཁང་བུ་མཆོད་རྟེན་གྱི་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་དྲུག་གི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་འཁོར་ལམ་སྤྱིར་བཏང་བའང་ཡོད།

ཀེའུ་ཚང་ཤར་རི་ཁྲོད་ནི། ཀེའུ་ཚང་ནུབ་ནས་བྱང་ལམ་བརྒྱུད་སོང་ན་གཡང་གཟར་ཅན་གྱི་བྲག་ལྡེབས་སུ་ཆགས་ཡོད། རི་ཁྲོད་དེ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་སེ་ར་ཀེའུ་ཚང་འཇམ་དབྱངས་བློ་གསལ་གྱིས་ཕྱག་བཏབ། རྗེས་སུ་ཕུར་ལྕོག་སྤྲུལ་སྐུ་ན་རིམ་ནས་ཞལ་བདག་མཛད། ཀེའུ་ཚང་ཤར་ནུབ་རི་ཁྲོད་གཉིས་ནི་ཤིན་ཏུ་གཡང་གཟར་ཆེ་བའི་བྲག་སྐེད་དུ་བཏབ་ཡོད་པས་སྒེའུ་ཁུང་ནང་ནས་འོག་ཏུ་བལྟ་སྐབས་ལུས་ཀྱི་ཁྲག་རྩ་ཡོངས་རྫོགས་འཐེན་པ་ལྟ་བུ་བྱེད། དེའང་སྔོན་བཤན་པ་ཞིག་ལུག་གསོད་པའི་གྲབ་བྱས་ཏེ་གྲི་བརྡར་ནས་ལུག་དང་ཉེ་བར་བཞག དེ་ནས་ལག་པ་བཀྲུ་བར་བརྩམ་སྐབས་ལུག་དེས་བཤན་གྲིའི་སྟེང་ཐལ་བ་གཡོགས་པ་བཤན་པས་མཐོང་སྟེ་འགྱོད་པ་དྲག་པོས། ང་ནི་སེམས་ཅན་གྱི་སྲོག་གཅོད་མཁན་སྡིག་པ་ཅན་ཞིག་ཡིན་འདུག་ང་ལྟ་བུ་ཤི་ན་སེམས་ཅན་འདི་ཐག་ཚེ་ཐར་སྙམ་སྟེ་དེ་མར་ཀེའུ་ཚང་བྲག་གི་གཡང་གཟར་ཅན་སྟེང་ནས་མཆོངས་པས། བཤན་པ་དེར་ངེས་འབྱུང་དྲག་པོ་དེ་ལྟ་བུ་སྐྱེས་པའི་སྟོབས་ཀྱིས་སྡིག་ལྟུང་རྣམས་ཡོངས་སུ་དག་སྟེ་ས་སྟེང་དུ་མ་ལྷུང་བར་འཕུར་བ་ལྟར་དོག་བདེ་མདའི་ཞིང་ཞིག་གི་སྟེང་དུ་བབས། ཕྱིས་སུ་གནས་དེར་བསང་ཁོག་ཅིག་ཀྱང་ཡོད། དོན་ནི་ཀེའུ་ཚང་དུ་སྒྲུབ་པ་བསྐྱོན་བཞིན་བཞུགས་པའི་མཚམས་པ་ཞིག་གིས་གཟིགས་པས། ཁོ་བཤན་པ་མི་ཚེ་[page 74] སྡིག་ལས་ཁོ་ན་བྱས་ཀྱང་ད་ལམ་ས་སྟེང་དུ་མ་ལྷུང་བར་ནམ་མཁར་འཕགས་ཐུབ་པས་ན། ང་མི་ཚེ་སྒྲུབ་ལ་བརྩོན་པ་ཞིག་ས་སྟེང་དུ་ཅི་ནས་ལྷུང་སྙམ་སྟེ་བྲག་སྟེང་དེ་ལས་མཆོངས་པས་སྐད་ཅིག་ཉིད་དུ་ས་སྟེང་དུ་རྡབ་སྟེ་གཤེགས། དེའི་ཤུལ་དུ་མཆོད་རྟེན་ཞིག་ཀྱང་བཞེངས་ཡོད། དེ་ལྟར་བཤན་པ་དང་མཚམས་པ་གཉིས་སྐུལ་སློང་འཁྱེར་སྟངས་ཀྱིས་འབྲས་བུ་མི་འདྲ་བ་སོ་སོར་བྱུང་།

གནས་སྒོ་གདོང་།

ད་ལྟ་གསར་བཞེངས་གནང་བའི་གནས་སྒོ་གདོང་བཙུན་མའི་དགོན་དུ་[page 77] འཕགས་པ་ལོ་ཀེ་ཤཱ་རི་སོགས་སྔོན་གྱི་རྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གྲྭ་བཞི་དགོན།

མཚན་རྒྱས་པར་གྲྭ་བཞི་བརྟེན་བཞུགས་ཆོས་འཁོར་[page 71] གླིང་ཞེས་ཞུ། སེ་ར་དགོན་ནས་གཡོན་ངོས་སུ་སྤྱི་ལེ་གསུམ་ཙམ་མར་ཡོང་ན་དགོན་དེར་སླེབས། ཐོག་མར་གནས་དེར་བཀའ་བརྒྱུད་པའི་དགོན་གནས་ཤིག་ཡོད་སྐད་ལ་རྒྱལ་བ་ལྔ་པའི་དུས་དགེ་དགོན་དུ་འགྱུར། དེནས་རྒྱལ་བ་ཡབ་སྲས་ཀྱི་བརྟེན་བཞུགས་དགོན་དུ་འགྱུར་བས་“བརྟན་བཞུགས་ཆོས་འཁོར་གླིང་”ཞེས་པའང་རྒྱལ་བ་ལྔ་པས་བཏགས་གནང་བ་ཡིན་ཟེར། དེ་རྗེས་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་དུས་རྒྱ་སྐྱེད་གནང་བ་དང་། ཐོག་མར་གྲྭ་གྲངས་བཞི་ལས་མེད་སྟབས་གྲྭ་བཞི་ཞེས་པ་དེ་ལྟར་དང་དེ་རྗེས་དགེ་འདུན་ཉེར་ལྔ་བར་འཕར། སྔོན་འདུ་ཁང་ཀ་བ་༡༢ཀྱི་དབུས་སུ་འཇིམ་གྱི་རྒྱལ་བ་ལྔ་པའི་སྐུ་བརྙན་རྒྱབ་ཏུ་མཚན་བྱང་འཁོད་པ། པང་ཁེབས་སྟེང་མུ་ཏིག་གི་འབྲུག་རིས་ཡོད་པ་ཞིག་དང་། ཚེ་ལྷ་རྣམ་གསུམ། རྗེ་ཡབ་སྲས་གསུམ། གནས་བཅུ་མདའ་ཚད་ཙམ། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱི་འདྲ་སྐུ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རྒྱའི་དམག་དཔོན་ཁག་གིེས་རྒྱ་ཡིག་གི་མིང་བྱང་། སྲུང་མ་ལྕམ་སྲིང་། རིག་པའི་ལྷ་མོ། སྲོག་བདག བཀའ་འགྱུར་དཔར་མ་དང་། བསྟན་འགྱུར་གསེར་རིས། ཡང་ཐོག་ཏུ་ཀེའུ་ཚང་རིན་པོ་ཆེའི་གཟིམས་ཆུང་། དེའི་སྟེང་གསེར་ཟངས་ཀྱི་རྒྱ་ཕིབས་དང་རྒྱལ་མཚན་གཉིས་བཅས་ཡོད། ཤར་དུ་ལྷ་མོ་ཁང་ནང་གེ་སར་རམ་ཀྲེ་རིས་རྒྱལ་པོ་ཞེས་གོང་མའི་ཕུལ་བྱུང་གི་བློན་པོའི་སྐུ་བརྙན་རེད་ཅེས་ཟེར་བ་གཉིས་ཡོད་པས་དེའི་མདུནེས་པའི་མོ་འདེབས་སྲོལ་ཡོད། མོ་ཡིག་ནི་རྒྱ་ཡིག་ཡིན། དེ་རྗེས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དུས་ལྷ་མོ་ཁང་རྒྱ་སྐྱེད་གནང་། ཀེའུ་ཚང་སྐུ་ཐོག་གཉིས་པ་འཇམ་དབྱངས་སྨོན་ལམ་རྒྱ་ནག་གོང་མས་གདན་དྲངས་རྗེས་ཡར་ཕེབས་སྐབས་རྒྱ་ཡི་ལྷ་མོ་ཞིག་ཆིབས་ཞབས་སུ་འབྲངས་པས་ད་ལྟའི་གྲྭ་བཞིར་ཕེབས་སྐབས་ད་ཁྱོད་གནས་དེར་སྡོད། འདི་ནས་འོང་ས་མེད་ཅེས་གསུངས་པ་ད་ལྟའི་གྲྭ་བཞི་ལྷ་མོ་ཡིན། ཁྲའུ་ཆའན་བོད་ཡིག་ཏུ་བསྒྱུར། གཞིས་བདག་ཅེས་པ་ནི། ལྷ་ཁང་འོག་སྟེ་ཡ་མོན་དམག་སྒར་ནས་གདན་དྲངས་[page 72] པ་ཡིན། ད་ལྟ་འདུ་ཁང་རྙིང་པ་ཉམས་གསོ་གནང་བ་དང་། འདུ་ཁང་གསར་པ་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་ཁག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། སྔོན་དགོན་དེའི་གཤམ་དུ་གྲྭ་བཞི་ཡ་མོན་ལྷ་ཁང་དང་། རྒྱབ་ཏུ་གྲྭ་བཞི་དམག་སྒར། དེའི་ཤར་དུ་གྲྭ་བཞི་དངུལ་པར་ཁང་སོགས་ཀྱི་གནས་ཡུལ་ཡིན།

ནེ་ཕྱུང་རི།

ནེ་ཕྱུང་རི་ནི། ལྷ་ས་ནས་དོག་བདེ་བརྒྱུད་རྡོ་སྔོན་པོ་བར་སྤྱི་ལེ་བཞི་ལྔ་ཙམ་དང་། དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་འཛེགས་ན་བཙུན་མའི་དགོན་དེར་སླེབས་ཀྱི་རེད། ནེ་ཕྱུང་རི་ནི། སྤྱི་ལོའི་དུས་རབས་བཅུ་གཉིས་ཙམ་དུ་ཞང་གཡུ་བྲག་པའི་སློབ་མ་རབ་འབྱམས་ཆོས་རྗེས་བཏབ། དེའང་རབ་འབྱམས་ཆོས་རྗེས་ཐོག་མར་སེ་རྭ་དགོན་པའི་འགྲམ་དུ་དགོན་གནས་བཏབ་སྟེ་ཚལ་པ་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ། དེ་རྗེས་དུས་རབས་བཅོ་ལྔ་ཙམ་དུ་རྗེ་ཙོང་ཁ་པ་སེ་རྭ་ཆོས་སྡིངས་སུ་བཞུགས་སྐབས་སྒྲུབ་སྡེ་དེའི་བླ་སློབ་རྣམས་ཀྱང་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ཏེ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། དེ་ནས་སློབ་དཔོན་མཁའ་སྤྱོད་དཔལ་མོས་མཛད། མཁའ་སྤྱོད་དཔལ་མོ་ནི། དགུང་ལོ་༡༢ཐོག་བུ་ནས་བུ་མོར་འགྱུར་བ་ཞིག་ཡིན། དེ་ནས་མཁའ་སྤྱོད་དཔལ་མོས་མོ་དགོན་འདི་འདི་ན་མི་ལེགས་པས་གནས་གཞན་ཞིག་ཏུ་སྤོ་དགོས་དགོངས་པ་ལ། ཉིན་ཞིག་ནང་རྟེན་བཀྲམ་པའི་དཀྱིལ་ནས་རབ་འབྱམས་ཆོས་རྗེའི་གཏོར་ཆས་བླུགས་པའི་སྣོད་བྱ་ནེ་ལེ་སྟེ་པིང་ཀྱུར་མ་ཞིག་གིས་འཁྱེར་ཏེ་ད་ལྟའི་དགོན་ཆགས་ཡུལ་དེར་བསྐྱལ་བས་ནེ་ཕྱུང་རི་ཞེས་པའི་མཚན་ཐོགས། ཡང་དགོན་དེའི་གཡས་གཡོན་དུ་བྲག་རི་ཡིན་ཀྱང་དགོན་ཆགས་ཆུལ་དུ་ནེའུ་གསིང་ཆུང་ངུ་ཞིག་ཡོད་པས་ནེའུ་ཆུང་རི་ཞེས་པ། ཡང་གནས་དེར་མི་ཆུང་གི་དབྱིབས་འདྲ་བ་ཞིག་ཡོད་པས་མི་ཆུང་རི་སོགས་གསུང་སྲོལ་སྣ་ཚོགས་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་རྗེ་ཙོང་ཁ་པ། དགོན་དེའི་ཆུ་མིག་ནང་ནས་འཁྲུངས་པའི་རྡོ་ནག་གི་མགོན་པོ་ཕྱག་བཞི་སོགས་བཞུགས་སུ་གསོལ་ཡོད། སྔོན་བཙུན་མ་༡༨༠ཙམ་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པ་ཡིན། ད་ལྟ་སྔོན་གྱི་གྱང་[page 78] གོག་སྟེང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཕུར་བུ་ལྕོག

མཚན་རྒྱས་པར་ཕུར་ལྕོག་རིགས་གསུམ་བྱང་ཆུབ་གླིང་ཞེས་ཞུ། རྭ་ཁ་བྲག་ནས་ཕྲེད་ལམ་བརྒྱུད་སྤྱི་ལེ་གཉིས་གསུམ་ཙམ་རི་རྒྱབ་ཏུ་སོང་ན་རི་ཁྲོད་དེར་སླེབས། ཕུར་ལྕོག་ཅེས་པ་ནི། ཞང་འགྲོ་མགོན་གཡུ་བྲག་གིས་བྲག་ཕུར་བུའི་དབྱིབས་ཅན་གྱི་སྟེང་དུ་ཕོ་བྲང་ཟུར་ལྕོག་བཏབ་པས་མཚན་དེ་ལྟར་ཐོགས། དེ་ནས་སྤྱི་ལོ་༡༧༠༦ཙམ་ལ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོར་མ་ཅིག་ལབ་སྒྲོན་གྱི་སྲས་ཐོས་སྨོན་བསམ་གྲུབ་ཀྱིས་ཕུ་དོག་ཅིང་མདའ་བདེ་བའི་ཡུལ་དོག་བདེ་ཅེས་པར་མཁར་བཏབ་ན་བཟང་ཞེས་ལུང་བསྟན་པ་ལྟར་གནས་དེར་ཕེབས་སྐབས་དེར་མཆོད་རྟེན་དཀར་ཆུང་གིས་གཙོས་མཆོད་རྟེན་ཁ་ཤས་དང་། རིགས་གསུམ་ལྷ་ཁང་གི་ཤུལ་ཙམ་ལ་སྒྲུབ་གནས་བཏབ། སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་སེ་ར་རྩེ་དང་། རྭ་ཁ་བྲག ཕུར་བུ་ལྕོག་བཅས་བསྐྱངས་གནང་བ་ལ། རྗེས་སུ་ཕུར་བུ་ལྕོག་ངག་དབང་བྱམས་པ་ལ་གཏད་པས་གནས་མིང་བླ་མར་ཐོགས་ཏེ་ཕུར་ལྕོག་ངག་དབང་བྱམས་པ་ཞེས་པ་དེ་ལྟར་བྱུང་། གནས་དེར་ལོ་ལྟར་ལམ་རིམ་གསུངས། ཐོག་མར་འདུ་ཁང་ཀ་བ་བཞི་ནས་རིམ་བཞིན་རྒྱ་སྐྱེད་གནང་བ་དང་། ཕོ་ལྷ་མི་དབང་དུས་ཆོས་རྭའི་འདུ་ཁང་ཆེན་མོ་སོགས་རྒྱས་བསྐྲུན་གནང་། ཐོག་མར་དགེ་འདུན་བརྒྱད་གྲྭ་གཅིག་ནས་རིམ་བཞིན་བརྒྱད་བཅུ་ཙམ་བར་འཕེལ། སྔོན་འདུ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་སྒྲུབ་ཁང་དུས་བཞེངས་གནང་བའི་འཇིགས་བྱེད་དང་། སྒྲོལ་དཀར་སོགས་ཀྱི་སྐུ་བརྙན། རིགས་གསུམ་ལྷ་ཁང་ནང་རིགས་གསུམ་མགོན་པོའི་སྐུ་བརྙན་བཞེངས་གནང་ནས་རབ་གནས་མཛད་སྐབས་ཡིག་དྲུག་གི་རང་བྱོན་དུ་གཟིགས་སྣང་བྱུང་བ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ།

ད་ལྟ་གསར་བཞེངས་གནང་བའི་རི་ཁྲོད་ནང་སྔོན་གྱི་སྐུ་བརྙན་ཁག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ཡང་དེ་དང་ཉེར་བར་དུས་[page 76] རབས་བཅུ་བདུན་ཙམ་དུ་སེར་སྨད་མཁན་པོ་སྤང་ལུང་བློ་བཟང་ཐུགས་རྗེས་ཕྱག་བཏབ་གནང་བའི་སྤང་ལུང་རི་ཁྲོད་ཀྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

མཁར་རྡོ་རི་ཁྲོད།

མཚན་རྒྱས་པར་མཁར་རྡོ་བསམ་གཏན་གླིང་རི་ཁྲོད་ཅེས་ཟེར། དོག་བདེ་ཤར་ནུབ་གཉིས་མཚམས་ཀྱི་རི་སྟེང་དུ་རི་ཁྲོད་དེའི་རྗེས་ཤུལ་མཇལ་རྒྱུ་ཡོད། རི་ཁྲོད་དེ་ནི་སྤྱི་ལོ་༡༧༠༦ལོར་མཁར་རྡོ་བཟོད་པ་རྒྱ་མཚོའམ་བློ་བཟང་སྒོམ་ཆུང་ཞུ་བས་བཏབ། ཐོག་མར་གང་ཉིད་གནས་ངེས་མེད་ཡེར་པ་དང་། འཕན་པོ། ར་སྒྲེང་། འོལ་ཁ་སོགས་སུ་རྡེའུ་བཅུད་ལེན་དང་། མེ་ཏོག་བཅུད་ལེན། ཆུའི་བཅུད་ལེན་སོགས་མཛད་དེ་བྱོན། དེ་ནས་གནས་དེར་ཕེབས་ཏེ་རི་ཁྲོད་དེ་བཏབ། བླ་མའི་མཚན་རི་ཁྲོད་ལ་ཐོགས་པའམ། རི་ཁྲོད་ཀྱི་མིང་བླ་མར་ཐོག་པ་གང་ཡིན་མ་ངེས། རི་ཁྲོད་དེ་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

ཚལ་གུང་ཐང་།

མཚན་རྒྱས་པར་ཚལ་གུང་ཐང་གཙུག་ལག་ཁང་ཞེས་ཞུ། ལྷ་སའི་ཀུ་རུ་ཟམ་པ་ནས་ཤར་ངོས་སུ་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་ཙམ་སོང་ན་ཚལ་གུང་ཐང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ཚལ་ཞེས་པ་ནི། གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་རླུང་སྒོམ་སྟེ་ཕུར་བུ་ལྕོག་ཏུ་ཕེབས་སྐབས་ན་བཟའི་ཚལ་བུ་གནས་དེར་ལྷུང་བས། ཚལ་ཞེས་[page 79] དང་། ང་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ས་ལུམ་བིའི་ཚལ་གྱི་ཟུར་ཆགས་པ་སོགས་གསུང་སྲོལ་མི་འདྲ། གུང་ཐང་ཞེས་པ་ནི། རྗེ་བཙུན་མི་ལ་གནས་དེའི་ཆོས་འཁོར་གླིང་དུ་བཞུགས་སྐབས་ཡུལ་གུང་ཐང་གི་མིང་དེ་གནས་དེར་བཏགས་གནང་བ་ཡིན་གསུངས། དགོན་དེ་ནི་མཉམ་མེད་དྭགས་པོ་ལྷ་རྗེའི་ཡང་སློབ་བླ་མ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པས་

ལོར་ཚལ་ཡང་དགོན་དང་༡༡༨༧ལོར་གུང་ཐང་གཙུག་ལག་ཁང་བཏབ་གནང་མཛད། བཀའ་བརྒྱུད་ཕྱག་བཞེད་མཛད་པས་ཚལ་པ་བཀའ་བརྒྱུད་ཅེས་པའང་དེ་ནས་བྱུང་། བྱང་ངོས་ཡང་དགོན་ལ་ཚལ་དང་། ལྷོ་ངོས་གཙུག་ལག་ཁང་ལ་གུང་ཐང་། དེ་གཉིས་སྡེབས་པ་ལ་ཚལ་གུང་ཐང་ཞེས་ཟེར། གཞན་ཡང་བྱང་ངོས་སུ་ཚལ་དང་། དབུས་གླིང་ཞེས་གྲྭ་ཚང་གཉིས། ལྷོ་ངོས་སུ་གུང་ཐང་ཆོས་ཁྲི་ལྕོག་དང་། གཟིམ་ཁང་ཤར། ཆོས་འཁོར་གླིང་བཅས་དང་། དེ་ནས་དམག་འཁྲག་དང་མེ་སྐྱོན་སོགས་ཀྱིས་ཉམས་རྒུད་ཆེན་པོ་བྱུང་། དེ་རྗེས་དགའ་ལྡན་ཁྲི་ཐོག་དགུ་པའི་དུས་ནས་དགེ་ལྡན་དར་ཁྱབ་བྱུང་། རྒྱལ་བ་ལྔ་པའི་དུས་གང་གི་དབུ་བླ་ཟུར་ཆོས་དབྱིངས་རལ་གྲོལ་གྱིས་ཞལ་འཛིན་གནང་། དེ་རྗེས་ལྷ་བཟང་གིས་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ལ་དགོན་གཞིས་མ་ལག་དང་བཅས་པ་ཕུལ། དེའི་ཡང་སྲིད་བསྟན་པའི་སྒྲོན་མེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས། དེ་ནས་བཟུང་གུང་ཐང་ཚང་ཞེས་པའི་མཚན་བྱུང་བ་དང་། གུང་ཐང་གི་བདག་ཐོབ་ཀྱང་གུང་ཐང་བླ་བྲང་ནས་གནང་བ་བཅས་ཡིན། སྔོན་ཚལ་གུང་ཐང་གཙུག་ལག་ཁང་གི་འདུ་ཁང་ཀ་རིང་དང་ཀ་ཐུང་༢༤གཡས་ནས་རྩིས་པའི་རྣམ་སྲས་ལྷ་ཁང་དང་། ཚལ་པ་བཀའ་འགྱུར་བཞུགས་པའི་ཚེ་དཔག་ལྷ་ཁང་། ཞང་ལྷ་ཁང་། གཙང་ཁང་དབུས་མའི་ནང་ཇོ་བོ་ཐུགས་རྗེ་ཆེན་པོ་ཐོག་སོ་གསུམ་ཙམ་དང་། འཁོར་ཉན་ཐོས་གཉིས། དེའི་གཡོན་དུ་སྒྲོལ་མ་ལྷ་ཁང་དང་བྱམས་ཁང་། དེ་ནས་མགོན་ཁང་བཅས་ལ་རྟེན་དང་བརྟེན་པར་བཅས་བཞུགས། ད་ལྟ་སྔོན་གྱི་གུང་ཐང་གཙུག་ལག་ཁང་[page 80] ཉམས་གསོ་གནང་བའི་ནང་། སྔོན་གྱི་རྣམ་སྲས་ཀྱི་སྐུ་བརྙན་དང་། གཙང་ཁང་ནང་ཇོ་བོ་ཐུགས་རྗེ་ཆེན་པོའི་རྒྱབ་ཡོལ་དང་སྐུ་སྨད་སྔོན་གྱི་དེའི་སྟེང་གསར་བཞེངས་གནང་བ། མགོན་ཁང་ནང་སྔོན་གྱི་མགོན་པོ་ཕྱག་བཞི་དང་། མགོན་པོ་བྱ་རོག་གདོང་ཅན་གྱི་སྐུ་སྨད་སྟེང་གསར་བཞེངས་གནང་བ། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད། དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༡༥ལ་གུང་ཐང་མེ་ཏོག་མཆོད་པ་ཞེས་པའི་གར་འཆམ་བསྐྱོན་སྲོལ་ཡོད། དེ་ནི་བོད་ཀྱི་མཆོད་པ་ཆེན་པོ་བཞི་སྟེ་ལྷ་ས་བཅོ་ལྔ་མཆོད་པ། གུང་ཐང་མེ་ཏོག་མཆོད་པ། བསམ་ཡས་འདོད་བདེ་མཆོད་པ། རྭ་སྒྲེང་ཁུ་བྱུག་མཆོད་པ་བཅས་མཆོད་པ་བཞིའི་ཡ་རྒྱལ་ཡིན་གསུངས། མེ་ཏོག་མཆོད་པའི་ཉིན་ལོ་གཅིག་དུས་གཅིག་ལས་ཐུག་འཕྲད་མི་ཆོག་པའི་གྲིབ་རྫོང་བཙན་དང་། གུང་ཐང་དཔལ་ལྡན་ལྷ་མོ་གཉིས་ཐུག་འཕྲད་གནང་སྲོལ་ཡོད། གཞན་ཡང་གུང་ཐང་དུ་སྲི་གནོན་འབུམ་པ་གསར་བཞེངས་གནང་བ་དང་། སྔོན་གྱི་ལས་ནད་འབུམ་པའི་ཞབས་རྭ་སོགས་མཇལ་རྒྱུ་ཡོད།

ཚེ་མཆོག་གླིང་།

མཚན་རྒྱས་པར་བཀྲ་ཤིས་ཚེ་མཆོག་བསམ་གཏན་གླིང་དང་ཡང་གྲིབ་ཚེ་མཆོག་གླིང་སོགས་ཞུ། ལྷ་སའི་ཟམ་ཆེན་ནམ་ཀུ་རུ་ཟམ་པ་ནས་གྲིབ་ཅེས་པའི་གྲོང་དུ་སྤྱི་ལེ་གསུམ་ཙམ་བསྐྱོད་ན་དགོན་དེར་སླེབས་ཀྱི་རེད། གྲིབ་ཅེས་པ་ནི། སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་བཀྲོངས་རྗེས་རྟ་དཀར་པོར་སོལ་བ་བྱུག་པ་དང་། གོས་ཀྱི་ཕྱི་ནག་པོར་ནང་དཀར་པོ་ཡིན་པ་གྱོན་ཏེ་སྐྱིད་ཆུའི་རབ་ལས་ཐོན། རྟ་ལ་སོལ་བ་བྱུག་པ་ཆུས་དག་ནས་དཀར་པོར་གྱུར། གོས་ནག་པོ་ཕྱི་ནང་སློག་སྟེ་གྱོན་ནས་ཤར་གྱི་ཕྱོགས་སུ་བསྐྱོད། དེ་མར་རྗེས་འདེད་པ་རྣམས་དེར་འབྱོར་ཏེ་འདི་ནས་རྟ་ནག་མི་ནག་ཅིག་སོང་ངམ་ཞེས་པར། དེར་ཡོདཡུལ་མི་ཚོས་རྟ་ནག་མ་[page 81] མཐོང་རྟ་དཀར་མི་དཀར་ཞིག་རིབ་ཙམ་མཐོང་བྱུང་ཞེས་བཤད་པས་དེ་ནས་བཟུང་ཡུལ་དེར་རིབ་ཅེས་ཐོགས་པ་རིམ་བཞིན་གྲིབ་ཅེས་པར་སྒྲ་འགྱུར་ཞེས་ཟེར་སྲོལ་ཡོད། དགོན་དེ་ཕྱག་འདེབས་པ་པོ་ནི། སྐྱོད་གྲོང་བསམ་གཏན་གླིང་ཕྱག་འདེབས་པ་པོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ཞུ་བ་དེ་ཡིན། དཀའ་ཆེན་ཡེ་ཤེས་རྒྱ་མཚན་ནི། རྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ཡིན། ༡༧༨༧ལོར་གོར་དམག་གི་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་བཙན་བཟུང་བྱས་སྟབས་སྐྱིད་གྲོང་བསམ་གཏན་གླིང་གི་དགེ་འདུན་རྣམས་ཐོར་ཏེ་དཀའ་ཆེན་གྱི་དྲུང་དུ་བཅར་ནས་བདེ་སྡུག་རྣམས་ཞུས་པས། དཀའ་ཆེན་གྱིས་ཁྱེད་རྣམས་གང་འདོད་ལྟར་སོང་ཞེས་གསུངས་པར། རྒྱལ་བ་སྐུ་ཕྲེང་བརྒྱད་པས་ཁྱེད་ཚོའི་བླ་མ་ངས་གདན་དྲངས་པས་ཁྱེད་ཚོ་གང་འདོད་ལྟར་བཏང་ན་མི་འགྲིག་ལྷ་སའི་ཉེ་འདབས་སུ་དགོན་ཞིག་འདེབས་གསུངས་སྟེ་དགོན་པ་གང་དུ་འདེབས་མིན་དཔྱད་པར། དཀའ་ཆེན་གྱིས་རྩེ་པོ་ཏ་ལ་ནས་གཟིགས་སྐབས་ད་ལྟའི་དགོན་ཆགས་ཡུལ་དེར་ས་དཔྱད་ལེགས་པར་གཟིགས་ཏེ། ༡༧༩༠ལོར་དགོན་དེ་ཕྱག་བཏབ། ལྷ་སའི་གླིང་བཞིའི་ནང་ཚན་ཞིག་ཡིན། སྔོན་འདུ་ཁང་ཀ་བ་སོ་གཉིས་ཀྱི་གཙང་ཁང་ནང་དུས་གསུམ་སངས་རྒྱས་དང་། འདུ་ཁང་ནང་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་དངུལ་གདུང་ཐོག་ཚད་མ་དང་། དེའི་གཡས་གཡོན་དུ་དངུལ་སྐུ་སྐུ་ཚད་མ་རེ། བྲག་སྒོ་རབ་འབྱམས་པའི་ཐུགས་དམ་རྟེན་རྗེ་ཙོང་ཁ་པའི་སྐུ་བརྙན། དགེ་འདུན་ཞལ་གྲངས་༡༠༨ཀྱིས་རི་བོ་དགེ་ལུགས་ཕུག་བཞེད་མཛད་པ་བཅས་ཡིན།

ད་ལྟ་འདུ་ཁང་ཆེ་བ་ཉམས་གསོ་གནང་ཐུབ་མེད་ཀྱང་དབང་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་དེའི་ཤར་ངོས་རི་ལྡེབས་སུ་གྲིབ་རྫོང་བཙན་གྱི་སྐུ་མཁར་གསང་བཞེངས་གནང་བའང་མཇལ་རྒྱུ་ཡོད།།[page 82]

སྟོད་ལུང་བདེ་ཆེན་རྫོངས་ཁོངས་ཀྱི་གནས་སྐོར་ས་བཀྲ།

སངས་རྒྱས་དགོན་པ། སྣེའུ་རྫོང་ཤུལ། རྣམ་རྒྱལ་པེར་ཁང་། གསང་ཕུ་དགོན། ཉི་མ་ཐང་། རྩེ་སེར། ཁྲིམས་ཟམ། སྟག་ལུང་བྲག གཞོང་པ་ལྷ་ཆུ། ༡༠ སྐྱོར་མོ་ལུང་། ༡༡ དགའ་གདོང་། ༡༢ དབུ་འབུམ་མཆོད་རྟེན། ༡༣ སྣང་རྩེ་རྒྱལ་ཁང་། ༡༤ ལུམ་པ་ཟམ་པ། ༡༥ སྤར་ཕུ་དགོན། ༡༧ མཚུར་ཕུ་དགོན། ༡༨ གནས་ནང་དགོན། ༡༩ སྙན་དགོན། ༢༠ མཚོ་སྨད་དགོན། ༢༡ ལམ་ས་དགོན། ༢༢ རྭ་སྐོར་སྒོན། ༢༣ ཆུ་བཟང་། ༢༤ གཡུ་ཐོག་སྒང་། ༢༥ སྟོད་ལུང་ཆུ་ཚན། ༢༦ སྡིངས་ཁ་དགོན། ༢༧ ཕྱིར་མིག་ཆུང་། ༢༨ མཁའ་ལུང་རི་ཁྲོད། ༢༩ ར་ཚག་དགོན། ༣༠ ཆོས་ཁང་དམར་པོ། ○ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་།[page 83]

རྭ་ཁ་བྲག

རྭ་ཁ་བྲག་ནི། ཀེའུ་ཚང་ནུབ་ནས་ཆུ་ཚོད་སྐར་བཅུ་གྲངས་ཙམ་གྱེན་དུ་འཛེགས་ན་རི་ཁྲོད་དེར་སླེབས། རི་ཁྲོད་དེ་ནི། སྤྱི་ལོའི་དུས་རབས་༡༤པར་རྗེ་ཙོང་ཁ་པས་ཕྱག་བཏབ་གནང་མཛད་《དྲང་ངེས་ལེགས་བཤད་སྙིང་པོ》དག་གནས་དེར་མཛད། གཡས་གཡོན་དུ་མཁས་གྲུབ་རྗེ་དང་། རྒྱལ་ཚབ་རྗེའི་སྒྲུབ་ཕུག་ཀྱང་ཡོད། རྭ་ཁ་བྲག་ཅེས་པ་ནི། རྗེ་ཙོང་ཁ་པར་གོང་མ་ཏཱ་མིང་གི་གདན་ཞུ་འབྱོར་བར། རྗེ་ཙོང་ཁ་པས་གོང་མའི་ཕོ་ཉ་གཡོལ་བའི་ཆེད་དུ་རི་ཁྲོད་དེའི་ནུབ་ངོས་རི་སྟེང་དུ་བྲག་རི་གཡང་གཟར་ཅན་ཞིག་ཡོད་པ་དེའི་ནང་དུ་སྐུ་མཚམས་སུ་བཞུགས། དམ་ཅན་ཆོས་རྒྱལ་གྱིས་རྗེ་ཙོང་ཁ་པའི་རྗེས་སྙེགས་ཏེ་འོང་བས་གནས་དེར་སླེབས་སྐབས་བྲག་རི་སྒོ་མེད་དེའི་ནང་བཞུགས་ཡོད་པ་ཤེས་ཏེ་བྲག་རི་དེའི་གཤམ་དུ་དབུ་རྭ་བརྡར་ཤུལ་དང་། དེ་ནས་བྲག་བཤགས་ཏེ་རྗེ་ཙོང་ཁ་པ་མཇལ་སྟབས་རྭ་ཁ་བྲག་ཅེས་པའི་མཚན་དེ་ལྟར་བྱུང་གསུངས། དེ་ནས་རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ཕྱི་ལོ་སྟེ་༡༤༢༠ལོར་བྱམས་ཆེན་ཆོས་རྗེས་དགའ་ལྡན་ལྔ་མཆོད་དང་པོ་སྟེ་རྗེའི་དགོངས་རྫོགས་དང་པོ་དེ་གནས་དེར་གཏོང་གནང་མཛད། ལྔ་མཆོད་ཁང་ཞེས་པའི་ལྷ་ཁང་དེའང་དེ་ལྟར་བྱུང་། དེ་རྗེས་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ནས་ཨ་དགའ་བསོད་ནམས་བཟང་པོ་སོགས་ཀྱིས་བསྐྱངས། སྔོན་དགེ་འདུན་ཞལ་གྲངས་བཅུ་དགུ་ཙམ་ཡོད། སེ་ར་སྒྲུབ་ཁང་རྩེའི་ཁོངས་ཡིན། ད་ལྟ་གསར་བཞེངས་གནང་བའི་སྒྲུབ་ཁང་ནང་ཡི་གེ་ཨའི་རང་བྱོན་དང་། སྔོན་གྱི་སྒྲུབ་ཕུག་ཁག་དང་སྐུ་བརྙན་[page 75] གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

རི་བརྒྱ་བསམ་གཏན་གླིང་།

རི་བརྒྱ་བསམ་གཏན་གླིང་ནི། ལྷ་ས་ནས་ཤར་ངོས་སུ་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་སོང་ན་དགུ་རྩ་གྲོང་གི་བྱང་ངོས་རི་ལྡེབས་སུ་རི་ཁྲོད་དེའི་རྗེས་ཤུལ་མཇལ་རྒྱུ་ཡོད། རི་ཁྲོད་དེ་ནི་སྤྱི་ལོའི་དུས་རབས་བཅུ་བདུན་ཙམ་དུ་རི་བརྒྱ་སྤྲུལ་སྐུ་བྱམས་པ་བསྟན་འཛིན་གྱིས་ཕྱག་བཏབ་གནང་མཛད། རི་བརྒྱ་ཞེས་པ་ནི། གངས་ཅན་རི་ཆེན་བརྒྱ་ཡི་སྙིང་པོ་བསྡུས་པས་རི་བརྒྱ་ཞེས་དང་། བཀྲ་ཤིས་རྟགས་བརྒྱད་ཚང་བའི་རི་ཁྱད་པར་ཅན་ཡིན་ཞེས་གསུངས། སྔོན་འདུ་ཁང་དབུས་ཀ་རིང་གཉིས་དང་། ཀ་ཐུང་དྲུག་ཅན་ནང་གི་རྟེན་གཙོར་རྗེ་ཙོང་ཁ་པའི་སྐུ་བརྙན་རྡུལ་མི་བཞེས་པ་ཞེས་པ་དང་། དེའི་མདུན་རྒྱལ་བའི་བཞུགས་ཁྲི། བྲག་ཡེར་པའི་བྱམས་པའི་སྐུ་རྒྱུ་ལྷག་མ་ལས་བཞེངས་པ་བྱམས་པ་ཐོག་ཚད་མ་ཟིན་ཙམ། རྗེ་ཙོང་ཁ་པ་དང་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མི་ཚད་ལྷག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། གནས་བཅུ་བྲག་རི་མ། སྨན་བླ་བདེ་གཤེགས་བརྒྱད་སོགས་དང་། ཡང་སྟེང་དུ་རྒྱལ་བའི་གཟིམས་ཆུང་། གཞན་ཡང་འདུ་ཁང་ཤར་ནུབ་ཅེས་པ་སོ་སོར་ཡང་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། འོན་ཀྱང་རི་ཁྲོད་འདི་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

སེ་ར་དགོན།

མཚན་རྒྱས་པར་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་[page 65] ཞེས་ཞུ། ར་ཆེ་གཙུག་ལག་ཁང་ནས་བྱང་ངོས་སུ་སྤྱི་ལེ་བཞི་ལྔ་ཙམ་སོང་ན་དགོན་དེར་སླེབས་པ་ཡིན། སེ་ར་ཞེས་པ་ནི། ཐོག་མར་དགོན་དེའི་མཐའ་འཁོར་དུ་ཤིང་སེ་བའི་ར་བས་བསྐོར་ནས་ཡོད་པས་སེ་ར་ཞེས་དང་། ཡང་གསུངས་སྲོལ་གཞན་ལ་འཇམ་དབྱངས་ཆོས་རྗེས་རྗེ་ཙོང་ཁ་པར་ངས་དགོན་པ་འབྲས་སྤུངས་པ་ལྟར་ཞིག་བཏབ་ཡོད་ཅེས་ཞུས་པར། བྱམས་ཆེན་ཆོས་རྗེས་ངས་དགོན་པ་འབྲས་སྟེང་དུ་སེར་བ་བཏང་བ་ལྟ་བུ་ཞིག་བཏབ་ཡོད་ཅེས་ཞལ་ཤོབ་ཀྱི་ཕྱིར་དུ་གསུངས་པས་རྗེས་སུ་དགོན་མིང་དུ་དེ་ལྟར་ཐོགས་ཞེས་ཀྱང་ཟེར། དེའང་ཐོག་མར་དགོན་དེ་མ་ཆགས་གོང་སེ་ར་ཆོས་སྡིངས་སུ་རྗེ་ཙོང་ཁ་པ་ཡུན་རིང་བཞུགས་ཏེ་སློབ་མ་མང་པོར་ཆོས་གསུངས། ལྷག་པར་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་ཊིཀ་ཆེན་བརྩམ་པར་དགོངས་ཏེ་ཟབ་མོ་སྟོང་པ་ཉིད་ལ་བརྟག་ཅིང་དཔྱད་པའི་གཟིགས་སྣང་ལ་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་སྟོང་ཉིད་བཅུ་དྲུག་སོགས་ཨ་ཡིག་གི་རྣམ་པར་ཆར་ལྟར་བབས་པས་བྱེས་གྲྭ་ཚང་གི་ཆོས་རྭའི་ནང་གི་བྲག་གོང་ཆེན་པོ་ཞིག་གི་སྟེང་འབུར་དོད་དུ་ཡོད་པ་དེང་སང་ཡང་མཇལ་རྒྱུ་ཡོད་ལ། མི་སོ་སོར་ཨ་ཡིག་མང་ཉུང་མཇལ་ཚུལ་མི་འདྲ་བ་ཡོད་ཅེས་ཟེར། རྗེ་ཙོང་ཁ་པར་དེ་ལྟའི་གཟིགས་སྣང་བྱུང་སྟབས་མ་འོངས་པར་གནས་དེར་དབུ་མ་མཁས་པའི་ཆོས་སྡེ་ཆེན་པོ་ཞིག་ཆགས་འོང་ཞེས་ལུང་བསྟན། དེ་ནས་མི་རིང་པར་བྱམས་ཆེན་ཆོས་རྗེ་ལ་ཆོས་སྡེ་འདེབས་དགོས་པའི་བཀའ་བཀོད་མཛད་པ་བཞིན་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་སྦྱར་ནས་སྤྱི་ལོ་༡༤༡༩ལོར་དགོན་དེ་བཏབ། ཐོག་མའི་ཚོགས་ཆེན་ནི་ད་ལྟའི་སྔགས་པ་གྲྭ་ཚང་ཡིན། གྲྭ་ཚང་དེ་འདུ་ཁང་ཀ་རིང་དང་ཀ་ཐུང་༣༨ཀྱི་གཙང་ཁང་གཡས་སུ་གནས་བཅུའི་ལྷ་ཁང་ཡོད། དེའང་རྗེ་ཙོང་ཁ་པ་རྒྱ་ནག་ཏཱ་མིང་ཡུང་ལོ་རྒྱལ་པོའི་དབུ་བླར་ཐེངས་དང་པོ་གདན་ཞུ་བྱས་པར་མ་ཕེབས། ཐེངས་གཉིས་པའི་གསེར་ཡིག་པའི་མདུན་རྗེ་ཉིད་ཕེབས་མ་ཐུབ་ན་གང་ཉིད་དང་མཁྱེན་རླབས་མཚུངས་པའི་སློབ་མ་ཞིག་གཏོང་གནང་མཛད་དགོས་ཕེབས་པ་བཞིན་བྱམས་[page 66] ཆེན་ཆོས་རྗེ་ཕེབས་རྒྱུ་མཛད། བྱམས་ཆེན་ཆོས་རྗེས་ཀྱང་རྗེ་ཙོང་ཁ་པའི་བཀའ་བཞིན་རྒྱ་ནག་ཏུ་ཕེབས་ཏེ་མཛད་འཕྲིན་ཤིན་ཏུ་རྒྱས་པ་བྱུང་། གོང་མའི་གཟིགས་སྣང་དུ་བྱུང་བ་བཞིན་དབུ་ཞྭ་ནག་པོ་རིགས་ལྔ་ཅན་དང་། ཙན་དན་དཀར་པོའི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་ཕུལ་བ་གཟུངས་སུ་བྱས་ཏེ་ལྷ་བཟོ་སྤྲུལ་སྐུ་སྣེའུ་ཆུང་པས་བཞེངས་པའི་ཐུབ་པ་བདུད་འདུལ་གཙོ་བོར་གྱུར་པའི་ཐུབ་པ་གནས་བརྟན་བཅུ་དྲུག་གི་གནས་བརྟན་ཡན་ལག་འབྱུང་འདི་གསུང་བྱོན་དུ་གྲགས་ཤིང་། དེའང་ཀུན་མཁྱེན་བློ་གྲོས་རིན་ཆེན་སེ་རར་ཕེབས་ཏེ་ལྷ་ཁང་འདིའི་ནང་ཕེབས་སྐབས་“ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས་བསྟན་པའི་རྒྱལ་མཚན་བཙུགས་པ་ལེགས”ཞེས་གསུང་བྱོན་པ་དང་། ཕྱག་ཀྱང་ཡར་ཕེབས་ཞུ་བའི་ཚུལ་དུ་ཡོད། ཡང་དགེ་བསྙེན་དྷ་རྨ་ཏ་ལའི་སྐུ་བརྙན་དེས་ཀྱང་“ཕུག་འདི་ཅུང་དོག་འདུག”གསུངས་ནས་ཕུག་པའི་ཕྱིར་མར་ཙམ་ཕེབས་ཡོད་པ་ཡང་ཀརྨ་ཆོས་གྲགས་རྒྱ་མཚོ་དང་རིན་སྤུངས་དོན་ཡོད་རྡོ་རྗེས་ལྷ་སའི་ཤར་ཕྱོགས་སུ་ཀརྨ་དགོན་གསར་བཏབ། གསེར་གསོལ་ལ་ཁ་གཡར་ཏེ་ནང་རྟེན་ཙན་དན་གྱི་སྐུ་རྣམས་བསྔོག་རྩིས་བྱས་ཏེ་གནས་བརྟེན་མ་ཕམ་པའི་ཐུགས་ཀར་གྲི་བཙུགས་པས“ངེད་རྣམས་འདིར་བཞག་པ་འགྲོ་དོན་ཆེ”ཞེས་གསུངས་བྱོན་པས་ཙན་དན་གྱི་སྐུ་རྣམས་འདོན་མི་ཕོད་པར་རང་སོར་བཞག་དགོས་བྱུང་བའི་ལྷ་ཁང་དང་། གཙང་ཁང་ཤར་དུ་རྗེ་ཙོང་ཁ་པའི་ཕྱག་བཟོ་འཇིགས་བྱེད་སོགས་ཀྱི་མགོན་ཁང་། འདུ་ཁང་ནང་དབུས་སུ་བྱམས་ཆེན་ཆོས་རྗེ་དང་། རྗེ་ཡབ་སྲས་གསུམ། རྒྱལ་བ་བྱམས་པ། ཕ་བོང་ཁ་སོགས་ཀྱི་སྐུ་བརྙན། ཡང་སྟེང་ཚེ་དཔག་ལྷ་ཁང་ནང་དབུས་སུ་ཚེ་དཔག་མེད་དང་། གཡས་སུ་གུང་རུ་རྒྱལ་མཚན་བཟང་པོའི་གདུང་རྟེན། དེའི་གཡས་སུ་རྗེ་བཙུན་པའི་གདུང་རྟེན། གཞན་ཡང་སྨན་བླ་བདེ་གཤེགས་བརྒྱད་སོགས་བཞུགས་སུ་གསོལ་བ་བཅས་དང་།

བྱེས་མཁས་མང་གྲྭ་ཚང་ནི། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་ཕྱག་[page 67] བཏབ་གནང་མཛད། ཐོག་མར་བཞུགས་གནས་གཏན་འཇགས་མེད་པར་ཚལ་གུང་ཐང་དང་། དབུས་སྟོད་སོགས་སུ་ཆོས་ཐོག་ཏུ་ཕེབས་པས་བྱེས་གྲྭ་ཚང་ཞེས་པར་གྲགས། དེའང་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ནི། ལ་སྟོད་བྱང་གི་ཡུལ་དུ་གསང་སྔགས་རྙིང་མའི་གྲུབ་ཐོབ་ཀྱི་རྒྱུད་དུ་འཁྲུངས། དབུས་སུ་ཕེབས་ནས་རྗེ་ཙོང་ཁ་པ་དང་། དགེ་འདུན་གྲུབ་པ། འཇམ་དབྱངས་ཆོས་རྗེ་སོགས་ཀྱི་ཞབས་ལ་གཏུགས། འབྲས་སྤུངས་ཟུར་ཁང་དུ་བཞུགས་ནས་གསན་བསམ་མཛད་སྐབས་སུ་འགྲན་ཟླར་འདུག་པ་འགའ་ཡིས་ཐུགས་བསུན་ནས་འཁོར་མང་པོ་དང་བཅས་འཇམ་དབྱངས་ཆོས་རྗེའི་བསྟོད་པ་གསུང་བཞིན་སེ་རར་ཕེབས། དེ་ནས་མཁན་ཐོག་ཁ་ཤས་སོང་རྗེས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་གྲྭ་ཚང་འདིའི་མཁན་པོ་གནང་སྐབས་སེ་རར་གཏན་འཇགས་སུ་བཞུགས་པས་གྲྭ་ཚང་འདི་ཆགས། འདུ་ཁང་ཀ་རིང་ལ་ཀ་ཐུང་༩༢ཀྱི་དབུས་སུ་རྭ་སྒྲེང་སྐུ་ཕྲེང་ལྔ་པ་དང་། ཁྲི་ཆེན་ངག་དབང་ཆོས་ལྡན། འཇམ་དཔལ་རྡོ་རྗེ། རྗེ་བློ་བཟང་རྒྱ་མཚོ། ཡོངས་འཛིན་བློ་བཟང་དོན་གྲུབ། འདོད་ཡོན་དངུལ་གདུང་སོགས་སྐུ་བརྙན་ཁག་དང་། ནུབ་ཀྱི་གཙང་ཁང་ནང་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་དང་འབྲེལ་བའི་ཉེ་སྲས་བརྒྱད་དང་དེ་འབྲེལ་རྟ་མགྲིན་ཁང་ཡོད། དེའང་གྲྭ་ཚང་འདི་མ་ཆགས་གོང་ད་ལྟའི་རྟ་མགྲིན་ཁང་གི་ཤུལ་དུ་དུར་ཁྲོད་ཡིན་པ་དང་། ཀུན་མཁྱེན་བློ་གྲོས་རིན་ཆེན་ཞབས་སྐོར་དུ་ཕེབས་རིམ་བཞིན་དེར་སྐྱེས་པའི་ཤིང་སེ་བའི་སྡོང་པོ་ཞིག་ལ་རྟག་ཏུ་ན་བཟའ་འཐོག་པ་ལྟར་དུ་བྱེད། ཉིན་ཞིག་བྱ་དམར་པོ་ཞིག་སེ་ཕུང་ལ་འཐིམ་པའི་གཟིགས་སྣང་བྱུང་བས་ཞིབ་པར་གཟིགས་དུས་སེ་ཕུང་དེའི་དཀྱིལ་ནས་རྟ་མགྲིན་ཡང་གསང་མཇལ་ཏེ་རྟ་སྐད་ཀྱང་སྒྲོག་པས་དེ་མར་ཆོས་གོས་ཕུད་ནས་ཤིང་དེ་ལ་དཀྲིས་ཏེ་ཡང་གསང་གི་སྐུ་བརྙན་བཞེངས་གནང་བ་ད་ལྟའང་མཇལ་རྒྱུ་ཡོད་པ་འདི་ཉིད་ལགས། འདི་ནི་ཤིན་ཏུ་ནས་བྱིན་རླབས་ཆེ་ཞིང་གྲྭ་ཚང་འདིར་ལེགས་ཉེས་དུས་འགྱུར་སོགས་ཀྱི་སྔ་ལྟས་སུ་རྟ་སྐད་སའི་གཏིང་ནས་སྒྲོག་[page 68] པ་ཡང་ཡང་བྱུང་ཞེས་གྲགས་པའི་སྐུ་བརྙན་གྱིས་དབུས་མཐའ་འཁོར་དུ་སྲུང་མ་ཁག་བཞུགས་སུ་གསོལ་ཡོད། གཞན་ཡང་ཀུན་མཁྱེན་བློ་གྲོས་རིན་ཆེན་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས་ཡབ་རྟོགས་ལྡན་ཡོན་ཏན་མགོན་པོར“ཁྱོད་ཡི་དམ་འདི་དང་ཕུར་པ་འདི་མ་བྲལ་བ་བགྱིས་ཤིག”ཅེས་རྟ་མགྲིན་གྱི་ཆོས་སྐོར་དང་། ཕུར་པ་ཆེད་དུ་སྐྱེལ་མི་བྱུང་། ཕུར་པ་དེ་ནི་གྲུབ་ཐོབ་འདར་འཕྱར་གྱི་གཏེར་མ་བྱིན་ཅན་ཡིན་སྟབས་ལོ་ལྟར་བོད་ཟླ་༡༢ཚེས་༢༧ཉིན་སེ་ར་ཕུར་མཇལ་ཞེས་མཇལ་ཁ་གཏོང་སྲོལ་ཡོད་པའི་ཕུར་པ་དེའང་མགོན་ཁང་དེར་བཞུགས། གདོང་གྲལ་དཀྱིལ་གྱི་གཙང་ཁང་དབུས་སུ་རྗེ་ཙོང་ཁ་པ་དང་། གཡས་སུ་སྟོན་པ་བཅོམ་ལྡན་འདས། གཡོན་དུ་འོད་དཔག་མེད། གདོང་གྲལ་གཡས་ཀྱི་གཙང་ཁང་ནང་རྒྱལ་བ་བྱམས་པ་དང་། ཇོ་བོ་ཤཱཀྱ་མུ་ནེ། དེའི་གཡོན་གྱི་གཙང་ཁང་ནང་འཇམ་དབྱངས་ཆོས་འཁོར་དང་། བྱམས་པ་ཆོས་འཁོར་སོགས་བཞུགས་སུ་གསོལ་ཡོད་པ། ཡང་ཐོག་རྟ་མགྲིན་ལྷ་ཁང་ནང་གཙོ་བོ་རྟ་མགྲིན་ཡང་གསང་དང་། གུ་རུ་རིན་པོ་ཆེ། རྒྱལ་བ་ལྔ་པ་སོགས་དང་། ཤར་གྱི་ལྷ་ཁང་ནང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་བཞུགས། གཞན་ཡང་གྲྭ་ཚང་དེ་ཁོངས་ཁང་ཚན་ཉེར་གཅིག་ཡོད་པ་ནི། ཧར་གདོང་ཁང་ཚན། བསམ་བློ་ཁང་ཚན། བྱ་བྲལ། ཀྲེ་བོ། བྲ་ཏི། ཚ་བ། ལྷོ་པ། རྒོམ་སྡེ། ལ་བ། ༡༠འདན་མ། ༡༡ཟངས་དཀར། ༡༢གུ་གེ ༡༣དཔེ་ཐུབ། ༡༤སྟག་མོ། ༡༥གཙང་པ། ༡༦རྒྱལ་བྱེད། ༡༧ཨེ་པ། ༡༨གཉལ་པ། ༡༩དྭགས་པོ། ༢༠རྩེད་ཐང་། ༢༡སྤོམ་འབོར་བཅས་ཡིན།

གྲྭ་ཚང་སྨད་ཐོས་བསམ་ནོར་བུའི་གླིང་ནི། ཀུན་མཁྱེན་བྱང་ཆུབ་འབུམ་པས་ཕྱག་བཏབ་གནང་མཛད། འདུ་ཁང་ཀ་རིང་༡༢དང་ཀ་ཐུང་༨༨ཀྱི་གཙང་ཁང་དབུས་སུ་ཇོ་བོ་ཤཱཀྱ་མུ་ནེ་ཐོག་སོ་གཉིས་ཙམ་དང་། གཡས་སུ་བྱམས་པ། གཡོན་དུ་འཇམ་དབྱངས། རྗེ་ཡབ་སྲས་གསུམ། རྗེ་ཕ་བོང་ཁ། ཚེ་སྨོན་གླིང་རྒྱལ་ཐོག་སྐབས་ཕུལ་བའི་ཇོ་བོ་བྱང་ཆུབ་ཆེན་པོ་སོགས་དང་། གཙང་ཁང་[page 69] ནུབ་ཏུ་སྣེའུ་ཆུང་པའི་ཕྱག་བཟོ་འཇིགས་བྱེད་དང་། ཐ་འགོ། ནག་པོ་སྐོར་གསུམ་སོགས་དང་། གཙང་ཁང་དཀྱིལ་དུ་མི་དབང་ཇོ་བོ་གཙོ་བོར་གྱུར་བའི་ཉེ་སྲས་བརྒྱད། གཙང་ཁང་ཤར་དུ་རྗེ་ཙོང་ཁ་པ་དང་། འཁོར་དག་པ་རྣམ་བརྒྱད། ཇོ་རྔོག་འབྲོམ་གསུམ་བཅས་སོགས་བཞུགས། ཡང་ཐོག་ཉི་མ་ལྷ་ཁང་དུ་ཛྷེ་ཀྵིམ་ལས་གྲུབ་པའི་ཐུབ་པ་གྲོང་ཁྱེར་མ་དང་། འཕགས་པ་ལོ་ཀེ་ཤྭ་ར། བདེ་མཆོག་ཡབ་ཡུམ་སོགས་བཞུགས་སུ་གསོལ་ཡོད། གྲྭ་ཚང་འདིར་ཁང་ཚན་བཅུ་བཞི་ཡོད་པ་ནི། ཨ་མདོ་གཞུང་པ་ཁང་ཚན། སྤོམ་འབོར། ཡེར་པ། རོང་པོ། ཚ་རྡོར། ཚ་བ། ཀོང་པོ། རྨར་སྙུང་། ཨ་ར། ༡༠ཐེ་བོ། ༡༡རྟ་དབོན། ༡༢སྤོ་བོ། ༡༣གུང་རུ། ༡༤མི་ཉག་བཅས་སོགས་ཡིན།

ད་ལྟའི་ཚོགས་ཆེན་ནི། ལྷ་བཟང་གི་སྡི་སྲིད་བཀྲོངས་པའི་སྡིག་བཤག་ཏུ་བཞེངས་པ་ཡིན་ཟེར་ཞིང་། དེའང་ཚོགས་ཆེན་འདུ་ཁང་ཀ་རིང་༡༢ལ་ཀ་ཐུང་༩༦གི་འདུ་ཁང་ནང་རྟེན་གཙོ་གསེར་ཟངས་ཀྱི་མི་དབང་བྱམས་པ་ཐོག་སོ་གཅིག་ལྷག དེའི་གཡས་སུ་བྱམས་ཆེན་ཆོས་རྗེའི་སྐུ་བརྙན་དང་ཐུབ་པ་གཙོ་འཁོར། སྒྲོལ་དཀར་ཚེ་དཔག་མེད་སོགས་དང་། གཙང་ཁང་ནུབ་ཏུ་གནས་བཅུ་ལྷ་ཁང་། གཙང་ཁང་དཀྱིལ་དུ་ལྷ་བཟང་གིས་བཞེངས་པའི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག གཙང་ཁང་ཤར་དུ་འཇིགས་བྱེད་ལྷ་ཁང་། ཡང་ཐོག་ལྷ་བཟང་བྱམས་པའི་ཞལ་རས་ཁང་ནང་ཇོ་བོ་རྗེའི་སྐུའི་གཟུངས་སུ་ནོར་བུ་བསམ་འཕེལ་དང་རིང་བསྲེལ་སོགས་བཞུགས་པ་དང་། ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་ཐུབ་དབང་གི་ཞལ་ཐང་མཁའ་འགྲོ་བཀྲས་འཐག་མ། གནས་བཅུའི་གོས་ཐང་། བཀའ་འགྱུར་ལྷ་ཁང་ནང་ཏཱ་མིང་རྒྱལ་པོས་ཕུལ་བའི་པད་རག་ལས་བྲིས་པའི་བཀའ་འགྱུར་ངོ་མཚན་ཅན། གསེར་བྲིས་ཀྱི་ལཉྩའི་བརྒྱད་སྟོང་པ། རྒྱལ་བ་ལྔ་པས་གནང་བའི་བཀའ་འགྱུར། ཕོ་ལྷ་མི་དབང་གིས་གནང་བའི་བསྟན་འགྱུར་པར་མ། ཟ་དམ་ཀརྨའི་ཆོས་རྫོང་ནས་གདན་དྲངས་པའི་གོས་སྐུ་གླིང་གསུམ་མ། ཡང་ཐོག་ཏུ་དགེ་སློང་མ་པདྨའི་[page 70] ཐུགས་དམ་ཀྱི་རྟེན། གུང་རུ་རྒྱལ་མཚན་བཟང་པོས་ཉང་བྲན་བཀའ་བསྒོ་ཕུག་ནས་གདན་དྲངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་། དེར་སྨོན་ལམ་འདེབས་པའི་སྦ་འཁར་དེའང་གུང་རུ་རྒྱལ་མཚན་བཟང་པོའི་ཕྱག་འཁར་ཡིན་པ། དུར་ཁྲོད་བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ་སོགས་མཇལ་རྒྱུ་ཡོད།

གཞན་ཡང་དགོན་དེར་ཐོག་མར་རྒྱ་དང་། འབྲོང་སྟེང་། སྟོད་པ། སྨད་པ་བཅས་གྲྭ་ཚང་བཞི་ཡོད་པ་ལ་རྗེས་སུ་སྔགས་པ་དང་། བྱེས། སྨད་པ་བཅས་གྲྭ་ཚང་གསུམ་དུ་སྒྲིལ། གྲྭ་ཚད་ནི་སེ་ར་ལྔ་སྟོང་ལྔ་བརྒྱ་ཟེར་ཡང་རྗེས་སུ་གྲྭ་གྲངས་ཆིག་ཁྲི་མ་ཟིན་ཙམ་དང་། གྲྭ་སྤྱིལ་གསུམ་སྟོང་ཙམ་ཡོད།

ད་ལྟ་གྲྭ་ཚང་གསུམ་དང་ཚོགས་ཆེན་གྱི་རྟེན་གསུམ་ནི་ཕལ་ཆེར་སྔོན་གྱི་དེ་རང་དང་། ཁང་ཚན་ནི་ཕལ་ཆེ་བ་ཉམས་གསོ་དང་། གསར་བཞེངས་གནང་བ་ཡིན། ཁང་ཚན་ཞེས་པ་ནི། གྲྭ་རྒྱུན་སོ་སོའི་ཐོབ་ཁུངས་ལ་གཞིགས་ནས་དབྱེར་ཡོད་སྟབས་ཁང་ཚན་སོ་སོའི་མིང་ཡང་ལུང་པ་སོ་སོའི་མིང་ཐོགས་ཡོད།

ཡང་དགོན་དེའི་ལྟག་ལ་གླིང་སྐོར་ལམ་སྟེང་དུ་སེ་ར་ཆོས་སྡིངས་ཡོད། སེ་ར་དགོན་ཕྱག་མ་བཏབ་གོང་རྗེ་ཙོང་ཁ་པ་གནས་དེར་བཞུགས། གནས་དེ་ནི་རྗེ་ཙོང་ཁ་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་མཇལ་ས་དང་། དབུ་མ་རྩ་ཤེའི་ཊིཀ་ཆེན་གསུང་ས། ཏཱ་མིང་གོང་མའི་གསེར་ཡིག་པ་མཇལ་ས། རྗེ་ཙོང་ཁ་པས་ཇོ་ཤཱཀ་རྣམ་གཉིས་ལ་དབུ་རྒྱན་ཕུལ་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོ་ཚོགས་གནང་བ་དང་། དགའ་ལྡན་དགོན་པ་ཕྱག་འདེབས་དགོས་ཐུགས་ལ་འཁྲུངས་ས་སོགས་གནས་དེར་ཡིན། ཡང་དེ་ནས་མུ་མཐུད་སེ་རའི་རྒྱབ་རིར་འཛེགས་ན་རི་སྐེད་མཚམས་སུ་དགེ་ལེགས་སྙན་གྲགས་རྒྱ་མཚོའམ་རྗེ་སྒྲུབ་ཁང་པས་བཏབ་པའི་སེ་ར་སྒྲུབ་ཁང་རྩེའི་གྱང་གོག་མཇལ་རྒྱུ་ཡོད།

སྟོད་ལུང་བདེ་ཆེན་རྫོང་།

སྟོད་ལུང་བདེ་ཆེན་རྫོང་ནི་། སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། སྟོད་ལུང་ཞེས་པ་ནི། སྟོད་ལུང་མ་ཆུ་སྟེ་སྐྱ་བ་ཆུ་ཟེར་བའི་ཆུ་གཞུང་གི་སྟོད་དུ་ཆགས་པའི་ལུང་པར་སྟོད་ལུང་ཞེས་ཟེར། དེའང་ཐོག་མར་ད་ལྟའི་མཚོ་སྨད་ཤང་ཁོངས་ཚལ་པོ་ཞེས་ཤིང་གླ་བའི་ཚལ་ཡོད་ས་ཞིག་ཏུ། སྟོད་ལུང་ཚལ་པོ་རྫོང་ཞེས་ཡོད་པ་ལ་དེ་རྗེས་བདེ་ཆེན་དགོན་སྟོངས་ཤུལ་དུ་རྫོང་དེ་སྤོས་པ་ནས་བཟུང་བདེ་ཆེན་རྫོང་ཞེས་པའི་མིང་ཐོགས། ད་ལྟའི་རྫོང་གནས་ཡུལ་ནི་གྲོང་ཁྱེར་ལྷ་སའི་ནུབ་ངོས་སྤྱི་ལེ་བཅུ་ཙམ་གྱི་སར་ནམ་མཁའ་དངོས་གཞི་ཞེས་པར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༢༦༨༢དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་.མི་འབོར་ཁྲི་.ས་དབྱིབས་ནི་ཤར་ན་དམའ་ཞིང་ནུབ་ངོས་མཐོ་བ་དང་། རྒྱ་མཚོའི་ངོས་ལས་མཐོ་ཤོས་ལ་སྤྱི་ཁྲེ་༥༥༠༠དང་དམའ་ཤོས་ལ་སྤྱི་ཁྲེ་༣༦༤༠ཙམ་བཅས་ཀྱི་ཞིང་ལས་གཙོ་གྱུར་གྱི་ས་མ་འབྲོག་གི་རྫོང་ཞིག་ཡིན།

སངས་རྒྱས་དགོན་པ།

མཚན་རྒྱས་པར་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ངམ་སྐར་ཆུང་གཙུག་ལག་ཁང་ཞེས་ཞུ། ལྷ་ས་གྲོང་ཁྱེར་ནས་ལྷ་སའི་ཟམ་ཆེན་ཐོན་ཏེ་སྤྱིར་བཏང་འཁོར་ལམ་བརྒྱུད་ནུབ་ངོས་སུ་སྤྱི་ལེ་བཅུ་ཙམ་དང་། ར་མ་སྒང་གྲུ་ཁ་ནས་ཀོ་གྲུར་བསྡད་དེ་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་སོང་ན་ར་མ་སྒང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། སངས་[page 84] རྒྱས་དགོན་པ་ཞེས་པ་ནི། རྗེས་སུ་བཙུན་དགོན་དུ་འགྱུར་རྗེས་མཚན་དེ་ལྟར་ཐོགས་པ་ལས། ཐོག་མའི་མཚན་ལ་སྐར་ཆུང་གཙུག་ལག་ཁང་ཞེས་ཞུ། ར་མ་སྒང་ཞེས་པ་ནི། ར་ས་འཁྲུལ་སྣང་གཙུག་ལག་ཁང་གི་སྤྲུལ་པའི་ར་དེ་ཉིད་ཡུལ་དེའི་ལྷོ་ནུབ་ངོས་སུ་ཤེར་དཀར་བྲག་ཁུང་ཞེས་པ་ཞིག་ཡོད་པ་ལས་འབྱུང་སྟབས་ཡུལ་མིང་དུ་ར་མ་སྒང་ཐོགས་ཞེས་གསུངས། ཐོག་མར་གནས་དེར་བོད་རྒྱལ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་ནམ། སད་ན་ལེགས་མཇིང་ཡོན་ཞུ་བས་སྤྱི་ལོའི་དུས་རབས་དགུ་པར་ངའི་ལྷ་ཁང་ཡབ་མེས་གོང་མ་རྣམས་ལས་ལྷག་པ་ཉི་ཟླའི་རྒྱ་ཙམ་ཞིག་བཞེངས་དགོས་གསུངས་པར་བློན་པོ་རྣམས་ཀྱིས་ཉི་ཟླའི་རྒྱ་ཙམ་བཞེངས་ན་བྱང་འབྲོག་ཡངས་པར་བཞེངས་པ་ལས་ས་གཞན་ལ་མི་ཤོང་བས་བྱང་འབྲོག་ཡངས་པར་བཞེངས་ན་རྒྱལ་བློན་ཀུན་གྱི་ལོངས་སྤྱོད་དབུས་སུ་བྱེད་པས་ལྷ་ཁང་སྟོང་པར་ལུས་འགྲོ སྐར་མ་ཆུང་བའི་རྒྱ་ཙམ་བཞེངས་ན་གནས་དེར་བརྩིག་ཆོག་པ་འདུག་ཅེས་ཞུས་པས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་ཞེས་པའི་མཚན་དེ་ལྟར་ཐོགས། དཀོར་བདག་རྒྱལ་པོ་པེ་ཧར་ལའང་སྐར་ཆུང་རྒྱལ་པོ་ཞེས་པའི་མཚན་ཐོགས། རྒྱང་གྲགས་གཅིག་གི་རྨང་བཏིང་ནས་ཕོ་བྲང་ཐོག་གསེར་ཟངས་ཀྱི་རྒྱ་ཕིབས་དང་བཅས་པ་ཡོད་ཅེས་གྲགས། གཙུག་ལག་ཁང་དེའི་ཤར་ངོས་སུ་བཙུགས་པའི་རྡོ་རིང་ཕྱི་མ་དང་དེའི་མ་ཡིག་ཆ་ཚང་དཔར་དུ་འཁོད་ཡོད། ད་དུང་ཚེ་སྒྲུབ་འབུམ་པ་དང་། ནོར་རྒྱལ་འབུམ་པ། གཡུལ་རྒྱལ་འབུམ་པ། སྒོ་བཞི་འབུམ་པ་བཅས་གཡས་ནས་སྐོར་ཡོད་པ་ལ་སྒོ་བཞི་འབུམ་པའི་ཞབས་རྭ་ད་ལྟའང་བསྡད་ཡོད། ད་དུང་རྡོ་རིང་ནང་མའི་དབུ་ཏོག་ཅེས་པ་ཞིག་ཡོད་ལུགས་ལྟར་བྱས་ན་རྡོ་རིང་ནང་མ་ཞིག་ཀྱང་ཡོད་ཅེས་གྲགས། འོན་ཀྱང་དུས་ནམ་ཞིག་ལ་གཙུག་ལག་ཁང་དེ་ཆུས་འཇིག་པ་དང་། ལྷ་ཁང་ཆུང་ངུ་ཞིག་ནང་དགེ་སློང་ཁ་ཤས་བཞུགས་པར་གྲགས། དེ་ནས་དགེ་སློང་དེ་རྣམས་ཀྱང་བཞུགས་མི་ཐུབ་པར་འགྱུར་མཚམས་ལ་ཕར་རྒྱབ་ཀྱི་ཨ་ནེའི་གྱང་རལ་ཞེས་པའི་བཙུན་མ་རྣམས་གནས་དེར་སྤོས་རྗེས་[page 85] འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་དགོན་སངས་རྒྱས་དགོན་པ་ཞེས་པ་དེ་བྱུང་། དེ་རྗེས་ར་སྒང་ནང་ཤར་པའི་རྣམ་སེར་མཁན་ཟུར་ཀུན་དགའ་རྒྱལ་མཚན་ཞུ་བས་རྒྱ་སྐྱེད་གནང་བའི་འདུ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་སྨན་འདམ་གྱི་ཇོ་བོ་མི་ཚད་དང་། རྒྱལ་བ་མི་འཁྲུག་པ། སྒྲོལ་མ་དཀར་སྔོན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། རྣལ་འབྱོར་མ་སོགས་དང་། བཙན་ཁང་ཀ་བ་གཉིས་ནང་བཙན་རྒོད་ཇག་མའི་སྐུ་གསོབ་དང་། སྐར་ཆུང་རྒྱལ་པོའི་མདོས། ལྷ་མོ་བོང་གཞོན་མ་སོགས་བཞུགས་སོ་གསོལ་ཡོད།

ད་ལྟ་སྔོན་གྱི་གྱང་རོའི་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་དང་། རྒྱལ་བའི་བཀའ་འགྱུར་པར་མ། བཙན་ཁང་ནང་ཇག་མའི་སྐུ་གསོབ་བཅས་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ཤར་ངོས་སུ་སྤྱི་ལེ་གསུམ་ཙམ་གྱི་ས་ན་ཚ་གུར་ཞེས་པའི་ལུང་པར་ཚར་ཆེན་བློ་གསལ་རྒྱ་མཚོའི་གདན་ས་ཞེས་ཚ་གུར་བཞིས་ཀའི་ཁང་རྙིང་ད་ལྟའང་མཇལ་རྒྱུ་ཡོད། ཚ་གུར་ཞེས་པའང་བླ་མ་ཚར་ཆེན་དང་། དེས་བསྟེན་པའི་མགོན་པོ་གུ་རུ་ཡིན་པར་བརྟེན་ཚ་གུར་ཞེས་པའང་དེ་ནས་བྱུང་ཟེར།

རྣམ་རྒྱལ་སེར་ཁང་།

རྣམ་རྒྱལ་སེར་ཁང་ནི། སངས་རྒྱས་དགོན་པ་ནས་སྤྱི་ལེ་ལྔ་ལྷག་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ནུབ་ངོས་སུ་སོང་ན་ངང་པ་རི་ཁུག་ཅེས་པར་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་སྣེའུ་དཔོན་མོ་ཨ་མཚོའི་སྐུ་འཁོར་གྲྭ་ཚང་ཡིན་པས་རྣམ་རྒྱལ་དང་། སེར་ཁང་ཞེས་པ་ནི། མཁར་རྔ་སེར་པོའམ། གསེར་གྱི་མཁར་རྔ་སྣེའུ་རྫོང་ནས་བརྡུང་ན་དགེ་འཕེལ་རི་ཁྲོད་དུ་ཐོས་པ་ཞིག་ཡོད་པས་སེར་ཁང་ཟེས་མཁར་རྔའི་མིང་དགོན་པར་ཐོགས་ཞེས་གསུངས། དགོན་དེ་ཐོག་མར་སྣེའུ་རྫོང་ཤུལ་རྙིང་པར་ [page 86] ཡོད་པ་ལ་སྣེའུ་རྫོང་ཉམས་རྒུད་དུ་སོང་རྗེས་ས་པཎ་ཀུན་དགའ་རྒྱལ་མཚན་ནམ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ད་ལྟའི་དགོན་ཆགས་ཡུལ་ངང་པ་རི་ཟུར་ཞེས་པར་གནས་སྤོས་གནང་ཞེས་གསུངས། ས་རྙིང་ངོར་གསུམ་ཕྱག་བཞེད་གནང་བ་ཡིན། དེ་རྗེས་ཀུན་མཁྱེན་གཡག་རོང་གཉིས་ཀྱང་དགོན་དེར་བཞུགས་ནས་མཛད་འཕྲིན་རྒྱས། རྣམ་སེར་རྒྱང་འཕོ་ཞེས་པའི་རྒྱུན་ཡང་ཀུན་མཁྱེན་གཡག་པ་ལས་བྱུང་། སྐུ་གདུང་གསང་ཕུའི་རྣམ་སེར་གྲྭ་ཚང་དུ་བཞུགས། སྔོན་དགོན་དེར་གྲྭ་ཚང་གཅིག་དང་། ཁང་ཚན་བཞི། བླ་བྲང་གཅིག་བཅས་ཡོད་པ་ལ་ཁང་ཚན་བཞི་ནི། ལྗོན་ཤག་ཁང་ཚན་དང་། གཞི་བཙུན་ཁང་ཚན། རྒྱ་མོ་ཁང་ཚན(འདི་མཚོ་སྣ་ལྷོ་མདོ་མཁར་ཞེས་པར་ཡོད)ཆད་ཁ་ཁང་ཚན(འདི་འབྲི་གུང་དུ་ཡོད)བཅས་ཡོད། སྔོན་འདུ་ཁང་ཀ་བ་༡༦གི་གཙང་ཁང་སྦུག་མའི་ཇོ་ཁང་ནང་ཤར་ལིའི་ཇོ་བོ་མི་ཚད་གསུང་བྱོན་མ་ཞིག་ཡོད་པ་དེ་ནི་ཐོག་མར་སྐར་ཆུང་གཙུག་ལག་ཁང་གི་ཡིན་པ་ལ་ཇུན་གར་བས་ཞང་ལའི་སྟེང་དབོར་ཏེ་དེ་ནས་མ་ཐེག་སྟབས་རྟ་གྲི་ཞུད་པས“ཨ་ཚ་སྡིག་ཅན་དེ་ལྟར་མ་ཞུ”ཞེས་གསུང་བྱོན་པས་སྐུ་དེ་མ་ཁྱེར་བར་དེ་གར་བཞག དེ་ནས་དེའི་འདབས་ཀྱི་གྲོང་ལ“སྒོ་ཤར་མ་ང་ལོན་དང་”གསུང་པས་གྲོང་དེལའང་སྒོ་ཤར་མ་ཞེས་ཐོགས། ཇོ་བོ་ཐུགས་མཉེས་ནས་ཁྱེད་ཚོར་ཅི་དགོས་ཞེས་གསུངས་པར། ང་ཚོར་ཆུ་དཀོན་པས་ཆུ་ཞིག་གནང་བར་ཞུ་ཞེས་ཞུས་པས་དེ་དང་ཉེ་བར་ཇོ་བོ་ཆུ་མིག་ཞེས་པ་དེ་ཇོ་བོས་གནང་ཞེས་ཟེར། དེ་ནས་ཇོ་བོའི་སྐུ་དེ་ཤེར་དཀར་བྲག་ཁུང་བརྒྱུད་ནས་རྣམ་སེར་དགོན་པར་གདན་དྲངས་ཞེས་གསུངས་པ་དེ་དང་། གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་མཐོ་གང་ཙམ། གསེར་བྲིས་ཀྱི་ལྡེབས་བྲིས། འདུ་ཁང་ནང་རིན་ཆེན་ལས་བྲིས་པའི་བཀའ་འགྱུར་གྱི་ཀུན་དགའ་རྭ་བའི་དབུས་སུ་ཤར་ལིའི་ཐུབ་དབང་གི་སྐུ་བརྙན་དང་། བསྟན་འགྱུར་གྱི་ཀུན་དགའ་རྭ་བའི་དབུས་སུ་ཤར་ལིའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན། མཚོན་རིས་ཀྱི་ལྡེབས་རིས་ཟངས་མདོག་དཔལ་རི་དང་ཀུན་རིགས་བླ་བརྒྱུད་ཆ་ཚང་བ་སོགས་ [page 87] གྲགས་ཅན། མགོན་ཁང་ནང་འགྲོ་མགོན་ཆོས་འཕགས་ཀྱི་ཐུགས་དམ་རྟེན་མགོན་པོ་ཞལ་གྱི་སྐུ་བརྙན་དམ་སྦྱར་མ་མཐོ་གང་ཙམ་དང་། འགྲོ་མགོན་གྱི་ཕྱག་བཟོ་གུར་ཞལ་ལྷ་གསུམ། བསེ་ཁྲབ་པའི་སྐུ་གསོབ། རྣམ་སྲས་སོགས་དང་། ཡང་ཐོག་དཔར་ཁང་ནང་ས་རྙིང་ངོར་གསུམ་གྱི་པར་ཤིང་མང་པོ་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་༡༢ནང་སྔོན་གྱི་ཇོ་བོའི་སྐུ་ཚབ་འཇིམ་གྱི་ཇོ་བོ་བརྐྱངས་ཁྲུ་གང་ལྷག་ཙམ་དང་། སྐུ་ཚད་དེ་ལས་ཆུང་ཙམ་གྱི་སྒྲོལ་མ་ཉེར་གཅིག གུ་རུའི་སྐུ་བརྙན་བརྒྱ་ཚར་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་སྣེའུ་རྫོང་ཤུལ་རྙིང་པའང་དགོན་དེའི་ནུབ་བྱང་མཚམས་ཀྱི་སྤྱི་ལེ་གཉིས་ཙམ་གྱི་ས་ལ་ཡོད། རྫོང་དེ་ནི་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྤྱི་ལོ་༡༣༤༩ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་གསོན་བཟུང་བྱས་མཐར་ས་དེ་ནས་ཆུར་བསྐྱུར་བ་རེད་ཅེས་ཟེར།

གསང་ཕུ་དགོན་པ།

མཚན་རྒྱས་པར་དཔལ་གསང་ནེའུ་ཐོག་ཅེས་ཞུ། གསང་མདའ་ནས་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་བདུན་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཇོ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་ཀྱིས་༡༠༧༣ལོར་ཕྱག་བཏབ་གནང་མཛད། གསང་ཕུ་ནེའུ་ཐོག་ཅེས་པ་ནི། ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་པའི་སྐབས་ཤིག་ལ་གསང་ཕུའི་ཕྱོགས་སུ་ཕྱག་མཛུབ་གཏད་དེ་ལེགས་པའི་ཤེས་རབ་ལ། ཡ་ཀིའི་ཕུར་ནམ་མཁར་གསེར་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། འཁོར་བ་ལ་རི་ཐུབ་པའི་དབང་པོ་དཔང་པོར་བཞུགས་པ་དང་། བྱམས་འཇམ་དབྱངས་གཉིས་ཀྱིས་དྲང་ངེས་ཀྱི་ཆོས་ལ་བགྲོ་གླེང་གནང་བའི་ཚུལ་དང་། དེའི་འདབས་སུ་བཀྲ་ཤིས་རྟགས་བརྒྱད་ཚང་བ་དུང་དཀར་གཡས་སུ་འཁྱིལ་བའི་སྟེང་དུ་ཁྱོད་[page 88] ཀྱིས་གཙུག་ལག་ཁང་ཐོབས་ལ་འཆད་ཉན་བགྱིས་དང་བསྟན་པ་ལ་ཕན་པ་རྒྱ་ཆེར་འབྱུང་ཞེས་ལུང་བསྟན་པས། འོ་ན་རེ་ཞིག་གསང་བར་ཞུ་ཞུས་པས་གསང་ཕུ་དང་། དེ་ནས་མི་རིང་བར་ཉེར་ཆས་ནེའུ་ལེས་ཐོགས་ཏེ་བྱོན་པས་ནེའུ་ཐོག་ཅེས་པ་དེ་ལྟར་བྱུང་གསུངས། ཡང་གསུང་སྲོལ་གཞན་ཞིག་ལ་ཇོ་བོ་རྗེས་རྔོག་ལེགས་པའི་ཤེས་རབ་ལ། ཁྱོད་ཀྱི་དགོན་པ་གང་དུ་འདེབས་སམ་གསུངས་པར་ལེགས་པའི་ཤེས་རབ་ཀྱིས་གསང་ཕུའི་ཕྱོགས་སུ་ཕྱག་མཛུབ་གཏད་དེ། ངའི་དགོན་པ་ཕ་ཀིར་འདེབས་ཀྱི་ཡིན་ཞེས་ཞུས་པས། འོ་ན་རེ་ཞིག་གསང་བར་བྱ་ཞེས་གསུངས་པས་གསང་ཕུ་ཞེས་པའི་མཚན་དེ་ལྟར་བྱུང་ཞེས་ཀྱང་གསུངས། དགོན་དེའི་བཀའ་སྲུང་གསང་ཕུ་བསེ་ཡི་ཁྲབ་ཅན་ནི་རྒྱ་གར་ནས་ལེགས་པའི་ཤེས་རབ་ཀྱི་རྗེས་སུ་ཕེབས་པ་ལ་བཀའ་སྲུང་ཡོང་མིན་བརྟག་ཕྱིར་གསང་མདའི་ཐང་དུ་མུ་ཏིག་གཏོར་གནང་ནས་སྒུག་ཏུ་བཅུག་གནང་བས། ཆོས་སྐྱོང་གིས་ཨ་ཙ་ར་ཐང་གང་ལ་སྤྲུལ་ནས་དེ་མ་ཉིད་དུ་བསྒྲུགས་པས་སྲུང་མར་ཉར་རྒྱུ་གནང་། ཐང་དེ་ལ་ད་ལྟའང་མུ་ཏིག་ཐང་ཞེས་ཟེར། བསེ་ཁྲབ་པ་གསང་ཕུར་སྤྲོ་པོ་ཡོང་ཆེད་དབུ་སྐྲ་གཡོན་རིར་གཏོར་གནང་བས་རྒྱ་མ་སྣ་རིར་ཤིང་སྣ་ཚོགས་སྐྱེས། དུང་ཆེན་འབུད་སྟངས་ཀྱང་གླང་ཆེན་ཕོ་མོའི་སྐད་ལྟར་གནང་། ཐོག་མར་གནས་དེར་ཚ་བ་དབོན་པོ་དང་། གླིང་དབོན་པོ་ཞེས་དབོན་དགོན་ཐོག་སོ་དགུ་ཐོག་ཅན་ཞིག་ཡོད་སྐད་ལ། ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་བཀའ་གདམས་ལུགས་སུ་བསྒྱུར་གནང་ཡང་། ཆོས་སྐྱོང་གྱི་བསྐང་གསོ་དབོན་པོ་བརྒྱད་ཅེས་པས་གཏོང་གནང་བ་ཡིན། དེ་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ། ལྷག་པར་དུ་ཕྱྭ་པ་ཆོས་ཀྱི་སེང་གེའི་དུས་འཛིན་གྲྭ་བསྐོར་ནས་བཞུགས་པ་ལ་ཕྱིར་རྒོལ་གྱིས་ཡར་བཞེངས་ཏེ་གཟན་ཕྱེད་ཕབས་ནས་དྷིཿསྐད་གཏང་བ་དང་། གཟན་སྐེད་པར་དཀྲིས། ཕྱག་གཉིས་བརྡབ་པ་དང་རྐང་པ་ཡ་གཅིག་བརྡབ་པ་སོགས་བྱས་ནས་དྲི་བ་བཏོན། དམ་བཅའ་བས་ཕྱི་རྒོལ་གྱི་དྲིས་ལན་འདེབས། ལུང་རིགས་དང་འགལ་ན་ཕྱིར་རྒོལ་གྱིས་འཁོར་གསུམ་བསྐོར་བ་དང་། ལུང་[page 89] འདྲེན་པ། ཚ་བརྒྱབ་པ་སོགས་ཀྱི་སྲོལ་བཙུགས་ཏེ་ད་ལྟའི་བར་དུ་བོད་གངས་ཅན་ཡོངས་སུ་མཚན་ཉིད་གྲྭ་ཚང་ཐམས་ཅད་ཀྱིས་ཕྱག་བཞེད་གནང་སྲོལ་དེ་དེ་ནས་དར་བ་ཡིན། རྔོག་ལེགས་པའི་ཤེས་རབ་ཀྱི་སློབ་མ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་ཤར་ནུབ། བལ་པོ། ཁ་ཆེའི་ཡུལ་སོགས་སུ་པཎྜི་ཏ་དུ་མའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་ལ་དབང་བསྒྱུར། བོད་དུ་ཕེབས་ནས་བཀའ་བསྟན་མང་པོ་བསྒྱུར། གསང་ཕུར་འཆད་ཉན་གནང་བའི་སློབ་མ་ཧ་ཅང་མང་པོ་འདུས། ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར། སེར་འབྲས་དགའ་གསུམ་མ་ཆགས་གོང་དབུས་ཀྱི་གདན་ས་དྲུག་གི་ཡ་རྒྱལ་ཡིན། དེ་རྗེས་རྗེ་ཙོང་ཁ་པས་མཁན་པོ་སེང་གེ་རི་བོང་ལས་རྣམ་འགྲེལ་གསན། མཁན་པོ་གྲགས་པ་སེང་གེས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་པས་ཁོང་གི་བུ་སློབ་སོགས་ལས་བརྒྱུད་དེ་དགེ་ལུགས་དར། དེ་ནས་ཚོགས་ཆེན་གཅིག་དང་བླ་ཁག་བཅུ་བྱུང་བས་བསྡུས་མིང་དུ་“ཉི་ཁུ་དྭགས་སེར་སྦེ། ཞི་ཉང་སྟོད་སྨད་སྒོ”ཞེས་ཉི་མ་ཐང་དང་། ཁུ་སྤེ། རྣམ་རབ་དྭགས་པོ་གྲྭ་ཚང་། རྣམ་རྒྱལ་སེར་ཁང་། སྦེ་གསེར་བཅས་དང་། ཁྲེང་འགོ་ཞི་བ་གྲྭ་ཚང་། དགའ་ལྡན་ཉང་རོང་། རྭ་སྟོད། རྭ་སྨད། འཕན་པོ་གླང་ཐང་། གནས་སྒོ་གྲྭ་ཚང་བཅས་གྲྭ་ཚང་བཅུ་པོ་སོ་སོའི་ཁང་པ་དང་བཅས་པ་དང་། རྭ་བ་སྟོད་སྨད་ཅེས་པ་ནི། ཁང་པ་མ་འགྲུབ་སྔོན་རྭ་བ་བསྐོངས་ནས་བཞུགས་གནང་བ་ཞེས་དང་། ཡང་གྲུབ་མཐའི་དབང་གིས་ཆོས་རྭར་རགས་བཅད་བསྐྱོན་པས་རགས་སྟོད་སྨད་ཅེས་པའང་གསུངས། དེ་ནས་ས་དགེ་གཉིས་སུ་ཕྱེས་ཏེ་སྦེ་སེར་དང་། ཉི་མ་ཐང་། ར་བ་སྟོད། ཉང་རོང་བཅས་དགེ་ལུགས་པ་དང་། དེ་བྱིངས་རྣམས་ས་སྐྱ་ཕྱག་བཞེད་གནང་སྟེ་ད་ལྟའི་དགོན་གནས་སོ་སོར་བཞུགས་ཀྱང་གསང་ཕུ་དབྱར་ཆོས་སྐབས་ཚང་མ་གསང་ཕུར་ཕེབས་དགོས། དབྱར་ཆོས་ནི་བོད་ཟླ་༣ཚེས་༣༠ནས་ཟླ་༥ཚེས་༡༥བར་ཚོགས་དགོས། དེའི་རིང་གི་གཏོང་སྒོ་ནི་བླ་ཁག་སོ་སོ་འཁོར་རེས་ཀྱིས་[page 90] གཏོང་དགོས་ཤིང་དབྱར་བདག་ཅེས་པའི་འགན་ཡང་བླ་ཁག་དེས་གནང་དགོས། ཉིན་ལྟར་གསོལ་ཚོགས་དུས་གསུམ་དང་། ཕྱི་དྲོ་མཚན་ཉིད་ཀྱང་རྩོད་གནང་དགོས་ཀྱང་དེའི་རིང་དབྱར་སྐྱིད་ཀྱི་ཚུལ་ལྟ་བུ་ཡིན་ཞེས་གསུངས། སྔོན་འདུ་ཁང་ཀ་བ་དྲུག་ཅུའི་ནང་བླ་ཁག་བཅུའི་དགེ་འདུན་ཡོངས་རྫོགས་ཚོགས་ཐུབ་པ་དང་། ལྡེབས་རིས་ཤིན་ཏུ་རྒྱས་པོ་ཡོད། ཐུབ་པ་ལྷ་ཁང་ནང་གཙོ་སྐུ་གསེར་ཟངས་ཀྱི་ཐུབ་པ་ཚུལ་ཁྲིམས་ཞེས་ཐོག་སོ་གཅིག་ལྷག་དང་། ཤར་ལིའི་གདུང་རྟེན་ཐོག་ཚད་མ་བཅུ་གསུམ་ཙམ་དང་། དེའི་མདོ་རུ་ཕྱྭ་པ་ཆོས་ཀྱི་སེང་གེའི་དངུལ་གདུང་ཐོག་སོ་མ་ཟིན་ཙམ་དང་། གསེར་ཟངས་ཀྱི་བློ་ལེགས་གཉིས་ཀྱི་སྐུ་བརྙན་བྱིས་པ་ལོ་བརྒྱད་ཙམ། སྒྲོལ་མ་གསུང་བྱོན་མཐོ་གང་ལྷག་ཙམ། ས་པཎ་གྱི་སྐུ་བརྙན། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། གསེར་དངུལ་ལས་བྲིས་པའི་བཀའ་འགྱུར་དང་། བསྟན་འགྱུར་བྲིས་མ། གཞན་ཡང་བླ་ཁག་སོ་སོའི་གྲྭ་ཚང་ཁག་ལའང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་ཐུབ་པ་ལྷ་ཁང་གསར་བཞེངས་གནང་བའི་ནང་འཇིམ་གྱི་དུས་གསུམ་སངས་རྒྱས་ཐོག་སོ་ཉིས་ལྡན་དང་། བཀའ་འགྱུར་དཔར་མ། ཡང་སྟེང་དུ་ཇོ་རྔོག་འབྲོམ་གསུམ་དང་། སེང་ཆེན་བརྒྱད། བློ་ལྡན་ཤེས་རབ་ཀྱི་སློབ་མ་བཞི་སོགས་འཇིམ་སྐུ་གསར་བཞེངས་དང་། ཤོད་དུ་བསེ་ཁྲབ་པའི་མགོན་ཁང་ནང་བསེ་ཁྲབ་པའི་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་གསང་ཕུ་ནས་མར་ཡོང་དུས་གསང་མདའ་ཞེས་པའི་གྲོང་གི་ལྷོ་ངོས་སུ་བློ་ལྡན་ཤེས་རབ་ཀྱིས་ཕྱག་བཏབ་གནང་བའི་གསང་མདའ་སྐུ་འབུམ་གྱི་རྗེས་ཤུལ་མཇལ་རྒྱུ་ཡོད།

ཉི་མ་ཐང་།

མཚན་རྒྱས་པར་ཉི་ཐང་བཤད་སྒྲུབ་ཆོས་ཀྱི་བང་མཛོད་ཅེས་ཞུ། གསང་མདའ་ནས་སྤྱི་ལེ་བརྒྱད་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་སྨོན་ཞེས་པའི་ཕུའི་ལྷོ་ངོས་ཀྱི་ནགས་ཁྲོད་དུ་དགོན་དེ་མཇལ་རྒྱུ་ཡོད།[page 91] སྨོན་ཞེས་པ་ནི། སྔོན་གུ་རུ་རིན་པོ་ཆེ་ཁུལ་དེར་ཕེབས་སྐབས་ཐང་དམ་བསྟན་གསུམ(ཐང་དམ་ཅན་བསྟན་མ)གནས་པའི་ཡུལ་འདི་སྨོན་དགོས་པ་ཞིག་འདུག་ཅེས་གསུངས་པས་སྨོན་ཞེས་པའི་མིང་དེ་ལྟར་བྱུང་། འོན་ཀྱང་ཁ་རྒྱུན་དུ་སྣོན་ཞེས་ཟེར། ཉི་མ་ཐང་ཞེས་པ་ནི། རྭ་ལོ་ཙཱ་བས་ངས་དགོན་པ་ཉི་མ་ཐང་ལ་ཕབས་འདྲ་ཞིག་བཞེངས་ཀྱི་ཡིན་གསུངས་པས་ཉི་མ་ཐང་ཞེས་པའི་མཚན་དེ་ལྟར་བྱུང་། ཡང་ར་ལོ་ཙཱ་བས་སྒྲུབ་རྟགས་སྟོན་ཏེ་ཉི་མ་ཐང་ལ་ཕབ་པས་ཉི་མ་ཐང་ཞེས་པ་དེ་ལྟར་བྱུང་ཡང་གསུངས། ཐོག་མར་ར་ལོ་ཙཱ་བས་ཕྱག་བཏབ་གནང་བ་ལ། དེ་རྗེས་ཞབས་དྲུང་ངག་དབང་གཞོན་ནུ་དང་། ཞབས་དྲུང་སྨན་རྒྱལ། ཞབས་དྲུང་ནོར་བུ་གླིང་སོགས་སོ་སོས་རིམ་བཞིན་དགོན་དེ་བསྐྱངས་གནང་མཛད། ཞབས་དྲུང་ཞེས་པ་ནི། ཐོག་མར་དགོན་སོ་སོའི་མཁན་པོ་ལོ་བཅུ་དང་། དེ་ནས་གསང་ཕུའི་གྲོང་ཆུང་ལོ་གསུམ་གྲོང་ཆེན་ལོ་ལྔ། ཁྲི་པ་ལོ་བཅུ་བཅས་གནང་རྗེས་ཞབས་དྲུང་ཞེས་པའི་མཚན་ཐོགས། དེ་ནས་དགོན་དེར་གཉལ་གོས་འདབས་མ་བསམ་གྲུབ་ཅེས་པ་གྲྭ་རྒྱུན་དུ་ཕེབས་ཏེ་མཛད་འཕྲིན་ཤིན་ཏུ་རྒྱས་པས་དེའི་སྐུ་ཕྲེང་༡༩༥༥ལོར་ཞིང་གཤེགས་ངག་དབང་བློ་བཟང་བར་སྐུ་ཕྲེང་དྲུག་ཙམ་བྱུང་། སྔོན་གྲྭ་ཚང་གཅིག་དང་ཁང་ཚན་ལྔ་ཡོད་པ་ནི་མངའ་རིས་ཁང་ཚན་དང་། གུང་རུ་ཁང་ཚན། འདན་མ་ཁང་ཚན། གཉལ་པ་ཁང་ཚན། ལྷོ་བྲག་ཁང་ཚན་བཅས་ཡོད། མདོ་སྔགས་གཉིས་ཀ་ཕྱག་བཞེད་གནང་། སྔོན་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་བདུན་ཅུ་མ་ཟིན་ཙམ་ཡོད། ཞབས་དྲུང་སྨན་རྒྱལ་གྱི་དུས་སུ་གསོ་རིག་སློབ་གྲྭའང་བཙུགས་ཞེས་གསུངས། སྔོན་གྲྭ་ཚང་འདུ་ཁང་ཀ་བ་བཅུ་དྲུག་ནང་རྟེན་གཙོ་འཇིམ་གྱི་སྨན་བླ་བདེ་གཤེགས་བརྒྱད་ཐོག་ཚད་མ་དང་། ལམ་རིམ་བླ་རྒྱུད་བྱིས་པ་ལོ་བརྒྱད་ལྷག་ཙམ། རྒྱལ་བ་བྱམས་པ་དང་། ཚེ་དཔག་མེད་ཐོག་ཚད་མ། དངུལ་སྐུ་ཆེ་ཆུང་བདུན་ཅུ་སྐོར། ཤར་ལི་དང་ནུབ་ལིའི་གདུང་རྟེན་གཉིས། བཀའ་འགྱུར་བྲིས་མ་དང་། བསྟན་འགྱུར་པར་མ། ལྷག་ཏུ་གསུང་[page 92] རྟེན་དུ་རྣམ་འགྲེལ་པོད་གསུམ་ཞེས་དང་། བརྒྱད་སྟོང་ཚུལ་ཁྲིམས་ཅན་སོགས་དང་། ཁང་ཚན་ཁག་ལའང་རྟེན་དང་བརྟེན་པ་བཅས་བཞུགས།

ད་ལྟ་ལྷོ་བྲག་ཁང་ཚན་གསར་བཞེངས་གནང་བའི་འདུ་ཁང་ཀ་བཞིའི་ནང་རྟེན་གཙོ་འཇིམ་གྱི་ཐུབ་དབང་གི་སྐུ་བརྙན། སྨན་རྒྱལ། རྗེ་ཙོང་ཁ་པ། འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་རིའི་ལྡེབས་སུ་མར་པ་ལོ་ཙཱ་བ་བཞུགས་མྱོང་བའི་སྒྲུབ་ཕུག་ཅིག་ཀྱང་མཇལ་རྒྱུ་ཡོད།

སྦེ་སེར་དགོན།

མཚན་རྒྱས་པར་སྤྲིན་སེར་བྱམས་གླིང་ཆོས་ཀྱི་སྡེ་ཆེན་པོ་ཞེས་ཞུ། ཉི་མ་ཐང་ནས་སྤྱི་ལེ་བཞི་ལྔ་ཙམ་མར་ཡོང་དུས་སྦེ་སེར་གྲོང་གི་ནུབ་ངོས་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། སྦེ་སེར་ཞེས་པ་ནི། སྤྲིན་སེར་པོའམ་ཡང་ན་སྤྲིན་གསེབ་ཏུ་ཆགས་པས་སྤྲིན་གསེབ་ཅེས་གསུང་སྲོལ་མི་འདྲ་བ་དང་། རྗེས་སུ་སྦེ་སེར་ཞེས་པའི་སྒྲར་འགྱུར། དགོན་དེ་ནི་ཐོག་མར་བཀའ་གདམས་པའི་བླ་མ་ར་ན་རྡོ་རྗེ་ཞུ་བས་ཕྱག་བཏབ་གནང་ཞེས་དང་། ཡང་ལ་ལས་ཀུན་མཁྱེན་གྲོ་ལུང་པས་ཕྱག་བཏབ་གནང་ཞེས་གསུང་སྲོལ་མི་འདྲ། ཇུན་གར་དམག་དུས་དེ་མར་རྗེ་ཙོང་ཁ་པའི་སྐུ་བཞེངས་པས་སྐྱོན་ཆ་བྱུང་མེད་ཅེས་གསུང་། རྗེས་སུ་གསང་ཕུ་བླ་བཅུའི་ཁོངས་ཡིན་ཅིང་ཉི་མ་ཐང་དགོན་པ་དང་དུས་མཉམ་པར་གཉལ་གོས་འདབས་མ་བསམ་གྲུབ་གྲྭ་རྒྱུན་དུ་ཕེབས་ནས་འཆད་ཉན་གྱི་སྲོལ་གཏོད་དེ་བླ་རབས་རིམ་པས་དགོན་དེ་བསྐྱངས་གནང་མཛད། དགེ་འདུན་ཞལ་གྲངས་ལྔ་བཅུ་སྐོར་བྱུང་གསུང་། སྔོན་གྲྭ་ཚང་གཅིག་དང་ཁང་ཚན་ཁ་ཤས་ཡོད་པ་ལ་རྒྱལ་བྱེད་ཁང་ཚན་དང་། གཞི་བཙུན་ཁང་ཚན། ཛེ་མདོ་ཁང་ཚན་སོགས་ཀྱི་མཚན་ཕྱིས་རབས་སུའང་གནས་ཤིང་ཁང་ཚན་སོ་སོར་གྲྭ་རྒྱུན་ཡང་ཕེབས་སྲོལ་ཡོད། སྔོན་གྲྭ་ཚང་འདུ་ཁང་ཀ་བ་༡༦ནང་བྱམས་པ་མཐོང་གྲོལ་ཞུ་བ་ཐོག་སོ་གཉིས་ལྡན་ཞིག་ཡོད་པ་དང་། དེའི་ཁ་སྤྲོད་[page 93] བྱམས་པའི་དབུ་ཐོད་ཅེས་པའི་རི་འབུར་སྟེང་བྱམས་པའི་རང་བྱོན་དང་དེ་དང་ཉེ་བར་དུར་ཁྲོད་ཅིག་ཡོད་པས་དེར་ཕུང་པོ་སྐྱེལ་ཕྲལ་བྱམས་ཁང་གི་སྒེའུ་ཁུང་ཕྱེས་ཏེ་མཆོད་མེ་འབུལ་སྲོལ་ཡོད། ཡང་དགོན་དེ་དང་ཉེ་བའི་ཇོ་མོ་ནང་ཞེས་པར་བཙུན་དགོན་ཞིག་ཡོད་པས་དེའི་སྐུ་གསུང་ཐུགས་རྟེན་རྣམས་དགོན་དེར་སྒྲིལ་བ་ཡིན་ཅེས་རྟེན་དང་བརྟེན་པ་ཇི་སྙེད་བཞུགས། གཞན་ཡང་ཁང་ཚན་སོ་སོལའང་རྟེན་དང་བརྟེན་པ་མང་པོ་བཞུགས་སུ་གསོལ།

གནང་བའི་འདུ་ཁང་ཀ་བཞིའི་ནང་འཇིམ་གྱི་རྗེ་ཡབ་སྲས་གསུམ་མི་ཚད་ལྷག་ཙམ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྟག་ལུང་བྲག

མཚན་རྒྱས་པར་སྟག་བྲན་ཕན་བདེ་བསམ་གཏན་གླིང་ཞེས་ཞུ། ཁྲིམས་ཟམ་ནས་སྤྱི་ལེ་བཞི་ལྔ་ཙམ་སོང་ན་ར་མོ་ཆེ་གྲོང་དང་ཉེ་བར་དགོན་དེ་མཇལ་རྒྱུ་ཡོད། སྟག་ལུང་ཞེས་པ་ནི། སྔོན་གྱི་སྟག་ལུང་བྲག་དགོན་ཆགས་ཡུལ་དུ་རྒྱབ་རི་སྟག་དང་འདྲ་བས་སྟག་ལུང་བྲག་ཅེས་ཞུ། དགོན་དེ་ནི་ཐོག་མར་སྦ་ཏི་ལོ་ཙཱ་བ་ཁུ་སྟོན་བརྩོན་འགྲུས་དབང་ཕྱུག་ར་མོ་ཆེར་ས་སྒྲུབ་གནང་ས་དང་། སྟག་བྲག་གི་ཤར་ངོས་ནོར་བུ་རིར་རླུང་སྒོམ་གནང་ས་ཡིན་ཞེས་ཐོག་མར་ཁུ་སྟོན་གྱིས་ཕྱག་བཏབ་གནང་བའི་བཀའ་གདམས་པའི་རི་ཁྲོད་ཅིག་ཡོད་པ་ལ། དེ་རྗེས་དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱིས་ཀློང་རྡོལ་བླ་མ་རིན་པོ་ཆེའི་ལུང་བཞིན་གནས་དེའི་དགེ་སློང་རེར་ཆོས་གོས་རེ་ཕུལ་གནང་ནས་དགོན་དེའི་དགོན་བདག་གནང་། ད་ལྟ་བསྟན་འཛིན་དགེ་ལེགས་འཇིགས་མེད་བསྟན་པའི་རྒྱལ་མཚན་བར་སྐུ་ཕྲེང་ལྔ་ཙམ་བྱུང་། ལོ་མ་བདུན་པའི་རུ་ཕུག་ཀྱང་གནས་དེར་ཡིན་ཞེས་ཞུ། ཐོག་མར་དགེ་སློང་བཞི་གྲྭ་གཅིག་ནས་རིམ་བཞིན་དགེ་སློང་ཉེར་ལྔ་བར་འཕེལ། སྐུ་འཕྲེང་བཞི་པས་སྲིད་སྐྱོང་གནང་རྗེས་ཕན་བདེ་བསམ་གཏན་གླིང་ཞེས་པའི་[page 94] མཚན་གསོལ། རྒྱ་སྐྱེད་ཆེན་པོ་གནང་ནས་དགེ་འདུན་ཞལ་གྲངས་བརྒྱད་ཅུ་ལྷག་ཙམ་བར་འཕེལ། སྔོན་འདུ་ཁང་ཀ་བ་ཉི་ཤུའི་གཙང་ཁང་ཀ་བ་བརྒྱད་ནང་སྐུ་འཕྲེང་གསུམ་པའི་གསེར་ཟངས་ཀྱི་གདུང་རྟེན་ཐོག་སོ་ཉིས་ཐོག་ལ་སྒོ་འཁྱིམ་གསེར་ལྗང་བརྡུང་། གཡུ་དང་བྱུ་རུ། གཟི་དང་། མུ་ཏིག་སོགས་རིན་ཆེན་མང་པོས་ཁྲ་བརྒྱན་བཏབ་པ་ཞིག་དང་། གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་ཚད་མ། བློ་བཟང་བསྟན་པའི་རྒྱལ་མཚན་གྱི་འཇིམ་སྐུ། དངུལ་གྱི་སྐུ་ཐོག་གསུམ་པའི་སྐུ་བརྙན། གསེར་གདུང་གི་གཡོན་དུ་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་དངུལ་གདུང་། འདུ་ཁང་ནང་གཡས་སུ་གསེར་ཟངས་ཀྱི་སེང་གདོང་གཙོ་འཁོར། གཡོན་དུ་གདུགས་དཀར་མཆོག་སྒྲུབ་མ། ཐུབ་པ་ཚུལ་ཁྲིམས་མ་ཞེས་བསྐུམ་ཁྲུ་གང་། དེའི་ཞོགས་སུ་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་ཐུགས་དམ་རྟེན་འཇིགས་བྱེད་ལྷ་བཅུ་གསུམ། འཇིགས་བྱེད་ཀྱི་བླ་བརྒྱུད་སྒྲུབ་ཆེན་མ་ལི་ཏའི་ཞབས་རྐང་ལ་འཇིགས་བྱེད་ཀྱི་སྐུ་བརྙན་རང་བྱོན་འབུར་དོད་དུ་ཡོད་པ་ཞིག་རྫུལ་གྱི་སྒམ་ཆུང་ནང་དང་། དེའི་ཕྱི་ལ་གསེར་གྱི་བྲལ་སྤང་། འདུ་ཁང་རྙིང་པ་ཀ་བ་བཅུ་དྲུག་ནང་རྟེན་གཙོ་འཇིམ་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། མཐའ་འཁོར་དུ་གནས་བརྟན་བཅོ་དྲུག་གི་སྐུ་བརྙན་ཐོག་སོ་གཅིག་ཙམ། བྱམས་ཁང་ཀ་བརྒྱད་ནང་དབུས་སུ་རྒྱལ་བ་བྱམས་པ་ཐོག་སོ་གཅིག་ལྷག གཡས་གཡོན་དུ་མར་མེ་མཛད་དང་ཤཱཀྱ་ཐུབ་པ། རྡོ་རྗེ་གདན་མའི་སྐུ་བརྟན་ཁྲུ་གང་ཙམ། དེའི་ཤར་ངོས་མགོན་ཁང་ནང་མགོན་པོའི་བླ་རྡོ་བཞུགས་པའི་མགོན་པོ་ཕྱག་བཞི་དང་། སྤྱན་རས་གཟིགས་སོགས་ཀྱི་སྐུ་བརྙན་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་དགོན་གཤམ་དུ་པ་རི་ཁུག་ཅེས་པར་གསར་བཞེངས་གནང་བའི་འདུ་ཁང་ཀ་བཞིའི་ནང་རྟེན་གཙོ་ཐུབ་དབང་གི་སྐུ་བརྙན་མི་ཚད་མ་ཟིན་ཙམ་དང་། སྲིད་སྐྱོང་རིན་པོ་ཆེའི་འདྲ་སྐུ། ཚེ་དཔག་མེད་དང་། རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག་སོགས་དང་། མགོན་ཁང་ཀ་གཅིག་ནང་[page 95] མགོན་པོའི་སྐུ་བརྙན་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

ཡང་དེ་དང་ཉེ་བའི་ར་མོ་ཞེས་པའི་གྲོང་དབུས་སུ་སྦ་ཏི་ལོ་ཙཱ་བ་ཁུ་སྟོན་བརྩོན་འགྲུབ་དབང་ཕྱུག་གིས་ཕྱག་བཏབ་གནང་བའི་ར་མོ་ཆེ་ཞེས་པར་ལྷ་ཁང་ཆུང་ཆུང་ཞིག་དང་། ོ་བོའི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། སྔོན་ལི་ཡུལ་ནས་ཆོས་རྒྱལ་སྲོང་བཙན་མཇལ་དུ་བཙུན་ཆུང་གཉིས་ཕེབས་སྐབས་ཁྲིམས་ཟམ་སྟེང་སྤྲུལ་པའི་ཁྲིམས་གཅོད་བྱས་པའི་མིའི་མགོ་ལག་དཔྱང་ཡོད་པ་མཐོང་བས་ཁྲིམས་ཟམ་ཞེས་པ་དེ་ལྟར་བྱུང་ཞེས་དང་། ཡང་སྟོད་ལུང་མདའི་ཆུ་འགྲམ་ན་ཁྲི་དང་ཁྲིའུའི་སྟེང་དུ་འདུག་སྟེ་ཁྲིམས་བཅད་ཅེས་ཁྲི་ཟམ་ཞེས་ཀྱང་གསུངས། ཕྱིས་སུ་ངར་ལྕགས་དང་ཨར་འདམ་ལས་གྲུབ་པའི་ཕྱི་ལུགས་ཟམ་པ་ཞིག་བརྒྱབས་པས་བོད་དུ་ཕྱི་ལུགས་ཀྱི་ཟམ་པ་དང་པོ་དེ་ཡིན་ཟེར། དེ་རྗེས་ད་ལྟའི་ཨར་འདམ་གྱི་ཟམ་པ་དེ་ཉིད་བསྐྲུན།

གཞོང་པ་ལྷ་ཆུ།

མཚན་གཞན་ལ་སྟོད་ལུང་གཞོང་པ་ལྷ་ཆུ་ཞེས་ཞུ། ཁྲིམས་ཟམ་ནས་སྤྱི་ལེ་བཞི་ཙམ་ནུབ་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་གནས་དེར་འབྱོར་གྱི་རེད། གཞོང་པ་ལྷ་ཆུ་ཞེས་པ་ནི། སྔོན་གུ་རུ་རིན་པོ་ཆེ་བལ་ཡུལ་ནས་སྟོད་ལུང་བརྒྱུད་གནས་དེར་ཕེབས་འབྱོར་བྱུང་བ་དང་། ཆོས་རྒྱལ་ཁྲི་སྲོང་གིས་མངགས་པའི་ཕོ་ཉ་བློན་པོ་ལྷ་བཟང་ཀླུ་དཔལ་ཡང་རྟ་པ་ལྔ་བརྒྱ་དང་བཅས་གནས་དེར་ཕེབས་བསུར་འབྱོར། གུ་རུར་གསོལ་བ་དྲངས་བསམ་པར་ཆུ་མེད་ལུགས་ཞུས་པས་གུ་རུས་ཕྱག་མཁར་རྡོ་གཞོང་པ་འདྲ་བ་ཞིག་ལ་བཙུགས་གནང་ནས་ཡར་འཐེན་གནང་དུས་ཆུ་རྐ་བཟང་བདུན་ཙམ་དོན་པས། ལྷ་བཟང་ཆུ་བྱུང་། གཞོང་པ་གཟེད་ཅིག་གསུངས་པས་གཞོང་པ་ལྷ་ཆུ་ཞེས་པའི་མཚན་དེ་ལྟར་བྱུང་། ཕྱག་མཁར་ནི་ད་ལྟའང་བསམ་ཡས་སུ་མཇལ་རྒྱུ་ཡོད། སྔོན་གཞོང་པ་ལྷ་ཆུའི་ལྷ་ཁང་ནང་འཇིམ་གྱི་གུ་རུའི་སྐུ་བརྙན་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཕྱག་རྡོར་གྱི་སྐུ་བརྙན་སོགས་བཞུགས་སུ་[page 96] གསོལ་ཡོད།

ད་ལྟ་སྔོན་གྱི་ལྷ་ཁང་ཉམས་གསོ་ཞུས་པའི་ནང་རྟེན་གཙོ་འཇིམ་གྱི་གུ་རུའི་སྐུ་བརྙན་གྱིས་གཙོས་མཁན་སློབ་ཆོས་གསུམ་དང་། གུ་རུ་མཚན་བརྒྱད། འབུམ་རྒྱས་འབྲིང་བསྡུས་གསུམ་པར་མ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དེ་དང་ཉེ་བར་སེར་མ་གྲོང་ཚོའི་ལྷོ་ངོས་སུ་ཞལ་ལུང་ཞེས་པར་མདོ་སྨད་རྫོགས་ཆེན་དགོན་གྱི་དགོན་ལག་བཤད་སྒྲུབ་ཆོས་གླིང་གི་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོས་༡༩༩༦ལོར་གང་གི་རྩ་བའི་བླ་མའི་བཀའ་བཞིན་ཞལ་ལུང་རི་ཁྲོད་བཏབ། ཞལ་ལུང་ཞེས་པ་ནི། མངའ་རིས་པཎ་ཆེན་སྐྱོར་ལོ་ལུང་དུ་བྱོན་སྐབས་གནས་དེ་ནས་མགོན་པོ་ཞལ་དངོས་སུ་ཞལ་གཟིགས་པས་ཞལ་ལུང་ཞེས་པ་དེ་ལྟར་ཐོགས། གནས་དེར་རྩ་དཀར་ཆུ་མིག་སོགས་ཆུ་མིག་སྣ་ཚོགས་ལས་ཆུ་བཏུངས་ན་ནད་རིགས་ཀུན་ལ་ཕན་ཞེས་ཟེར།

སྐྱོར་མོ་ལུང་།

མཚན་རྒྱས་པར་སྐྱོར་མོ་ལུང་དགའ་ལྡན་ཆོས་འབྱོར་གླིང་ཞེས་ཞུ། གཞོང་པ་ལྷ་ཆུའི་བྱང་ངོས་སུ་སྤྱི་ལེ་གཅིག་ཙམ་གྱི་ས་ན་དགོན་དེ་མཇལ་རྒྱུ་ཡོད། སྐྱོར་མོ་ལུང་ཞེས་པ་ནི། སྔོན་གནས་དེར་ཆུ་ཉེན་གྱི་རག་སྐྱོར་ཆེན་པོ་ཞིག་ཡོད་པས་སྐྱོར་མོ་ལུང་དང་། ཡང་དུག་ཀྱི་ཀུ་ཨ་ཡོ་ཞེས་པས་གཏུམས་ནས་ཡོད་པས་ཀྱི་གུ་ལུང་ཞེས་དང་། ཡང་བསྟན་པ་སྐྱོར་བའི་སྐྱོར་མོ་ལུང་སོགས་གསུང་སྲོལ་མི་འདྲ་བ་ཡོད། དེའང་གུ་རུ་རིན་པོ་ཆེ་སྟོད་ལུང་ནང་ནས་མར་ཕེབས་སྐབས་ལྷ་འཕྲང་གདོང་ཞེས་པ་དེ་རི་བྱད་མི་ལེགས་པར་གཟིགས་ནས་རི་དེའི་གཉའ་གནོན་པའི་ཆེད་རི་སྟེང་ནས་མར་ཕེབས་དུས་ད་ལྟའི་དགོན་པ་ཆགས་ཡུལ་དུ། མ་འོངས་པ་ན་གནས་འདིར་དགོན་པ་ཆེན་པོ་ཞིག་ཆགས་འོང་གསུངས་པ་ལྟར་རྗེས་སུབཀའ་གདམས་པའི་བླ་མ་སྦལ་ཏི་དགྲ་བཅོམ་པ་ཁུ་སྟོན་བརྩོན་འགྲུས་དབང་ཕྱུག་གིས་དུས་རབས་བཅུ་གཅིག་པའི་[page 97] ནང་ཐོག་མར་བེ་སྨད་ར་མོ་ཆེ་ལ་དགོན་ཞིག་བཏབ་ནས་དགེ་འདུན་མང་པོ་འདུས། དེ་ནས་སྟག་ལུང་བྲག་ཏུ་རི་ཁྲོད་ཆུང་ངུ་ཞིག་ཀྱང་བཏབ་གནང་མཛད། དེ་ནས་རིམ་བཞིན་སྐྱོར་མོ་ལུང་དགོན་ཕྱག་བཏབ་གནང་ནས་རིམ་བཞིན་ཚོགས་ཆེན་གཅིག་དང་། གྲྭ་ཚང་གསུམ་སྟེ་འཁྱམ་པ་གྲྭ་ཚང་། ཕུ་ཁང་གྲྭ་ཚང་། མཚན་ཉིད་གྲྭ་ཚང་བཅས་གསུམ་ཡོད། སྦ་རི་དགྲ་བཅོམ་པའི་རྣམ་སྤྲུལ་མངའ་རིས་རིན་པོ་ཆེ་སྟེ་ངག་དབང་དཔལ་ལྡན་བློ་བཟང་ཆོས་རྒྱལ་བར་སྐུ་ཕྲེང་༡༣ཙམ་བྱུང་པའི་སྦྱིན་བདག་བདག་མོ་བསོད་ནམས་པད་འཛོམས་ཀྱིས་རྗེ་རིན་པོ་ཆེའི་བཀའ་བཞིན་བཞེངས་པའི་གསེར་ཟངས་ཀྱི་ཚེ་དཔག་ལྷ་དགུ་ཕྱག་ན་ལྷུང་གཟེད་རེ་བཞེས་པ་ཐོག་སོ་གཉིས་ལྡན་གྱི་གཙོ་སྐུའི་གཟུངས་སུ་སངས་རྒྱས་ཆོས་འཕགས་ཀྱི་རྣམ་སྦྱར་བཞུགས་པ་དང་། པཎ་ཆེན་བསོད་གྲགས་ཀྱི་སྐུ་དམར་གདུང་བཞུགས་པའི་ཤིང་གི་གདུང་རྟེན། གསེར་དངུལ་ལས་བྲིས་པའི་བཀའ་འགྱུར། འདུ་ཁང་ནང་གསེར་ཟངས་ཀྱི་ཐུབ་དབང་དང་ཇོ་བོ་སོགས་མི་ཚད་ལྷག་དང་། དགོན་དེ་དང་ཉེ་བའི་མ་བུ་དགོན་ཞེས་པའི་ཇོ་དགོན་ནས་སྤྱན་དྲངས་པའི་ཛྷིཀྵིམ་དང་། རྒྱ་གར་ཤར་ནུབ་ཀྱི་ལི་མའི་སྐུ་བརྙན་སྣ་ཚོགས། ལྟག་ཏུ་ཀ་བ་མིང་ཅན་བཞི་ཞེས་སྤེན་མའི་ཀ་བ་དང་། རམ་པའི་ཀ་བ། ཀ་བ་ཐེག་ཆེན་ལྡན་པ། ཏིང་འཛིན་ཀ་བ་ཞེས་རྗེ་ཙོང་ཁ་པ་ཀ་བ་དེར་སྐུ་རྒྱབ་བརྟེན་ནས་ཏིང་འཛིན་དུ་བཞུགས་པ་བཅས་དང་། ཀ་བ་དེའི་ཁྲིས་སུ་རྒྱ་དངུལ་གྱི་རྗེ་ཙོང་ཁ་པའི་སྐུ་བརྙན་མི་ཚད་མ་ཟིན་ཙམ་ཞིག་ཀྱང་ཡོད། འོན་ཀྱང་དུས་ཤིག་ན་དགོན་དེ་ཉམས་ཆགས་བྱུང་སྟབས་ཏིང་འཛིན་ཀ་བའང་རྩེ་ཕོ་བྲང་གི་གསེར་སྡོང་འཛམ་གླིང་རྒྱན་ཅིག་ནང་ཕུལ་ཞེས་གསུངས། འདུ་ཁང་ཡང་སྟེང་ཚེ་དཔག་ལྷ་ཁང་ཞེས་ཞལ་རས་ལྷ་ཁང་ནང་རྗེ་ཙོང་ཁ་པས་འཕན་པོ་བཀོག་སྐྱིད་ནས་བཀོག་གནང་བའི་ཚེམས་བཞུགས་པའི་མཆོད་རྟེན་མཐོ་གང་ལྷག་ཙམ་ཞིག་ཀྱང་ཡོད། རྗེ་ཙོང་ཁ་པའང་དགོན་དེར་སྒྲིག་བཞུགས་གནང་བ་དང་དགའ་གདོང་ལའང་སྒྲིག་འཛིན་གནང་སྟེ་འདུལ་བའི་སྐོར་མཁན་ཆེན་ཤ་མེད་[page 98] ཀྱི་མདུན་ནས་དང་། དབུ་མའི་སྐོར་བླ་མ་དབུ་བ་མ་ལས་གསན་ཞེས་གསུངས། གཞན་ཡང་གྲྭ་ཚང་ཁག་ལའང་དེ་འཚམས་ཀྱི་རྟེན་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད།

ད་ལྟ་འཁྱམས་པ་གྲྭ་ཚང་ཉམས་གསོ་གནང་བའི་ནང་འཇིམ་གྱི་དུས་གསུམ་སངས་རྒྱས་དང་། དེའི་གཡས་སུ་ཁུ་རྔོག་འབྲོམ་གསུམ་དང་རྗེ་དུ་ཁ་མ། གཡོན་དུ་གསང་འདུས། སྒྲོལ་ལྗང་། ཕྱག་རྡོར་སོགས་མི་ཚད་མ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

དགའ་གདོང་དགོན།

དགའ་གདོང་དགོན་ནི། ཐོག་མར་བཀའ་གདམས་པའི་བླ་མ་ཞིག་པོ་ཤེས་རབ་ཞུ་བས་སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཕྱག་བཏབ་གནང་མཛད། དབུས་ཀྱི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཡང་ཡིན། རྗེ་ཙོང་ཁ་པའང་གནས་དེར་བླ་མ་དབུ་མ་པ་དང་ལྷན་དུ་འཇམ་དབྱངས་བསྒྲུབ་པས་ཞལ་གཟིགས་ཀྱང་གསུང་མ་བྱོན་པས་བླ་མ་དབུ་པ་པས་གསུང་སྒྱུར་གྱི་ཚུལ་མཛད། དེ་རྗེས་ཉམས་རྒུད་བྱུང་སྟེ་བར་སྐབས་གཅིག་རིང་དབོན་དགོན་དུའང་འགྱུར་སྐད། དེ་རྗེས་རྒྱལ་མཆོག་ལྔ་པའི་རྗེས་སུ་རྒྱལ་པོ་སྐུ་ལྔའི་ནང་ཚན་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོའམ་དགའ་གདོང་ཆོས་སྐྱོང་ཤིང་བྱ་ཅན་ཞེས་གནས་སྲུང་དུ་བསྐོས་ཤིང་དགོན་དེའང་གཙང་དགོན་དུ་བསྒྱུར་བ་གནང་ཞེས་གསུངས། སྔོན་འདུ་ཁང་འདིའི་གཙང་ཁང་སྦུག་མར་འཇིམ་གྱི་མཁན་སློབ་ཆོས་གསུམ་མི་ཚད་ལྷག་དང་། དེའི་གཡས་སུ་འཇིགས་བྱེད་ལྷ་བཅུ་གསུམ་དང་། བསྟན་མ་རྣམ་གསུམ། གཡོན་དུ་རྟ་མགྲིན་བསམ་གྲུབ་དང་དེའི་གཡོན་དུ་རྒྱལ་པོ་སྐུ་ལྔ། བྱམས་ཁང་ནང་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ལྡན། འདུ་ཁང་ནང་སྨན་བླ་བདེ་གཤེགས་བརྒྱད་མི་ཚད་མ། མཆོད་གཤོམ་ནང་གསེར་ཟངས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྐུ་བརྙན་ཐོ་གང་ལྷག་དང་། ལི་མའི་རྟ་མགྲིན་བསམ་གྲུབ་བྱིས་པ་ལོ་བརྒྱད་ཙམ། འབྲས་སྒོ་མང་སྐྱོར་དཔོན་རིན་པོ་ཆེས་[page 99] བཞེངས་གནང་མཛད་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། འཇམ་དབྱངས་ལྷ་ཁང་ནང་འཇམ་དབྱངས་གསུང་བྱོན་མ་དང་། བླ་མ་དབུ་མ་བ། ལྷ་མགོན་ཆོས་གསུམ་བཅས་ཀྱི་ལྡེབས་རིས་དང་དེའི་འོག་ཏུ་རྗེ་རིན་པོ་ཆེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་འཇིམ་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་སོ་གཅིག་ལྷག་དང་མཁན་ཆེན་ཞིག་པོ་ཤེས་རབ། བླ་མ་དབུ་མ་བ། རྒྱལ་མཆོག་ལྔ་པ། གུ་རུའི་སྐུ་བརྙན་བཅས་མི་ཚད་མ་དང་། སྨན་བླ་བདེ་གཤེགས་བརྒྱད་བརྐྱང་ཁྲུ་གང་ལྷག་སོགས་གསར་བཞེངས་གནང་བ་དང་། འཕྲིན་ལས་རྒྱལ་པོ་དང་། འཇམ་དབྱངས་ཀྱི་སྐུ་བརྙན། འཇིགས་བྱེད་དང་ལྷ་མོ་སོགས་ལྡེབས་རིས་རྙིང་མ་མང་པོ་དང་། འཇམ་དབྱངས་ལྷ་ཁང་སྔོན་གྱི་དེ་རང་ལ་ལྡེབས་རིས་དང་བཅས་པ། རྗེ་ཙོང་ཁ་པའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད།

ར་ཚག་རི་ཁྲོད།

ར་ཚག་རི་ཁྲོད་ནི། སྟོད་ལུང་བདེ་ཆེན་རྫོང་ནས་སྣུམ་ནག་འཁོར་ལམ་བརྒྱུད་ཡབ་མདའ་བར་སྤྱི་ལེ་བཞི་ལྔ་ཙམ་དང་། དེ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ལྔ་ཙམ་ཡབ་ཕུའི་འགྲོ་ལམ་དེད་སོང་ན་ལམ་སྟེང་དུ་ར་ཚག་རི་ཁྲོད་མཇལ་རྒྱུ་ཡོད། དགོན་དེ་ནི་ར་ལོ་ཙཱ་བས་དགོན་པ་བརྒྱ་དང་བརྒྱད་ཕྱག་བཏབ་གནང་བའི་མཐའ་མཇུག་གི་དགོན་དེ་ཡིན་སྟབས་ཚགས་སུ་ཚུད་པར་བྱས་སྟབས་ར་ཚག་ཅེས་པའི་མཚན་དེ་ལྟར་བྱུང་གསུང་། ར་ལོ་ཙཱ་བ་ཐོག་མར་གནས་དེར་ཕེབས་ནས་ད་ལྟའི་མགོན་ཁང་གི་ཤུལ་དུ་སྐུ་མཚམས་སུ་བཞུགས། ས་མཐེབ་སྐྱུ་རེར་ཡ་མ་ར་ཛཱ་འབུམ་རེ་གསུངས་ཏེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྐུ་བརྙན་བཞེངས་གནང་མཛད། པཎ་ཆེན་ནཱ་རོ་པའི་ཐུགས་དམ་གྱི་རྟེན་མཁའ་སྤྱོད་མའི་སྐུ་བརྙན་ཞིག་ཡོད་པ་དེ་ནི། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ནས་ཡོད་[page 100] སྐད་ལ། དེ་རྗེས་མཁའ་འགྲོའི་རྣམ་སྤྲུལ་ཞིག་གིས་པཎ་ཆེན་ནཱ་རོ་པ་ལ་ཕུལ་ནས་ནཱ་རོ་པའི་ཐུགས་དམ་གྱི་རྟེན་དུ་གྱུར། མི་དང་གསུང་མོལ་གནང་བ་བཞིན་མཛད། ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་རྗེས་ཐུགས་ངལ་གྱི་ཚུལ་དུ་གྲི་གུག་ཐུར་དུ་གཏད་པས་ཟུག་ངུ་ཐམས་ཅད་གཅོད་པ་དང་། ཐོད་ཕྲག་ནམ་མཁར་འཕྱར་བས་ཟག་མེད་ཀྱི་རོས་ཚིམས་པར་མཛད་པ་སྤྱན་གསུམ་དག་པ་མཁའ་སྤྱོད་དུ་ནཱ་རོ་པའི་རྗེས་སུ་གཟིགས་པ་བཅས་ཀྱི་ཚུལ་འདི་དེ་ནས་བྱུང་བ་ནས་བཟུང་ནཱ་རོ་མཁའ་སྤྱོད་དུ་གྲགས། དེ་ནས་རྗེ་བཙུན་མས་ཡལ་དེར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དངོས་སུ་གཟིགས་ཏེ་མཁའ་འགྲོའི་སྤྲུལ་པ་གསུམ་དུ་སྤྲུལ་ནས་བོད་ཡུལ་གང་སར་བཙལ་བས་མཐར་མདོ་སྨད་ནས་ལས་ཅན་གྱི་སྐྱེས་བུ་རྒྱལ་མཚན་བཟང་བྱ་བ་ལོ་བཅུ་ལོན་པ་ཞིག་ལ། དཔལ་ནཱ་རོ་པའི་ཐུགས་དམ་གྱི་རྟེན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བོད་ཡུལ་དུ་གདན་འདྲེན་དགོས་པའི་ལུང་བསྟན་གནང་བར། ཁྱིའུ་དེས་ཡབ་ཡུམ་ལ་གསུངས་པར་ཐོག་མར་ཁས་མ་བླངས། དེ་ནས་དགུང་ལོ་བཅོ་ལྔར་ལོན་མཚམས་སླར་ཡང་ཡབ་ཡུམ་ལ་ནན་སྐྱེད་པས་གསེར་ཕྱེ་བྲེ་གང་བཅས་རྒྱ་གར་དུ་ཕེབས་ཆོག་པའི་བཀའ་འཁྲོལ་བ་བཞིན་རྒྱ་གར་དུ་ཕེབས་ནས་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཁའ་སྤྱོད་མའི་སྐུ་བརྙན་གདན་དྲངས། ལམ་བར་དུ་གསུང་ཐེངས་མང་བྱོན། དེ་ནས་རྒྱལ་མཚན་བཟང་གིས་ས་རིའི་དཔྱད་པ་བཟང་བའི་གནས་དེར་སྤྱན་དྲངས། རྗེ་ཙོང་ཁ་པས་དབུ་རྒྱན་དང་སྙན་རྒྱན་འབུལ་གནང་མཛད་ནས་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་གནང་། དེ་རྗེས་རྒྱལ་དབང་ལྔ་པས་འབྲས་སྤུངས་ཀུན་དགའ་རྭ་བར་སྤྱན་དྲངས་པས་ཉིན་ཉེར་གཅིག་སོང་མཚམས་ཁོ་མོ་འདིར་མི་སྡོད་ར་ཚག་ཏུ་འགྲོ་ཞེས་གསུང་བྱོན་པས་རང་ལོག་ཏུ་གདན་དྲངས། ཡང་རྩེ་ཕོ་བྲང་དུ་གདན་དྲངས་པས་ང་འདིར་མི་སྡོད་ཡབ་ཏུ་འགྲོ་ཞེས་གསུངས་པས་སླར་ཡང་རང་ལོག་ཏུ་གདན་དྲངས་པ་སོགས་ཀྱི་ལོ་རྒྱུས་ཡོད། སྔོན་འདུ་ཁང་ཀ་བཞིའི་ནང་རྟེན་གཙོ་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ལྡན་དང་། ཡང་སྟེང་དུ་[page 101] མཁའ་སྤྱོད་ལྷ་ཁང་། ར་ལོ་ཙཱ་བའི་སྒྲུབ་ཕུག་ནང་འཇིགས་བྱེད་དཔའ་པོ་གཅིག་པ་ཐོག་སོ་གཅིག་ལྡན་དང་། དམ་ཅན་ཆོས་རྒྱལ་སོགས་མཇལ་རྒྱུ་ཡོད། རྒྱུན་དུ་དགེ་སློང་བརྒྱད་དང་དགེ་ཚུལ་གཉིས་བཞུགས་དགོས་པ་དང་དེའི་གསོལ་ཕོགས་སྒེར་པ་གཡུ་ཐོག་ནས་འབུལ་དགོས། དགོན་དེའི་ལྟག་ཏུ་ལས་ནད་འབུམ་པ་ཞེས་པ་ཞིག་ཡོད་པ་དེ་ནི་ར་ལོ་ཙཱ་བས་མ་འོངས་སེམས་ཅན་ནད་ལས་སྒྲོལ་ཆེད་དུ་མཁའ་འགྲོ་བྱེ་བའི་དབུ་སྐྲ་བཞུགས་སུ་གསོལ་ནས་ཐུགས་སྨོན་གནང་། སྨན་བཅོས་ཀྱིས་དྲག་སྐྱེད་མ་བྱུང་བའི་ནད་པ་འབུམ་པ་དེར་སྐོར་བ་བསགས་ན་ནད་ལས་སྒྲོལ་ཞེས་ཟེར། འོན་ཀྱང་ཕྱི་དྲོ་མཁའ་འགྲོ་ཕེབས་པའི་སྐབས་འཁེལ་བས་སྐོར་བར་འགྲོ་མི་རུང་ཞེས་གསུང་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ལ་ཉམས་གསོ་གནང་བའི་ནང་སྔོན་གྱི་བྱམས་པའི་སྐུ་བརྙན་དང་མགོན་ཁང་ནང་འཇིགས་བྱེད། མཁའ་སྤྱོད་ལྷ་ཁང་ནང་མཁའ་སྤྱོད་མའི་སྐུ་བརྙན་སོགས་གསར་བཞེངས་དང་། ལས་ནད་འབུམ་པ་ཉམས་གསོ་གནང་བ་སོགས་མཇལ་རྒྱུ་ཡོད།

སྤར་ཕུ་དགོན།

མཚན་རྒྱས་པར་སྤར་ཕུ་རིན་ཆེན་གླིང་ཞེས་ཞུ། ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་ནས་ནུབ་ངོས་སུ་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་བསྐྱོད་ན་འཁོར་ལམ་དང་ཅུང་ཉེ་བའི་ལྷོ་ངོས་ན་རྒྱལ་བ་སྐུ་འཕྲེང་གསུམ་པའི་འཁྲུངས་ཁང་ཆོས་ཁང་དམར་པོ་ཞེས་པ་དང་། དེ་ནས་མུ་མཐུད་སྤྱི་ལེ་བཅུ་གཅིག་ཙམ་སོང་ན་སྣང་རྩེ་སྐུ་འབུམ་མམ་དབུ་མགུལ་མཆོད་རྟེན་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབུ་ཤོར་སའི་མཆོད་རྟེན་གསར་བཞེངས་གནང་བ་དང་། དེ་དང་ཉེ་བའི་ནུབ་ངོས་སུ་སྣང་རྩེ་རྒྱལ་ཁང་ཞེས་པའང་ཡོད་པ་དེ་ནས་མུ་མཐུད་སྤྱི་ལེ་ལྔ་ཙམ་སོང་ན་ལུམ་པ་ཟམ་པར་འབྱོར། ལུམ་པ་ཟམ་པ་ཞེས་པ་ནི། སྔོན་ཁྱུང་པོ་སྤོ་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་ལྷ་ཁང་བཞེངས་ཞེས་ཟམ་པ་དེའི་ཤར་ངོས་བྲག་[page 102] ཟུར་གྱི་སྟེང་དུ་རྩིག་ཤུལ་ཞིག་ཡོད་པས་རྗེས་སུ་ལྷ་ཁང་གི་མིང་ཡང་ཟམ་པར་ཐོགས། ཟམ་པ་དེ་ནས་སྤྱི་ལེ་གསུམ་ལྷག་ཙམ་སོང་ན་སྤ་ར་གྲོང་ཚོའི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྗེ་ཕག་མོ་གྲུ་པའི་སྲས་ཀྱི་མཐུ་བོ་སྤར་ཕུ་བ་བློ་གྲོས་སེང་གེ་ཞུ་བས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་ཕྱག་བཏབ་གནང་མཛད། ཐོག་མར་བཀའ་བརྒྱུད་ཀྱི་སྒྲུབ་མཐའ་འཛིན་པ་ལ་རྗེས་སུ་ས་ལུགས་ཀྱང་ཡུན་རིང་དར། དེ་རྗེས་སྡིངས་ཁ་སྤྱི་ལུང་བ་ཡོན་ཏན་བཟང་པོ་བླ་མར་འཁོད་པ་ནས་བཟུང་དགོན་དེ་ནི་རི་བོ་དགེ་ལྡན་པར་གྱུར། མཚོ་སྣ་བ་ངག་དབང་བསམ་གཏན་སོགས་ཀྱིས་ཀྱང་གདན་ས་བསྐྱངས། དུས་རབས་བཅུ་བདུན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་དགེ་ལྡན་ཡོངས་རྫོགས་ལ་ཞིབ་བཤེར་དང་འབྲེལ་བེེཌཱུརྱ་སེར་པོ་ལྗགས་རྩོམ་གནང་བའི་སྐབས་སྤར་ཕུའི་གདན་ས་དགའ་ལྡན་ཞོལ་པ་དགེ་འདུན་བསོད་ནམས་ཀྱིས་འཛིན་སྤེལ་གནང་བའི་དུས་སུ་དགོན་དེར་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལྷག་ཙམ་གྱིས་འདོན་གཅོད་རྒྱུད་སྨད་གྲྭ་ཚང་དང་བཞེད་པ་མཚུངས། ལྷག་ཏུ་དགོན་དེར་ཟླ་རེའི་ཚེས་ལ་སྨན་བླའི་ཆོ་ག་གཏོང་གནང་གིས་སྨན་རྩིས་ཁང་ནས་ཨེམ་རྗེ་ཕེབས་ཏེ་སྨན་སྒྲུབ་གནང་སྲོལ་དང་། སྨན་སྒྲུབ་སྐབས་ཀྱི་བུམ་པ་དང་། གསོལ་སྨན་གྱི་ཁ་ཡིག་དཔར་ཤིང་། འདུ་ཁང་ཀ་བ་ཉེར་བཞིའི་ནང་རྟེན་གཙོ་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ལྡན་དང་། སྨན་བླ་བདེ་གཤེགས་བརྒྱད་མི་ཚད་མ། ཕག་གྲུའི་སྐུ་བརྙན། སྤར་ཕུ་སྒྲུབ་ཐོབ་ཀྱི་སྐུ་བརྙན། བསྟན་མ་ཁང་ནང་འཇིམ་གྱི་ཐུབ་དབང་གི་སྐུ་བརྙན་དང་། མགོན་པོ་ཕྱག་དྲུག བསྟན་མ་བྲག་རྒྱལ་མའི་སྐུ་བརྙན། གཞན་ཡང་སྤར་ཕུ་སྒྲུབ་ཐོབ་ཀྱི་སྒྲུབ་རྟགས་རླུང་གིས་བསྐོར་བའི་རང་འཐག་དང་། རྡོའི་རྟ། ཆུ་སྣོད་ཁ་བཅིངས་པ་སོགས་མཇལ་རྒྱུ་ཡོད་གསུངས།

ད་ལྟ་སྔོན་གྱི་བསྟན་མ་ཁང་གསར་བཞེངས་གནང་བའི་ནང་། འཇིམ་གྱི་ཐུབ་དབང་གི་སྐུ་བརྙན་མི་ཚད་མ་དང་། གུ་རུའི་སྐུ་བརྙན། རྗེ་ཡབ་སྲས་[page 103] གསུམ། ཚེ་དཔག་མེད། མགོན་ཆོས་ལྷ་གསུམ། བསྟན་སྲུང་བསེ་ཁྲབ་སོགས་བརྐྱང་ཁྲུ་གང་ལྷག་གསར་བཞེངས་གནང་བ་དང་། བཀའ་འགྱུར་དང་འབུམ་གསར་བླུ་གནང་བ་སོགས་མཇལ་རྒྱུ་ཡོད།

མཚུར་ཕུ་དགོན།

མཚན་རྒྱས་པར་དཔལ་གྱི་སྟོད་ལུང་མཚུར་ཕུ། འོག་མིན་ཐུགས་ཀྱི་གནས་མཆོག མ་དང་མཁའ་འགྲོའི་གདན་ས་ཞེས་ཞུ། ལུམ་པ་ཟམ་པ་ནས་མཚུར་ཕུའི་ངོས་སུ་སྤྱི་ལེ་ཉི་ཤུ་རྩ་བཞི་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་བཞི་སྟོང་གསུམ་བརྒྱ་ལྷག་ཙམ་གྱིས་མཐོ་བའི་སར་ཆགས་པའི་དགོན་དེར་སླེབས་ཀྱི་རེད། ཐོག་མར་གནས་དེར་སྤྱི་ལོའི་དུས་རབས་དགུ་པའི་ནང་བཙན་པོ་མངའ་བདག་ཁྲི་རལ་བཞུགས་མྱོང་བའི་ལྕང་ཕུའི་ཕོ་བྲང་ཉན་མཁར་ཞེས་པ་ཞིག་ཡོད་པ་ལ་དེ་ནི་མངའ་བདག་ཁྲི་རལ་གྱི་བློན་པོ་ཞང་པོ་ཚེས་སྤོང་སྟག་བཟང་ཉ་སྟོས་ཞེས་པའམ་ཚེ་སྤོང་སྟོ་རེ་ཞེས་པས་བཞེངས་པ་དང་། དེར་དགེ་སློང་བཞི་གྲྭ་གཅིག་བཙུགས་གནང་ནས་ཀ་རུ། ཐང་པ། གྲྭ་ཚང་སོགས་དགོན་དེའི་ཆོས་གཞིས་སུ་གནང་། དེ་རྗེས་མཉམ་མེད་དྭགས་པོ་ལྷ་རྗེའི་དངོས་སློབ་ཁམས་པ་མི་གསུམ་ནང་ཚན་ཁམས་པ་དབུ་སེ་ཞེས་ཀརྨ་པ་དུས་གསུམ་མཁྱེན་པས་བླ་མའི་བཀའ་བཞིན་སྐུ་ཡི་གདན་ས་ཁམས་ལི་ཐང་ཕྱོགས་སུ་སྐམ་པོ་གནས་གནང་ཞེས་བཏབ་གནང་པ་དང་གསུང་གི་གདན་ས་ཁམས་རི་བོ་ཆེར་ཀརྨ་ལྷ་སྟེང་དགོན་བཏབ། འགྲོ་དོན་རྒྱ་ཆེར་མཛད་ས་དབུས་གཙང་ཕུག་ཏུ་ཡོད་ཅེས་གསུངས་པ་ལྟར་སྙེ་མོ་ཕྱོགས་སུ་ཕེབས་པས་མ་རྙེད། དེ་ནས་གནས་དེར་སྣ་མཁར་ས་ཁུལ་སྟག་ལུང་ནང་ཞེས་པར་ཟག་མེད་ཤེས་བྱ་ཀུན་མཁྱེན་ཕོ་བྲང་ཞེས་རི་ཁྲོད་ཅིག་ཕྱག་བཏབ་གནང་མཛད། དེ་ཁུལ་དུའང་དགོན་པ་མང་པོ་ཆགས། འོན་ཀྱང་ད་དུང་རྟེན་འབྲེལ་མ་འགྲིག་པར་སྤྱི་ལོ་༡༡༥༥ལོར་ད་ལྟའི་དགོན་ཆགས་ཡུལ་དུ་ཕེབས་པས་བདེ་མཆོག་དངོས་སུ་ཞལ་གཟིགས་བྱུང་བ་དང་ཐོག་མར་གྲྭ་མ་གྲུ་བཞི་ཞེས་པའི་[page 104] གཟིམ་ཆུང་ཆུང་ཆུང་ཞིག་ནང་སྐུ་མཚམས་སུ་བཞུགས། དེ་ནས་དེ་དང་ཉེ་བར་ཡང་དགོན་སྦུག་ཅེས་ད་ལྟའི་དུས་མཁྱེན་མགོན་ཁང་ཞེས་པར་དགོན་ཆུང་ཞིག་བཏབ། སྐབས་དེར་རྒྱའུ་ནང་ཞེས་པར་བོན་དགོན་ཆེན་པོ་ཞིག་ཡོད་པར་གནས་མ་ཀིར་བན་དེའི་དགོན་པ་ཞིག་ཆགས་ཡོང་གི་འདུག་པས་མཐུ་བརྒྱབ་སྟེ་མེད་པ་བཟོ་དགོས་ཟེར་ནས་ལྕགས་ཀྱི་རྩམ་ཁོར་ཞིག་ནང་མཐུ་རྫས་རྣམས་བླུགས་ནས་མཐུ་སྒྲུབ་པའི་ཚེ་རྩམ་ཁོར་ཁ་དགྱེས་ཏེ་མཐུ་རྫས་རྣམས་“མཚུར”ཞེས་ལུད་པས་གནས་དེར་ཡང་མཚུར་ཕུ་ཞེས་པའི་མཚན་དེ་ལྟར་བཏགས་གནང་མཛད། ཀརྨ་པ་དུས་གསུམ་མཁྱེན་པ་གནས་དེར་ཡུན་རིང་བཞུགས་ཏེ་མཛད་པ་ཤིན་ཏུ་རྒྱས་པས་ཀརྨ་བཀའ་བརྒྱུད་ཅེས་པའི་ལུགས་ཀྱང་དེ་ནས་ཆགས། མཐར་དགུང་ལོ་བརྒྱད་ཅུ་གྱ་བཞིར་སྐུ་གཤེགས། སྐུ་གཤེགས་ཁར་སྤྲུལ་པའི་སྐུ་དངོས་སུ་འབྱོན་པར་དོན་གྱིས་ལུང་བསྟན་པ་ལྟར་སྐུ་ཕྲེང་གཉིས་པ་ཀརྨ་པཀྴིས་ཆོས་ཀྱི་བླ་མ་བྱོན་པ་འདི་ནི་གངས་ཅན་བོད་ཀྱི་ལྗོངས་སུ་སྤྲུལ་པའི་སྐུ་ཐོག་མ་དེ་ཡིན། སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་ཁོང་གི་རྣམ་སྤྲུལ་བཟོ་པ་པཀྴི་བྱ་བར་ཁྱོད་ཀྱིས་འདམ་ལྕོག་རྩེ་ལ་ནས་མཐོང་བའི་ལྷ་ཞིག་བཞེངས་དགོས་གསུངས། བཟོ་པས་ལྷ་དེ་ལྟ་བུ་ཞིག་བཞེངས་པར་རྒྱུ་ཆ་གང་ནས་འཚོལ་དགོས་སམ་ཞུས་པར། སྟོད་ལུང་རམ་པ་ཕུར་ཟངས་གཏེར་ཡོད་པས་དེ་ལས་ལོངས། ངས་ཧོར་གི་ཡུལ་ནས་གསེར་བསྐུར་འོང་གསུང་པ་བཞིན་མཚུར་ཕུའི་ལྷ་ཆེན་གཞུ་འདོམ་བཅུ་གསུམ་ཅན་ཞེས་པའི་ལི་ལས་གྲུབ་པའི་ཐུབ་པའི་སྐུ་བརྙན་ཆེན་པོའང་སྐབས་དེར་བཞེངས། རྒྱ་ནག་ཏུ་གོང་མ་སེ་ཆེན་གྱིས་གདན་ཞུས་ལྟར་ཕེབས་ནས་སྐྱེས་མང་པོ་ཕུལ་བ་རྒྱ་ནག་གི་མཚོ་ལ་བཏབ་གནང་ནས་ཡར་ལམ་བཀའ་འགྱུར་ཁྲོ་པར་སྡེ་དགེ་ནས་བཏོན་ཏེ་དེ་གར་བཞག་གནང་། ཞལ་དཀར་ཞིག་ཡོད་པ་གསོལ་དཔོན་གྱིས་ཆུ་ནང་འཕངས་འདོད་མ་བྱས་སྟབས་རྒྱབ་ཏུ་ཁུར་འོང་པས་མཚུར་ཕུར་འབྱོར་ལ་ཁད་དུ་གསོལ་འཛར་གནང་སྐབས་ཞལ་དཀར་ཆག་པས་ས་དེར་ཕང་ཐོད་ཅེས་བཏགས་གནང་མཛད། གནས་དེར་ཆུ་[page 105] མིག་གཅིག་བཏོན་གནང་ནས་དེར་རྒྱ་གར་ཆུ་མིག་ཐོགས་ཞེས་གསུངས། གཞན་ཡང་ཁ་སྟོད། སྣ་མཁར། མིག་སེར་སྒང་སོགས་ཀྱང་ཀརྨ་སྐུ་ཕྲེང་གཉིས་པས་བཏགས་གནང་མཛད། དེ་ནས་ཀརྨ་སྐུ་ཕྲེང་རིམ་བཞིན་བྱོན་ཏེ་ཀརྨ་པ་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་བར་སྐུ་ཕྲེང་བཅུ་བདུན་བྱུང་། ཀརྨ་ཞེས་པ་ནི། ལེགས་སྦྱར་གྱི་སྐད་ཡིན་ཅིང་བོད་སྐད་དུ་འཕྲིན་ལས་ཞེས་པའི་དོན་ཡིན། དུས་གསུམ་མཁྱེན་པར་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་ཞེས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་དབང་སྐུར་ཞིང་མཁའ་འགྲོ་འབུམ་གྱི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་པོ་དབུ་ལ་གསོལ་བས་འཕྲིན་ལས་པ་སྟེ་ཀརྨ་པ་ཞེས་མཚན་གསོལ་བར་གྲགས། དེ་ནས་བཟུང་སྐུ་ཕྲེང་ན་རིམ་ལ་ཀརྨ་པ་ཞེས་ཞུ། ཀརྨ་པ་སྐུ་ཕྲེང་གཉིས་པ་ནས་བཟུང་རིམ་བཞིན་རྒྱ་སྐྱེད་ཆེན་པོ་བྱུང་། ཚོགས་ཆེན་ཏེ་སྒར་པ་དང་། གཞིས་པ་གྲྭ་ཚང་། ཆོས་ཁང་གོང་། ཟུར་རུ་སོགས་བཅས་པར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཆིག་ཁྲི་ལྔ་སྟོང་མ་ཟིན་ཙམ་ཡོད། ཀརྨ་སྐུ་ཕྲེང་དྲུག་པས་གཞིས་པ་གྲྭ་ཚང་རྒྱ་སྐྱེད་དང་། སྐུ་ཕྲེང་བཅུ་པས་རིགས་སྲས་རྒྱལ་ཚབ་ནོར་བུ་བཟང་པོར་སྐུ་སྐལ་གྱི་ཚུལ་དུ་ཆོས་ཁང་གོང་གནང་། དེ་ནས་བཟུང་རྒྱལ་ཚབ་སྤྲུལ་སྐུའི་བཞུགས་གནས་སུ་གྱུར། ཚོགས་ཆེན་ནི་སྐུ་ཕྲེང་བདུན་པའི་སྐབས་བཞེངས། དེའི་གོང་ཀརྨ་པ་གནས་ངེས་མེད་དུ་ཡུན་རིང་བྱོན་བཞུགས་མཛད་སྟབས་སྒར་གྲྭ་ཚང་ཞེས་སུ་འབོད། དེ་ནས་རིམ་བཞིན་ཚོགས་ཆེན་གཅིག་དང་། མཚུར་ཕུ་སྒར་པ། ཆོས་ཁང་གོང་། གྲྭ་ཚང་། ཟུར་རུ་བཅས་ཁང་ཚན་བཞི། གཙོ་ཁང་གསེར་སྡོང་ཆེན་མོ། དངུལ་གདུང་ཆེན་མོ་བཅས་ཡོད་པ་ལ་འདུ་ཁང་ཚོགས་ཆེན་ཆེན་མོར་རྟེན་གཙོ་གསེར་ཟངས་ཀྱི་རིགས་གསུམ་མགོན་པོ་ཐོག་སོ་གཅིག་ལྷག་དང་། བདུན་པ་ཆོས་གྲགས་རྒྱ་མཚོའི་གསེར་གདུང་ལ་སོགས་རྟེན་སྐུ་ཇི་སྙེད། ཞལ་རས་ལྷ་ཁང་ནང་བརྒྱད་པ་མི་སྐྱོད་རྡོ་རྗེའི་དབུ་བླ་སྒྲུབ་ཐོབ་སངས་རྒྱས་མཉན་པའི་སྐུ་བརྙན་དངུལ་སྐུ་བར་སྣང་མ་ཞེས་པ་ཞིག་ཡོད་ཅིང་། སྐུ་དེ་བཞེངས་བསྒྲུབས་རྗེས་གསོལ་དཔོན་ལ་[page 106] ངའི་བླ་མ་འདྲ་འདུག་གམ་ཞེས་གསུངས་པར། ང་འདྲ་ཡོད་ཅེས་སྐུ་དེས་གསུང་བྱོན་པ་དང་། རབ་གནས་ཉིན་སྐུ་དེ་ས་ལ་མ་རེག་པར་སྣང་ལ་ཉིན་བདུན་བཞུགས་སྟབས། དངུལ་སྐུ་བར་སྣང་ཞེས་པའི་མཚན་དེ་ལྟར་བྱུང་། གཙོ་ཁང་ནང་གོང་གསལ་གྱི་ཐུབ་སྐུ་གཞུ་འདོམ་བཅུ་གསུམ་འཁོར་དང་བཅས་པ་དང་། གསེར་གདུང་ཆེན་མོའི་ལྷ་ཁང་ནང་གསེར་གདུང་བཞི། དངུལ་གདུང་ལྷ་ཁང་ནང་དངུལ་གདུང་བཞི། ཁང་ཚན་སོ་སོ་ལའང་སྐུ་གསུང་ཐུགས་རྟེན་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད།

ད་ལྟ་དངུལ་གདུང་ལྷ་ཁང་ལས་དེ་མིན་ཀུན་གསར་བཞེངས་གནང་བའི་གཙོ་ཁང་ནང་སྔོན་གྱི་ལྷ་ཆེན་གྱི་སྐུ་ཚབ་གསེར་ཟངས་ལས་བཞེངས་པའི་སྐུ་ཚད་དེ་འདྲ་དང་། ཞན་ཡང་སྔོན་གྱི་སྐུ་བརྙན་སོ་སོའི་སྐུ་ཚབ་གསར་བཞེངས་གནང་བ་མང་པོ། ཚོགས་ཁང་ཆེན་མོའི་ནང་སྔོན་གྱི་དངུལ་སྐུ་བར་སྣང་མས་གཙོས་རིགས་གསུམ་མགོན་པོ་སོགས་སྐུ་ཚབ་གསར་བཞེངས་གནང་བ་དང་། རྡོ་གཅལ་དུ་ཆོས་རྒྱལ་མངའ་བདག་ཁྲི་རལ་དུས་བཙུགས་པའི་རྡོ་རིང་ཡང་མཇལ་རྒྱུ་ཡོད།

གནས་ནང་དགོན།

མཚན་རྒྱས་པར་གནས་ནང་ཕུན་ཚོགས་གླིང་ཞེས་ཞུ། གནས་ནང་ཞེས་པ་ནི། གནས་ཙ་རི་སྐོར་བ་དང་ཁྱད་མེད་པས་དེའི་ནང་སོར་ཆགས་པས་གནས་ནང་ཞེས་ཟེར། ཁ་སྟོད་ནས་བྱང་ངོས་ཀྱི་རི་ལྡེབས་སུ་སྤྱི་ལེ་གཉིས་ལྷག་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཞལ་ཤར་དུ་ཕྱོགས་པའི་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེས་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་འགོར་ཕྱག་བཏབ་གནང་མཛད། རྟོགས་ལྡན་གྲགས་པ་སེང་གེ་ཆིབས་དྲེལ་དཀར་པོ་ཞིག་ལ་ཆིབས་ཏེ་གནས་འཚོལ་དུ་ཕེབས་སྐབས་ད་ལྟའི་དགོན་གཤམ་དུ་སྤང་སྡིངས་ཞིག་ཡོད་པར་གཟིམས་ཏེ་བཞུགས་སྐབས་ས་དེར་རྡོ་རྗེ་ཕག་མོའི་སྐུ་[page 107] དབྱིབས་ཀྱི་གཟིགས་སྣང་བྱུང་། ཞིང་སྐྱོང་ཡབ་ཡུབ་ཞལ་གཟིགས་ཏེ་འདྲེ་སྲིན་ཐམས་ཅད་རི་དྭགས་སུ་བསྒྱུར་གནང་ནས་དགོན་དེའི་ལྟག་ཏུ་ཤུག་པ་གཉིས་ཡོད་པ་སོ་སོར་ཐིམ། ས་དེ་གནས་ཙ་རི་དང་ཁྱད་མེད་དུ་བྱིན་གྱིས་རླབས་གནང་ནས་དགོན་དེ་རྡོ་རྗེ་ཕག་མོའི་སྐུ་སྤང་ནང་དུ་ཕྱག་བཏབ་གནང་མཛད་དེ་ཀརྨ་བཀའ་བརྒྱུད་ཀྱི་ཕྱག་བཞེད་གནང་། ཞྭ་དམར་སྐུ་ཕྲེང་དགུ་པ་བར་དབྱར་ཁ་ཡངས་ཅན་དགོན་དང་དགུན་ཁ་གནས་ནང་དགོན་དུ་བཞུགས། དེ་རྗེས་ཀརྨ་སྐུ་ཕྲེང་བརྒྱད་པ་དང་དུས་མཉམ་པར་རྒྱ་གར་མཁས་པ་དྲུག་གི་ཡ་གྱལ་པཎ་ཆེན་ཤེས་རབ་འབྱུང་གནས་ཀྱི་རྣམ་སྤྲུལ་དཔའ་བོ་གཙུག་ལག་ཕྲེང་བར་དཔའ་བོ་ཞེས་པའི་ཆེ་སྟོད་ཀྱི་མཚན་དང་དགོན་དེ་གནང་བ་ནས་བཟུང་དགོན་དེའི་དགོན་བདག་གནས་ནང་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། ད་ལྟ་དཔའ་བོ་སྨྲ་བའི་སྒྲ་དབྱངས་བར་སྐུ་ཕྲེང་དགུ་བྱུང་། དཔའ་བོ་གཙུག་ལག་འཕྲེང་བ་ནི། ཚད་མའི་གཞུང་ལའང་ཤིན་ཏུ་མཁས་པ་རྗེ་ཙོང་ཁ་པ་ལྟ་བུ་བྱུང་སྟེ་བཀའ་བརྒྱུད་ཀྱི་བསྟན་པ་ལ་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགོན་དེ་ལའང་དགེ་འདུན་ཞལ་གྲངས་བརྒྱད་ཅུ་སྐོར་འདུས། སྔོན་འདུ་ཁང་ཀ་བ་ཉེར་བཞིའི་ནང་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ལྡན་དང་དེའི་གཡས་གཡོན་དུ་སྐུ་རྒྱུ་དེ་འདྲའི་ཐུབ་དབང་མི་ཚད་མ་གཉིས་ཡོད་པར་བསྟན་པ་མེས་མི་འཇིགས་པའི་མེ་འཇིགས་མ་དང་། ཆུས་མི་འཇིགས་པའི་ཆུ་འཇིགས་མ་ཞེས་ཞུ། གསེར་གདུང་ལྷ་ཁང་ཞྭ་དམར་སྐུ་ཕྲེང་དང་པོའི་གསེར་གདུང་ཞེས་གསེར་དང་བྱེ་མ་མཉམ་བསྲེས་ཀྱིས་བཞེངས་པའི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན་ཐོག་སོ་ཉིས་ལྡན་དང་། དེའི་ལྟག་ཏུ་དངུལ་གདུང་ལྷ་ཁང་ནང་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱི་སྐུ་དམར་གདུང་བཞུགས་པའི་དངུལ་གྱི་གདུང་རྟེན། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་གཏེར་ལས་བཞེས་པའི་མཁའ་འགྲོའི་རྫ་རྔ་ཞེས་པ་སོགས་རྟེན་དང་བརྟེན་པ་ཇི་སྙེད་མཇལ་རྒྱུ་ཡོད།

[page 108]

ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་སྔོན་གྱི་འདུ་ཁང་གི་གཙང་ཁང་སྦུག་མར་སྔོན་གྱི་བྱམས་པའི་སྐུ་ཚབ་འཇིམ་གྱི་བྱམས་པ་སྐུ་ཚད་དེ་འདྲ་དང་། གཡས་གཡོན་གྱི་ཐུབ་པའི་སྐུ་བརྙན་གྱི་སྐུ་ཚབ། མཁའ་འགྲོའི་རྫ་རྔ་སྔོན་གྱི་དེ་རང་། འདུ་ཁང་ནང་གཡས་སུ་མཁན་སློབ་ཆོས་གསུམ་དང་། གཡོན་དུ་མར་མེ་དྭགས་གསུམ། དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་ལྡེབས་རིས་སོགས་དང་། གཞན་ཡང་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་མང་པོ། དགོན་དེའི་ཉེ་འདབས་སུ་ཞྭ་དམར་སྐུ་ཕྲེང་དང་པོ་དང་། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱི་སྐུ་རུས་བཞུགས་པའི་མཆོད་རྟེན་གཉིས། རྒྱབ་རིའི་ལྡེབས་སུ་ཞྭ་དམར་སྐུ་ཕྲེང་དང་པོའི་ཐོག་མའི་བཞུགས་གནས། བྱང་ཤར་གྱི་རི་སྟེང་དུ་བསམ་གཏན་རྩེ་ཞེས་དཔའ་བོ་སྐུ་ཐོག་རིམ་བྱོན་གྱི་སྒྲུབ་ཁང་ཞིག་ཀྱང་མཇལ་རྒྱུ་ཡོད་པ་བཅས།

སྙན་དགོན་པ།

མཚན་རྒྱས་པར་སྙན་བསམ་འགྲུབ་སྒྲོལ་མ་ལྷ་ཁང་ཞེས་ཞུ། ལུམ་པ་ཟམ་པ་ནས་སྤྱི་ལེ་ལྔ་དྲུག་ཙམ་སོང་ན་སྙན་གྲོང་ཚོའི་ལྟག་ཏུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། སྙན་ཞེས་པ་ནི། གུ་རུ་རིན་པོ་ཆེས་སྲིན་མོ་སྤུན་གསུམ་བརྟུལ་གནང་ནས་ཐུགས་མཉེས་པོ་བྱུང་བས་མཉེས་ཞེས་པའི་སྒྲ་དེ་སྙན་ཞེས་པར་འགྱུར། ཐོག་མར་དགོན་དེ་རི་དེའི་རྒྱབ་རིའི་ལྡེབས་སུ་ཡོད་པ་ལ་རྗེས་སུ་གནས་དེར་ཆུ་མེད་པར་གྱུར་སྟབས་ད་ལྟའི་གནས་དེར་སྤོས་གནང་མཛད་དེ་སྒྲོལ་མའི་སྐུ་བརྙན་དང་རྗེ་ཡབ་སྲས་གསུམ་སོགས་བཞུགས་པས་སྒྲོལ་མ་ལྷ་ཁང་ཞེས་པའི་མཚན་གསོལ། བཙུན་མ་གྲངས་སུམ་ཅུ་སྐོར་འདུས། འབྲས་སྒོ་མང་གྲྭ་ཚང་གི་ཁོངས་ཡིན།

ད་ལྟ་སྔོན་གྱི་དགོན་དེའི་ལྟག་ཏུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་དྲུག་ནང་འཇིམ་གྱི་ཐུབ་དབང་དང་། རྗེ་ཡབ་སྲས་གསུམ་མི་ཚད་མ་དང་། སྒྲོལ་མའི་སྐུ་བརྙན་གྱི་སྐུ་ཚབ་སོགས་གསར་བཞེངས་དང་བཀའ་འགྱུར་གསར་[page 109] བླུས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དེ་དང་ཉེ་བའི་ཟས་ཞིམ་ཞེས་པའི་གྲོང་གི་ཤར་ངོས་རི་སྟེང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེས་ཕྱག་བཏབ་གནང་བའི་ཟས་ཞིམ་མགོན་ཁང་ཉམས་གསོ་ཞུས་པ་མཇལ་རྒྱུ་ཡོད།

མཚོ་སྨད་དགོན།

མཚན་རྒྱས་པར་མཚོ་སྨད་ཕུན་ཚོགས་གླིང་ངམ་ནུབ་ཀྱི་རྣམ་སྣང་ལྷ་ཁང་ཞེས་ཞུ། སྙན་ནས་སྤྱི་ལེ་ལྔ་དྲུག་ཙམ་སྣུམ་ལམ་བརྒྱུད་སོང་ན་དམར་ལ་འབྱོར་ཞིང་དེ་ནས་ལྷོ་ངོས་སུ་དཔྱང་ཟམ་ཐོན་ནས་སྤྱི་ལེ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་མཚོ་སྨད་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། མཚོ་སྨད་ཅེས་པ་ནི། ཡུལ་དེའི་ཕུ་ལ་བསྟན་མ་གཙོ་འཁོར་གསུམ་གྱི་བླ་མཚོ་ཡོད་པས་དེའི་སྨད་དུ་ཆགས་པས་ན་མཚོ་སྨད་ཅེས་པ་དེ་ནས་བྱུང་ཞེས་གསུངས། ཐོག་མར་སྤྱི་ལོའི་དུས་རབས་བདུན་པར་གནས་དེར་ཆོས་རྒྱལ་སྲོང་བཙན་གྱིས་ཇོ་ཤཱཀ་རྣམ་གཉིས་བཞེངས་བསྒྲུབས་རྗེས་ནུབ་ཀྱི་རྣམ་སྣང་དཀར་པོ་ཞལ་ཤར་ལ་ཕྱོགས་པ་ཞེས་པའི་ལྷ་ཁང་ཞིག་བཏབ་གནང་མཛད། བསྟན་པ་ཕྱི་དར་གྱི་འགོར་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་དགེ་འདུན་གྱི་སྡེ་གསར་དུ་བཙུགས། སྐ་བ་ཤཱཀྱ་དབང་ཕྱུག་གིས་དར་རྒྱས་མཛད་པའི་དགོན་ཞིག་ལ། བར་སྐབས་ས་ལུགས་སུ་འགྱུར་བའི་མཁན་པོ་རྡོ་རིན་པ། རྡོར་རྒྱལ་བ། བསོད་ནམས་དོན་གྲུབ། མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་སོགས་རིམ་པས་བསྐྱངས། ཕྱིས་ཚ་བ་ནམ་མཁའ་ཤེས་རབ་སོགས་ཀྱི་དུས་ནས་དགེ་ལྡན་ལུགས་ཕྱག་བཞེད་གནང་སྟེ་འབྲས་སྤུངས་སུ་མཚན་ཉིད་དང་། རྒྱུད་སྨད་དུ་སྔགས་ཀྱི་སློབ་གཉེར་གནང་སྲོལ་ཡོད། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་སྦུག་མར་འཇིམ་གྱི་རྣམ་སྣང་མི་ཚད་མ་དང་། དེའི་ཞོགས་སུ་རྒྱལ་བ་རིགས་ལྔའི་ལྷ་ཁང་ནང་འཇིམ་གྱི་རྒྱལ་བ་རིགས་ལྔ་ཐོག་སོ་གཅིག་ལྷག་དང་། ལྷ་སའི་ཇོ་བོའི་ཉེ་སྲས་ཀྱི་དབྱིབས་འདྲ་བ་ཉེ་སྲས་དང་སྒོ་སྲུང་། འདུ་ཁང་ནང་རྟེན་གཙོ་འོ་བརྒྱལ་ཇོ་བོ་[page 110] ཞེས་སྐུ་རྒྱུ་ལི་ལས་གྲུབ་པ་མི་ཚད་ལྷག་ཙམ་ཞིག་ཡོད་པ་དེ་ནི། སྔོན་ཇོ་བོ་ཡུལ་དེར་གདན་དྲངས་སྐབས་ཇོ་བོས་“འོ་བརྒྱལ་སོང་”ཞེས་གསུང་བྱོན་པས་ས་ཆ་དེའི་མིང་ལ་ད་ལྟའང་ལོ་བརྒྱལ་ཞེས་འབོད་པ་ཞིག་དང་དེའི་གཡས་གཡོན་དུ་ཀ་བ་ཤཱཀྱ་དབང་ཕྱུག་དང་ཀླུ་མེས་སོགས་ཀྱི་སྐུ་བརྙན། འདུ་ཁང་གི་གཡས་ངོས་སུ་འཇིམ་གྱི་སྤྱན་རས་གཟིགས་ཁ་པ་ཎི་དང་། གཡོན་ངོས་སུ་སྐུ་རྒྱུ་དེ་འདྲའི་ཚེ་དཔག་མེད་ཀྱི་སྐུ་བརྙན། རིན་ཆེན་ལས་བྲིས་པའི་བཀའ་འགྱུར་སོགས་དང་། ཡང་སྟེང་དུ་རྭ་ལོའི་ཕྱག་བཟོ་འཇིགས་བྱེད་ལྷ་བཅུ་གསུམ་བརྐྱང་ཁྲུ་གང་ལྷག རྩེ་ཐོག་གནས་བཅུ་ལྷ་ཁང་ནང་འཇིམ་གྱི་གནས་བརྟན་བཅུ་དྲུག ཤོད་ཀྱི་མགོན་ཁང་ནང་རྡོ་རྗེ་གཡུ་སྒྲོན་མ་གཙོ་འཁོར་སོགས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ལ་ཉམས་གསོ་ཞུས་པའི་འདུ་ཁང་གི་གཙང་ཁང་སྦུག་མར་འཇིམ་གྱི་སངས་རྒྱས་རྣམ་པར་སྣང་མཛད་དང་། རྒྱལ་་བ་རིགས་ལྔའི་ལྷ་ཁང་ནང་རྒྱལ་བ་རིགས་ལྔ། ཤོད་ཀྱི་མགོན་ཁང་ནང་བསྟན་མ་གཙོ་འཁོར་སོགས་གསར་བཞེངས་གནང་བ་དང་། སྔོན་གྱི་རིན་ཆེན་སྣ་བརྒྱད་ལས་བྲིས་པའི་བརྒྱད་སྟོང་པ་དང་། འོ་བརྒྱལ་ཇོ་བོ། བསིལ་གཡངས་ཀྱི་ལྡེབས་རིས་རྙིང་མ། བཀའ་འགྱུར་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད།

ལམ་པ་དགོན།

མཚན་གཞན་ལ་ལམ་བཙན་གྲོ་དགོན་ཞེས་ཞུ། དམར་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་བདུན་ཙམ་སོང་ན་སྨོན་མཁར་ཟམ་པར་འབྱོར། དེ་ནས་ཟམ་པ་ཐོན་ཏེ་ལྷོ་ནུབ་ངོས་སུ་སྤྱི་ལེ་བཞི་ལྔ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ལམ་པ་གྲོང་གི་བྱང་ངོས་ཀྱི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། ལམ་པ་ཞེས་པ་ནི། གུ་རུ་རིན་པོ་ཆེས་སྲིན་བུ་བརྟུལ་གནང་སྐབས་ཡུལ་དེ་ནས་ལམ་བསྟན་མཁན་བྱུང་བས་ལམ་པ་ཞེས་པའི་མིང་དེ་ལྟར་བྱུང་ཞེས་གསུངས། དགོན་དེ་ནི། ཐོག་མར་དགེ་བཤེས་སྤྱན་སྔ་བས་དགོན་དེའི་འདབས་སུ་བཙན་གྲོ་ཞེས་པར་དགོན་ཞིག་འདེབས་གནང་[page 111] མཛད། དེ་རྗེས་སྤྱན་སྔ་བའི་སློབ་མ་དགེ་བཤེས་སྟོད་ལུང་པ་རིན་ཆེན་སྙིང་པོས་ད་ལྟའི་དགོན་ཆགས་ཡུལ་དུ་སྤྱི་ལོའི་དུས་རབས་༡༡པར་གནས་སྤོས་གནང་ནས་གནས་དེར་མཛད་འཕྲིན་རྒྱས་ཏེ་དགེ་འདུན་གྲངས་མང་འདུས། སྔོན་གཞུང་དགོན་ཡིན་པ་ལ་རྗེས་སུ་འཕན་པོ་ཞོག་ཞེས་པར་རྒྱུད་སྨད་ཀྱི་དགོན་ཞིག་ཡོད་པར་ཆུ་སྐྱོན་བྱུང་སྟབས་ལམ་པ་དགོན་མི་སེར་དང་བཅས་པ་རྒྱུད་སྨད་ལ་གནང་སྟབས་དེ་ནས་བཟུང་རྒྱུད་སྨད་ཀྱི་དགོན་ལག་ཏུ་འགྱུར། སྔོན་འདུ་ཁང་ཀ་བ་སོ་བདུན་ནང་རྟེན་གཙོ་ཐུབ་དབང་གི་སྐུ་བརྙན་ལམ་བཙན་གྲོ་ཆོས་སྐུ་མ་ཞེས་པ་སྐུ་རྒྱུ་ལི་ལས་གྲུབ་པ་ཞིག་ཡོད་པ་དང་། དེ་འདྲ་གསུང་བྱོན་མ་གཅིག་རྩེ་པོ་ཏཱ་ལར་བཞུགས་པ་དང་གཅིག་འཕན་པོ་ལོ་དགོན་པོར་ཡོད། དབུ་ཤོག་གསེར་འབུར་ཐོན་ལ་གཞན་རྣམས་གསེར་དངུལ་གཉིས་ལས་བྲིས་པའི་འབུམ་པོད་བཅུ་དྲུག་གླེགས་བམ་སེང་ལ་གསེར་དངུལ་སོགས་ཀྱིས་རྒྱན་བཏབ་པ་དང་། དབུ་ཤོག་གསེར་བྲིས། གཞན་རྣམས་ནག་བྲིས་ཡིན་པའི་བཀའ་འགྱུར་གླེགས་བམ་ཙན་དན་ལས་བྱས་པ། ལོ་གཅིག་དུས་གཅིག་ལས་མི་བཀྲོལ་བའི་སིལ་སྙན་ནམ་མཁའ་བྱ་ལྡིང་ཞེས་པ། གཙང་ཁང་སྦུག་མའི་གདུང་རྟེན་ལྷ་ཁང་ནང་དགེ་བཤེས་བྱ་ཡུག་པའི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན་བཀྲིས་འོད་འབར་དང་། འབྲུག་པ་ཀུན་ལེགས་ཀྱི་སྐུ་རུས་ཆ་ཚང་བཞུགས་པའི་གདུང་རྟེན་བཀྲིས་འོད་བཀྲ་སོགས་གསུང་རྟེན་མང་པོ་དང་། བཀའ་གདམས་མཆོད་རྟེན་མང་པོ། དབུ་རྩེ་ཀ་བ་བཞིའི་ནང་གཏེར་ལས་བཞེས་པའི་རྩ་རམ་པ་དང་། སྤེན་མ་ལས་གྲུབ་པའི་ཀ་གདུང་། བལ་བྲིས་ཀྱི་ལྡེབས་རིས། འདུ་ཁང་ནང་བལ་ལུགས་ཀྱི་ཇོ་བོ་གསུང་བྱོན་མ་སོགས་སྔོན་གཞུང་གི་གན་མཛོད་གཉིས་པའི་གྲས་སུ་ཚུད་ཅེས་གསུངས།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་འདུ་ཁང་ཀ་བརྒྱད་གསར་བཞེངས་གནང་བའི་ནང་རྟེན་གཙོ་འཇིམ་གྱི་ཐུབ་སྐུ་ལམ་བཙན་གྲོ་ཆེན་པོ་དང་སྒྲོལ་མ། རྗེ་ཡབ་སྲས་གསུམ་སོགས་གསར་བཞེངས་གནང་བ་དང་། བཀའ་འགྱུར་པར་[page 112] མ་གསར་བླུ་གནང་བ་སོགས་མཇལ་རྒྱུ་ཡོད། དགོན་དེའི་རྒྱབ་རི་གླང་ཆེན་འདྲ་བ་ལ་གླང་ཆེན་གྱི་མགོའི་སྟེང་དུ་རྫོང་སྣང་བ་གདོང་བཙན་ཞེས་པའི་གྱང་གོག་དང་དགོན་དེའི་རི་རྒྱབ་ཏུ་བཀའ་བརྒྱུད་པའི་དགོན་པ་སེ་ལུང་དགོན་ཞེས་པ་དང་དེའི་གཡས་ངོས་སུ་དཔའ་བོ་རི་ཁྲོད་ཅེས་པའི་བཙུན་མའི་དགོན་ཆུང་ངུ་ཞིག་ཀྱང་ཡོད། སྔོན་ལམ་པ་དགོན་གྱི་མཁན་པོ་ཁྲི་འདོན་མ་གནང་གོང་ལ་དཔའ་བོ་རི་ཁྲོད་ཀྱི་གནོན་དགོས་ཞེས་གསུངས།

རྭ་སྐོར་དགོན།

རྭ་སྐོར་དགོན་ནི། སྨོན་མཁར་ཟམ་པ་ནས་སྣུམ་ནག་འཁོར་ལམ་བརྒྱུད་ནུབ་བྱང་མཚམས་སུ་སྤྱི་ལེ་བདུན་བརྒྱད་ཙམ་སོང་ན་ཤིང་མཁར་སྒང་ཞེས་པར་འབྱོར་ཞིང་དེ་ནས་ཤར་ངོས་སུ་སྤྱི་ལེ་གསུམ་ལྷག་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན“སྦང་”ཞེས་པའི་ལྷོ་ངོས་རི་ལྡེབས་སུ་བཙུན་མའི་དགོན་དེ་མཇལ་རྒྱུ་ཡོད། སྦང་ཞེས་པ་ནི། སྔོན་གུ་རུ་རིན་པོ་ཆེ་འཕན་པོ་ནས་ཚུར་ཕེབས་སྐབས་ཞལ་སྐོམ་པས་རྡོ་ཞིག་གི་སྟེང་དུ་ཕྱག་འཁར་བཙུགས་གནང་བས་ཆུ་ཞལ་གང་ལས་མ་ཐོན་སྟབས་མིད་པ་སྦང་ཙམ་བྱུང་། ཡུལ་དེར་སྦང་ཞེས་བགྱིས་སོང་གསུངས་ལྟར་པ་ལྟར་རྗེས་སུ་སྦང་ཞེས་པའི་མིང་དེ་ལྟར་བཏགས། དགོན་དེ་ཐོག་མར་སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་ན་རྒྱ་གར་ནས་སྒྲུབ་ཆེན་བརྒྱད་བཅུའི་རྣམ་སྤྲུལ་བླ་མ་གསུམ་གནས་དེར་འཕུར་ཕེབས་པ་ལ་གཅིག་ཞོ་རང་ཞེས་པར་བབས་གནང་བ་དང་། གཅིག་གཟའ་ལུང་ཞེས་པར་བབས། དེའི་ནང་ནས་དབང་སྟོན་སྐྱེར་ཁང་པ་ཞེས་པས་ར་ཞིག་ལ་ས་བཀལ་གནང་ནས་དགོན་དེ་བསྐྱོན་པ་དང་ར་དེ་རྭ་ཅོ་འཁོར་ནས་ཡོད་སྟོབས་རྭ་སྐོར་ཞེས་པའི་མཚན་དེ་ལྟར་བྱུང་། ཐོག་མར་བླ་མ་སྐུ་མཚམས་གནང་ནས་བཞུགས་ཏེ་གཞན་གྱི་སེམས་ཀྱང་མཁྱེན། རྗེས་སུ་སློབ་མ་མང་པོ་འདུས་ནས་བཙུན་དགོན་དེ་ཆགས། ས་དེར་སྐྱེར་སྒང་ཞེས་ཟེར་ཞིང་བླ་མའི་མཚན་ལའང་སྐྱེར་སྒང་པ་ཞེས་ཐོགས། ཐོག་མར་ཨ་ནི་ཚོའི་དབུ་ཞྭ་དམར་པོ་བཞེས་སྲོལ་ཡོད་[page 113] ཀྱང་ཇུན་གར་དམག་དུས་ཞྭ་མོ་སེར་པོ་བསྟན་པས་ཇུན་གར་བས་དགོན་དེའི་འདབས་ཀྱི་ཤུག་པ་རྣམས་མེར་བསྲེགས་པ་ལས་སྐྱོན་གཞན་མ་བྱས་གསུངས། སྔོན་འདུ་ཁང་ཀ་བ་དྲུག་གི་ས་ལ་རྟེན་གཙོ་རྡོ་ནག་ལས་བསྒྲུབ་པའི་མགོན་པོ་ཕྱག་དྲུག་གཏེར་བཞེས་མ་ཞེས་པ་དང་། ས་དབོར་མཁན་གྱི་ར་མོའི་དབུ་ཐོད། བླ་མས་དགོན་དེའི་ཤར་ངོས་ཀྱི་རི་འབུར་ལས་གཏེར་ལས་བཞེས་པའི་སྦུབས་དང་གཏེར་ཕུར། གཞན་ཡང་དགོན་དེའི་ཉེ་འགྲམ་དུ་བླ་མ་སྐུ་ཕྲེང་གསུམ་གྱི་གདུང་རྟེན་མཆོད་རྟེན་གསུམ། བཙུན་མ་རྣམས་ཀྱིས་ཞི་ཁྲོ་ཕྱག་བཞེད་མཛད་པ་ལ་དེ་རྗེས་བླ་མའི་ཡང་སྲིད་མ་བྱོན་སྟབས་ཆུ་བཟང་དགོན་དུ་སྦྱར་ནས་ཆུ་བཟང་དགོན་གྱི་དགོན་ལག་ཏུ་གྱུར།

ད་ལྟ་སྔོན་གྱི་དགོན་ཤུལ་གྱི་ལྟག་ཏུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་བརྒྱད་ཀྱི་ནང་རྟེན་གཙོ་སྨན་འདམ་གྱི་རྗེ་ཡབ་སྲས་གསུམ་དང་། རྣལ་འབྱོར་མ། གུ་རུ་རིན་པོ་ཆེ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། བྱམས་ཁང་ནང་རྒྱལ་བ་བྱམས་པའི་སྐུ་ཐོག་སོ་གཅིག་ཙམ་བཅས་གསར་བཞེངས་གནང་བ་དང་། བཀའ་འགྱུར་དང་འབུམ་གསར་བླུ་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེ་ནས་ཤར་ལྷོའི་མཚམས་སུ་རྐང་ཐང་མར་ཆུ་ཚོད་ཙམ་ཕྱིན་ན་གླང་ལུང་ནང་ཞེས་པར་དགྲ་བཞི་ལྷ་མོའི་བླ་མཚོ་ཡིན་ཞེས་པ་ཞིག་མཇལ་རྒྱུ་ཡོད་པས་དེ་ལས་མི་སོ་སོར་ཕྱིས་འབྱུང་གི་ལས་དབང་མཚོ་མཇལ་དུ་སྟོན་ཞེས་གསུངས།

ཆུ་བཟང་དགོན།

མཚན་རྒྱས་པར་སྟོད་ལུང་ཆུ་བཟང་དགོན་ཐུབ་བསྟན་དར་རྒྱས་གླིང་ཞེས་ཞུ། སྔོན་གྱི་བདེ་ཆེན་རྫོང་ཤུལ་ལམ་ད་ལྟའི་བདེ་ཆེན་ཤང་ནས་བྱང་ངོས་སུ་སྤྱི་ལེ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཆུ་བཟང་གྲོང་གི་རྒྱབ་རིའི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པར་རྗེ་ཤེར་འབྱུང་བློ་གྲོས་ཞུ་བས་ཕྱག་བཏབ་གནང་[page 114] བ་ལ། ལྕང་སྐྱ་རོལ་བའི་རྡོ་རྗེས་རྭ་སྒྲེང་རིན་པོ་ཆེར་ཕུལ་རྗེས་རྭ་སྒྲེང་གྱི་དགོན་ལག་ཏུ་འགྱུར། ཚ་བ་ཁང་ཚན་དང་། སྤྲེའུ་ཁང་ཚན། དངུལ་གུར་ཁང་ཚན་བཅས་ཁང་ཚན་གསུམ་དང་གྲྭ་ཚང་གཅིག་ལ་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་རྒྱུད་སྨད་གྲྭ་ཚང་དང་ཕྱག་བཞེད་མཚུངས་པ་གནང་། ལོ་ལྟར་དགུ་གཏོར་ལ་འཇིགས་བྱེད་ཀྱི་སྒོ་ནས་སྐུ་འཆམ་ཀྱང་གནང་སྲོལ་ཡོད། སྔོན་འདུ་ཁང་ཀ་བ་ཉེར་བཞིའི་ནང་རྗེ་ཡབ་སྲས་གསུམ་དང་། རྗེ་ཤེར་འབྱུང་བློ་གྲོས། རྒྱལ་བ་དགེ་འདུན་གྲུབ་པ་བཅས་ཀྱི་འཇིམ་སྐུ་མི་ཚད་དང་བཀའ་འགྱུར་དང་བསྟན་འགྱུར་པར་མ་དང་། གནས་བརྟན་བཅུ་དྲུག་མི་ཚད་མ། སྨན་བླའི་བློས་བླངས་དཀྱིལ་འཁོར། གཙང་ཁང་སྦུག་མར་གཙོ་བོ་ཐུབ་དབང་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་འཇིམ་སྐུ་དང་། དེ་དག་གི་བར་མཚམས་ལ་ལི་དང་། གསེར་ཟངས་ཀྱི་སྐུ་བརྙན་མང་པོ། ཐོག་ཁར་འཇིགས་བྱེད་ལྷ་ཁང་ནང་འཇིགས་བྱེད་བླ་རྒྱུད་དང་། རྩེ་ཐོག་རྭ་སྒྲེང་གཟིམ་ཆུང་ནང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་། རྒྱབ་ཏུ་རྒྱལ་མཆོག་ལྔ་པའི་ཕྱག་རྗེས་གསལ་བ། འདུ་ཁང་ལྟག་གི་བྱམས་ཁང་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་གཞན་ཡང་ཁང་ཚན་སོ་སོ་ལའང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་རོའི་སྟེང་གསར་བཞེངས་གནང་བའི་འདུ་ཁང་ཀ་བརྒྱད་ནང་འཇིམ་གྱི་རྗེ་ཡབ་སྲས་གསུམ་དང་། བྱམས་ཁང་ཉམས་གསོ་གནང་བའི་ནང་འཇིམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་དང་། དེའི་གཡས་སུ་མར་མེ་མཛད་དང་། གཡོན་དུ་ཐུབ་དབང་གི་སྐུ་བརྙན་གསར་བཞེངས་གནང་བ། སྐོར་ལམ་རི་ཟུར་གྱི་སྟེང་དུ་ཤེར་འབྱུང་བློ་གྲོས་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

གཡུ་ཐོག་སྒང་།

མཚན་གཞན་ལ་སྐྱིད་སྣ་གཡུ་ཐོག་ཁང་གསར་ཞེས་[page 115] ཟེར། ཆུ་བཟང་དགོན་ནས་ཆུ་ཕར་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་བསྐྱོད་ན་གཡུ་ཐོག་སྒང་ཞེས་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཁང་དུ་འབྱོར། དེའང་གཡུ་ཐོག་ཡོན་ཏན་མགོན་པོའི་མེས་པོ་འདྲེ་རྗེ་རྒྱ་གར་བྷརྫ་ཞེས་པ་མོང་ནས་མར་ཕེབས་སྐབས། སྟོད་ལུང་ཟམ་མོ་ཆེའི་འགྲམ་དུ་བུད་མེད་གཅིག་གིས་ཁྱེད་བདག་གི་ཡུལ་དུ་ཕེབས་པར་ཞུ་ཞེས་རྫ་ནག་རྩེ་མོ་ཞེས་པར་མཛུབ་མོ་གཏད་པས། ལམ་ཐག་རིང་བས་སང་ཉིན་འོང་ཆོག་གསུངས་པར། ད་ལྟ་རང་ཕེབས་པར་ཞུ་ཞུས་ནས་རྣམ་བུ་དཀར་པོ་ལྟ་བུའི་ཕེབས་ལམ་ཞིག་བསྟན་པས་དེའི་སྟེང་ཕེབས་མ་ཐག་དེ་མར་ཀླུ་བདུད་ཅིག་གི་ཕོ་བྲང་དུ་འབྱོར་བས་དེར་ཀླུ་བདུད་ནག་པོ་ལུས་བོང་ཆེ་བ་ཞིག་ལ་སྔགས་པའི་མཐུ་ཕོག་སྟེ་སྔགས་རྫས་ཡུང་དཀར་གྱིས་རྨ་བཟོས་པ་ཞིག་འདུག་པ་དེ་ལ་བྱ་ཁྱུང་ལྔ་པ་དང་དངུལ་ཆུ་ནང་དུ་ཕུལ། བྱུག་པ་རྒྱན་འཁོར་གྱིས་ཕྱི་ནས་བྱུག་པས་ཁོ་དེ་མར་ནད་ལས་གྲོལ། ཀླུ་བདུད་ཤིན་ཏུ་དགའ་ནས་རྒྱུད་འཛིན་དང་བཅས་པར་སྡོངས་གྲོགས་བྱེད་རྒྱུར་ཁས་བླངས། མི་མ་ཡིན་གྱི་ནོར་རྫས་མང་པོ་ཕུལ། བུད་མེད་དེས་སླར་ཡང་ལམ་དེ་བརྒྱུད་མར་གདན་དྲངས་པས་དེ་མར་ཟམ་སྣེར་འབྱོར། མོས་གུས་པ་དང་བཅས་ངས་ཀྱང་འབུལ་བ་ཕུལ་རྒྱུ་ཡོད་པས་སང་ཉིན་ས་འདིར་བཞེས་པར་ཕེབས་ཟེར་ནས་ཡལ། འདྲེ་རྗེ་ཐུགས་སྤྲོ་སྟེ་ནང་དུ་ཕེབས་པའི་སྲང་ལམ་དེར་དེང་སང་ཡང་དགའ་པོ་སྲང་ལམ་ཞེས་ཟེར། སང་ཉིན་བུད་མེད་དེས་བརྗོད་པ་བཞིན་ཟམ་སྣེར་ཕེབས་པས་ཆུ་ནང་དུ་བུད་མེད་ཀྱི་བམ་རོ་གསེར་གཡུས་བརྒྱན་པ་ཞིག་གཟིགས་པས་གསེར་གཡུ་རྣམས་བཀྲོལ་ཏེ་ཁང་སྟེང་དུ་བཀྲམ་པའི་འོད་མདངས་རི་སྟེང་ནས་ཕྱུགས་རྫི་བས་མཐོང་སྟེ། “མཁས་པ་མཐོང་བ་དོན་ལྡན་ལ་གཡུའི་ཐོག་འདུག”ཅེས་བཤད་པས་དེ་ནས་བཟུང་གཡུ་ཐོག་ཅེས་པའི་མཚན་ཐོགས། གཡུ་ཐོག་ཡོན་ཏན་མགོན་པོ་གནས་དེར་འཁྲུངས་ཤིང་མཚན་ལའང་འཁྲུངས་ཁང་གི་མིང་གཡུ་ཐོག་ཅེས་གསོལ།

ད་ལྟ་འཁྲུངས་ཁང་དེ་དང་ཉེར་བར་༡༩༩༦ལོར་ལྗོངས་སྨན་རྩིས་ཁང་ནས་[page 116] གཡུ་ཐོག་འཕྲོད་བསྟེན་ཁང་ཞེས་གཡུ་རྩིའི་ཙོག་ཅན་གསར་བཞེངས་གནང་བའི་ནང་། སྨན་འདམ་གྱི་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་མི་ཚད་མ་དང་། སྨན་བླའི་སྐུ་ཐང་། རྗེ་རྡོར་འཛིན་མ། གཡུ་ཐོག་གི་སྨན་གཞོང་སོགས་མཇལ་རྒྱུ་ཡོད། དེ་དང་ཉེ་བའི་སྨན་ལུང་ཞེས་པར་གཡུ་ཐོག་གི་སྨན་སྒྲུབ་གནང་སའི་སྒྲུབ་ཁང་དང་ཡང་དེ་ནས་རྐང་ཐང་མར་ཆུ་ཚོད་བཞི་ཙམ་སོང་ན་འབྲི་ལུང་ནང་ཞེས་པར་གཡུ་ཐོག་གིས་བརྟུལ་གནང་བའི་ཕ་བོང་རེག་པ་དུག་ཅན་ཞེས་པ་དེའང་མཇལ་རྒྱུ་ཡོད།

སྟོད་ལུང་ཆུ་ཚན།

སྟོད་ལུང་ཆུ་ཚན་ནི། ཆུ་བཟང་དགོན་རི་རྒྱུད་དེད་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་3ཙམ་ཡར་འཛེགས་ན་ཆུ་ཚན་དེར་སླེབས། ཆུ་ཚན་དེ་ནི་ཐོག་མར་རྗེ་ཙོང་ཁ་པ་ཙ་རི་ནས་ཞབས་ལ་སྙུག་མ་ཟུག་སྟེ་སྙུན་གཞི་མི་དྭངས་བར་གནས་དེར་ཕེབས་ཏེ་གསུང་གཏོར་གནང་བཞིན་པའི་སྐབས་ཕོ་རོག་རྐང་པ་སྐྱོན་ཅན་ཞིག་གིས་རྐང་པ་ཆུ་ཚན་ནང་བཅུག་སྟེ་སྡོད་པ་དང་། ཡུན་རིང་མ་སོང་བར་ཕོ་རོག་གི་རྐང་པ་དྲག་པས་རྗེ་ཙོང་ཁ་པའང་ཆུ་ཚན་དེར་བཞུགས་པས་མི་རིང་བར་ཞབས་ཀྱི་སྙུན་གཞི་དྭངས་ཞེས་དང་། ཆུ་ཚན་ནང་འཇིགས་བྱེད་ཀྱི་རང་བྱོན་དང་། དམ་ཅན་ཆོས་རྒྱལ་གྱི་ཞལ་འབག སྨན་བླའི་སྨན་ཁུག རྗེ་ཙོང་ཁ་པའི་དབུ་དང་ཕྱག་ཀྱི་རྗེས། མཐིལ་ལ་སྒྲོལ་མ་ཉེར་གཅིག་གི་རང་བྱོན་བཅས་གསལ་ཞེས་ཟེར། གཞན་ཡང་ས་གཤིས་རུ་ཁག་ནས་བརྟག་དཔྱད་བྱས་པར་གཞིགས་ན་ཆུ་ཚན་དེའི་ཚ་ཚད་ཧྲ་ཧྲེ་ཏུའུ་༤༣༤༤-ཙམ་ཆུ་མིག་ཁའི་ཆུ་ཚད་ནི་ཏུའུ་༤༩ཆུ་ཚན་དེའི་གྲུབ་ཆ་ནི་མུ་ཟི་ནག་པོ་དང་། ཅོང་ཞི། སྡོང་རོས་བཅས་ཡིན་པས་འབམ་གྲུམ་དང་། པགས་ནད། དབང་རྩ་ཉམས་པ། ཁྲག་ཤེས་མཐོ་བ་བཅས་ལ་ཕན་ཞེས་གསུངས།

ཡང་དེ་ནས་ཡུལ་དེའི་ཕུར་མོང་ཞེས་པར་སོང་ན་མོང་སྟོད་ཁ་རག་མདོ་[page 117] ཞེས་པར་ཆོས་རྒྱལ་སྲོང་བཙན་གྱི་རིགས་མཐུན་བཙུན་མོ་གསུམ་མམ་མཆོག་གྱུར་བཙུན་མོ་གསུམ་གྱི་ཡ་གྱལ་མོང་བཟའ་ཁྲི་ལྕམ་གྱི་འཁྲུངས་ཡུལ་དེར་སླེབས།

སྡིངས་ཁ་དགོན།

མཚན་རྒྱས་པར་བྱང་ཕྱོགས་འོད་ཟེར་དཔལ་ལྡན་སྡིངས་ཁ་དགོན་ཞེས་ཞུ། ཆུ་བཟང་གྲོང་ནས་ནུབ་བྱང་མཚམས་ཀྱི་རི་ལྡེབས་སུ་སྤྱི་ལེ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན། མགར་རོང་ཞེས་པའི་གྲོང་གི་བྱང་ངོས་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། སྡིངས་ཁ་ཞེས་པ་ནི། དགོན་དེ་ཆགས་ཡུལ་དུ་སྡིངས་ཁ་ཞིག་ཡོད་སྟབས་དེ་ལྟར་དང་། མགར་རོང་ཞེས་པ་ནི། བློན་པོ་མགར་གྱི་དབྱར་ཁའི་བཞུགས་གནས་དང་། དེར་དཔལ་སྡིང་གྲོང་ཞེས་པར་སྐུ་འབུམ་མཆོད་རྟེན་ཞེས་པ་ཞིག་ཡོད་པ་དེའི་འོག་ཏུ་བློན་པོ་མགར་གྱི་བཟོ་ཆས་ཀྱང་ཡོད་ཅེས་གསུང་པར་གྲགས་ལ་རིག་གནས་གསར་བརྗེའི་སྐབས་མཆོད་རྟེན་སློག་དུས་དེའི་འོག་ནས་བཟོ་ཆས་ཁ་ཤས་ཐོན་པ་སོགས་བྱུང་། ཐོག་མར་གནས་དེར་བློན་པོ་མགར་གྱི་བཞུགས་གནས་ཡིན་སྐད་ལ་དེས་རྗེས། སྤྱི་ལོའི་དུས་རབས་བཅུ་གཉིས་པར་གསང་ཕུའི་བླ་མ་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་ས་སྐྱའི་དགོན་པ་ཞིག་ཕྱག་བཏབ་གནང་བ་ལ་དེ་རྗེས་བླ་རབས་གསུམ་གྱི་རྗེས་སུ་དགེ་ལྡན་ལུགས་ཕྱག་བཞེད་གནང་བ་དང་གནས་དེར་བཞུགས་ཞེས་གསུངས། དེ་རྗེས་ཟངས་མཁར་སྒང་ཞེས་པར་ཡང་བཞུགས། སྨན་གླིང་ཐར་པ་གླིང་ཞེས་པའང་གཡུ་ཐོག་དང་ཉེ་བར་ཡོད། ཟངས་མཁར་ལོ་ཙཱ་བའང་གནས་དེར་བཞུགས་པ་དང་དེའི་སྐུ་སྐྱེ་ངག་དབང་བློ་བཟང་འཇིགས་མེད་བྱམས་པ་བསྟན་འཛིན་བར་སྐུ་ཕྲེང་བཅུ་གསུམ་ཙམ་བྱུང་། རྒྱུད་སྨད་དང་ཕྱག་བཞེད་མཚུངས། དགེ་འདུན་ཞལ་གྲངས་བརྒྱ་དང་ཉི་ཤུ་ཙམ་ཡོད། གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པ་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་རྟེན་གཙོ་སྨན་འདམ་གྱི་བྱམས་པའི་སྐུ་བརྙན་ཐོག་སོ་གཅིག་ལྡན་དང་དེའི་གཡས་སུ་ཙན་དན་གྱི་ཇོ་བོ་ལོ་ཀེ་ཤཱ་ར་མི་ཚད་མ། གཡོན་དུ་རྗེ་ཞབས་[page 118] སྙུན་མ་ཞེས་རྗེ་ཙོང་ཁ་པ་ཙ་རི་ནས་ཞབས་སྙུན་ཏེ་ཆུ་ཚན་དུ་ཕེབས་རྗེས་གནས་དེར་བཞུགས་པའི་འདྲ་སྐུ། རྒྱལ་བ་སྐལ་བཟང་རྒྱ་མཚོའང་གནས་དེར་བཞུགས་མྱོང་ཞིང་སྐབས་དེར་བཞེངས་པའི་དབུ་ཤོག་གསེར་རིས་ལ་གཞན་ནག་བྲིས་ཡིན་པའི་བཀའ་འགྱུར་དང་། བསྟན་འགྱུར་དཔར་མ་སོགས་བཞུགས་སོ་གསོལ་བ་དང་། ལྟག་ཏུ་འདུ་ཁང་གི་འོག་ཏུ་ཤུག་པ་སྤུན་གསུམ་ཞེས་ཤུག་སྡོང་ཤིན་ཏུ་ཆེན་པོ་གསུམ་ཡོད་པ་དེ་ནི་སྔོན་ཆོས་རྒྱལ་སྲོང་བཙན་གྱིས་བློན་པོ་མགར་ལ་རྒྱ་བཟའ་བསུ་བར་ཕེབས་དགོས་ཞེས་བཀའ་ཕེབས་པས་མགར་གྱིས་རྒྱ་བཟའ་གདན་འདྲོང་མིན་བརྟག་ཆེད་ཤུག་འབྲུ་གསུམ་ནུབ་གཅིག་ལ་བཏབ་པར་སང་ཉིན་གསུམ་ག་སྐྱེས་ཡོད་སྟབས་རྒྱ་བཟའ་འདྲོང་པའི་བརྡ་རུ་གོ་སྟེ་མགར་བ་རྒྱ་ནག་ཏུ་ཕེབས་རྒྱུ་བྱས་ཞེས་གསུངས་པའི་ཤུག་སྡོང་གསུམ་བཅས་བཞུགས་སུ་གསོལ་ཡོད། ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་སུམ་ཅུའི་ནང་སྨན་འདམ་གྱི་དུས་གསུམ་སངས་རྒྱས་མི་ཚད་ལྷག་དང་། དེའི་གཡས་སུ་གུ་རུའི་སྐུ་བརྙན། གཡོན་དུ་འཇམ་དབྱངས། ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི་སྐུ་བརྙན་སོགས་གསར་བཞེངས་གནང་བ་དང་བཀའ་འགྱུར་དཔར་མ་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་རྒྱབ་ཏུ་ཆོས་རྒྱལ་སྲོང་བཙན་བཞུགས་མྱོང་བའི་བྲག་ཕུག་ཀྱང་ཡོད།

ཕྱིར་མིག་ལུང་།

མཚན་གཞན་ལ་ཆོས་ལུང་མ་ཎི་དགོན་ཞེས་ཞུ། མགར་རོང་གྲོང་ནས་སྤྱི་ལེ་གཉིས་ཙམ་འཁོར་ལམ་བརྒྱུད་མར་བབས་ན་ཕྱིར་མིག་ལུང་གྲོང་སྟེང་དུ་ཇོ་དགོན་དེ་མཇལ་རྒྱུ་ཡོད། ཕྱིར་མིག་ལུང་ཞེས་པ་ནི། རྗེ་ཙོང་ཁ་པ་གནས་དེར་ཕེབས་ཏེ་ཕྱིར་ཕེབས་སྐབས་ཙི་ཙི་འབུམ་ཞེས་པ་ནས་ཕྱིར་གཟིགས་པས་ད་ལྟའི་དགོན་ཆགས་ཡུལ་དེའི་རི་སྣར་ཐོག་མར་སྟོད་ལུང་འབུམ་མོ་ཆེ་ཞེས་དགེ་བཤེས་སྤྱན་སྔ་བ་སོགས་བཀའ་གདམས་པའི་བླ་མ་གོང་མ་[page 119] རྣམས་ཀྱི་བྱིན་རྟེན་བཞུགས་པའི་འབུམ་པ་ཡོད་ས་དེར་བདེ་མཆོག་གི་དཀྱིལ་འཁོར་དང་། དམ་ཅན་གྱིས་གར་འཁྲབ་པ་སོགས་གཟིགས་པས། མ་འོངས་པར་གནས་ཡ་ཀིར་དགོན་ཞིག་ཆགས་འོང་བས་ཕྱིར་མིག་ལུང་ཞེས་ཐོགས་ཞེས་གསུངས་པ་ལྟར་ཕྱིར་མིག་ལུང་ཞེས་དེ་ནས་བྱུང་།

ད་ལྟའི་ཕྱིར་མིག་ལུང་ཞེས་པའི་བཙུན་དགོན་དེར་ཆོས་ལུང་མ་ཎི་རི་ཁྲོད་ཅེས་བཙུན་མ་བདུན་ཡོད་པ་དང་རྗེས་སུ་ཕྱིར་མིག་ལུང་རྒྱུད་སྨད་ཀྱི་ཁོངས་སུ་གཏོགས་ཤིང་དེར་གྲྭ་ཤག་༣༤ཡོད་པའི་ཁང་གཉེར་དང་རྒྱུད་པ་རེར་འབྲུ་ཁལ་5རེ་ཕུལ་བའི་བརྔོ་འཐག་ལས་བཅས་བྱེད་དགོས། གནས་དེར་ལོ་ལྟར་བོད་ཟླ་༧ཚེས་༨ནས་བོད་ཟླ་༩ཚེས་༡བར་རྒྱུད་སྨད་གྲྭ་ཚང་གི་བླ་མ་རྒྱུད་པ་རྣམས་ཆོས་གོས་རྣམ་གསུམ་འབོག་དཀར་པོའི་ནང་སྒྲིལ་ཏེ་དེའི་སྟེང་དུ་ཤོ་ཀ་ལི་བཞག་གནང་སྟེ་སྔོན་སྟོན་པ་ཉན་ཐོས་ཀྱི་མཛད་ཚུལ་ལྟར་ཆོས་ཐོག་ཅེས་གནས་དེར་ཕེབས་ནས་ཉིན་ལྟར་ཚོགས་དུས་བདུན་རེ་དང་། ཡར་ངོ་མར་ངོར་གསོ་སྦྱོང་སོགས་འཚོགས་གནང་བ་དང་གར་ཐིག་དབྱངས་གསུམ་སོགས་གསན་སྦྱོང་གནང་དགོས། དེ་བརྒྱུད་དུ་ཡོད་པའི་བླ་མ་རྒྱུད་པའི་གཞིས་ཀ་ཁག་ནས་གསོལ་ཕོགས་འབྲུ་ཁལ་ལྔ་རེ་འབུལ་བ་དང་། དེར་གྲྭ་ཁང་སྟེ་ཚོགས་ཆེན་གཅིག་དང་། ཚ་བ་ཁང་ཚན། རྒྱལ་རོང་ཁང་ཚན། ཨ་མདོ་ཁ་ཚན། སྤྲེའུ་ཁང་ཚན། སེར་ཀོང་ཁང་ཚན་བཅས་ཀྱི་འདུ་ཁང་དང་། དེ་དག་གི་མི་ཚན་ནམ་ཤག་ཁང་ནི་ད་ལྟའི་མ་ཎི་དགོན་གྱི་འདབས་སུ་ཆགས་ཡོད། ད་ལྟ་དེ་ཁུལ་དུ་འབུམ་མོ་ཆེ་ལས་ཉམས་གསོ་གནང་ཐུབ་མེད་ཀྱང་མ་ཎི་དགོན་ནམ་ཕྱིར་མིག་ལུང་བཙུན་དགོན་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་༡༢ནང་ཐུགས་རྗེ་ཆེན་པོ་སྤྱི་ཁྲེ་གང་ལྷག་ཙམ་དང་། རྣལ་འབྱོར་མ། རྗེ་ཡབ་སྲས་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

མཁའ་ལུང་རི་ཁྲོད།

མཁའ་ལུང་རི་ཁྲོད་ནི། བདེ་ཆེན་ཤང་ནས་སྤྱི་[page 120] ལེ་བཞི་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འང་དཀར་ཞེས་པའི་ཐད་དུ་མཁའ་ལུང་མདའ་ཞེས་པར་འབྱོར་ཞིང་། དེ་ནས་རྐང་ཐང་མར་ཆུ་ཚོད་སྐར་༤༠ཙམ་སོང་ན་གཡངས་གཟར་ཅན་གྱི་བྲག་འོག་ཏུ་རི་ཁྲོད་དེ་མཇལ་རྒྱུ་ཡོད། ཐོག་མར་རི་ཁྲོད་དེ་ཡངས་ཅན་དགོན་གྱི་ཁོངས་ཡིན་པ་ལ། སྔོན་ཇུན་གར་བས་དགོན་དེར་མེ་བརྒྱབས་ཀྱང་ནང་དུ་ཆུ་མིག་ཡོད་སྟབས་ཆུ་བཤོས་པས་མ་འཚིག་ཙམ་ཞིག་བྱུང་། དེ་རྗེས་ཡངས་ཅན་དགོན་འགྲམ་གྱི་རྒྱུད་སྨད་ཀྱི་དམ་ཅན་ལྷ་ཁང་ཞེས་པ་ཞིག་ཡོད་པ་དེ་དང་བརྗེ་འགྲུལ་གནང་བ་ནས་བཟུང་དེར་ལོ་ལྟར་བླ་མ་རྒྱུད་པ་གཉིས་རེ་ཕེབས་སྲོལ་ཡོད། སྔོན་རི་ཁྲོད་དེའི་འདུ་ཁང་ཀ་བཞིའི་ནང་མགོན་པོ་ཕྱག་དྲུག་དང་། ཞྭ་དམར་རིན་པོ་ཆེའི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཀ་གཉིས་ནང་འཇིགས་བྱེད་དཔའ་གཅིག་དང་། དམ་ཅན་ཆོས་རྒྱལ། རྗེ་ཡབ་སྲས་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།།

༄༅།།མི་རིགས་བོད་ཀྱི་ལ་ཀླུང་ཕུ་མདའ་རུ།

མི་རྒན་ཨ་ཀྲད་ཟད་ཟད་སོང་ནས་ནི།

མི་ལ་སྐད་ཆ་བྲིས་པའི་གནས་བཤད་འདི།

མི་ལ་ཅུང་ཟད་ཕན་ན་བསམས་ཏེ་བྲིས།

ཞེས་པ་ནི་ལྷ་སའི་གནས་ཕྱེད་འཁོར་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའི་ཚུལ་ལོ།[page 121]

ཆུ་ཤུར་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

ཉེ་ཐང་སྒྲོལ་མ་ལྷ་ཁང་། སྐུ་འབུམ། བཀྲིས་སྒང་། རྭ་སྟོད་དགོན། གནམ་འབྲུག་དགོན། འཇང་དགོན། འུར་ཞང་ལྷ་ཁང་། ཤུག་གསེབ་དགོན། ཟངས་ཡག་བྲག ༡༠ བྱང་ཆུབ་གླིང་། ༡༡ ཐར་པ་གླིང་། ༡༢ ཆོས་འཁོར་ཡང་རྩེ། ༡༣ སྐྱིད་ཚལ་དགོན། ༡༤ ཆུ་ཤུར་ཟམ་ཆེན། ༡༥ སྙེ་ཐང་དཔྱང་ཟམ། ○ཆུ་ཤུར་རྫོང་[page 122]

ཆུ་ཤུར་རྫོང་།

ཆུ་ཤུར་ཞེས་པ་ནི། ཆུ་་བོའི་རྒྱུགས་ཤུལ་དུ་ཆགས་པའི་ཡུལ་ལ་ཆུ་ཤུར་ཞེས་སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། ད་ལྟའི་རྫོང་ཆགས་ཡུལ་ནི་ཞོལ་གྲོང་ཚོ་ཞེས་པར་ཡིན། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༡༦༢༤དང་། ས་ཞིང་མུའུ་ཁྲེ་.༦༧དང་། ནགས་ཚལ་མུའུ་ཁྲེ་༡༩རྩྭ་ཐང་མུའུ་ཁྲེ་༡༦༠མི་འབོར་ཁྲི་.ས་བབས་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༣༥༠༠དང་། མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༥༨༩༤ཙམ་གྱི་ས་བབས་ཅན་གྱི་ས་མ་འབྲོག་གི་རྫོང་ཞིག་ཡིན།

སྙེ་ཐང་སྒྲོལ་མ་ལྷ་ཁང་།

མཚན་རྒྱས་པར་དཔའ་བོའི་ངོ་མཚར་སྣང་བརྙན་གཟི་བྱིན་མངོན་པར་འཕྲོ་བའི་གཙུག་ལག་ཁང་ཞེས་ཞུ། ཁྲིམས་ཟམ་ནས་སྤྱི་ལེ་བཅོ་ལྔ་ཙམ་ཆུ་ཤུར་ཕྱོགས་སུ་སོང་ན་ལམ་ཁྲིས་སུ་སྙེ་ཐང་འོར་ཞེས་པའི་གྲོང་དེར་འབྱོར་ཞིང་དེའི་ནུབ་ངོས་སུ་ལྷ་ཁང་དེ་མཇལ་རྒྱུ་ཡོད། ལྷ་ཁང་དེ་ནི་སྤྱི་ལོ་༡༠༥༥ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཕྱག་བཏབ་གནང་མཛད། སྙེ་ཐང་ཞེས་པ་ནི། ཇོ་བོ་རྗེ་སྙེ་ཐང་དུ་ཕེབས་སྐབས་སྟོན་འབྲས་སྙེ་མས་ཁེངས་པའི་ཐང་ཞིག་གཟིགས་སྟབས་སྙེ་ཐང་ཞེས་དང་། ཡང་སྐུ་མཉེལ་པོ་བྱུང་སྟབས་མཉེལ་ཐང་སོགས་གསུང་སྲོལ་མི་འདྲ། དེའང་ཇོ་བོ་རྗེ་སོལ་ནག་ཐང་པོ་ཆེ་ནས་ཉ་མགོ་གྲུ་ཐོན་གནང་ནས་བསམ་ཡས་སུ་ཕེབས། དེ་ནས་གནས་དེར་ཕེབས་ནས་དགོན་དེ་བཏབ། དགུམ་ཁའི་བཞུགས་གནས་གཙོ་བོ་གནས་དེར་ཡིན། གནས་དེར་གཞུང་ཉི་ཤུ་ལྷག་ལྗགས་རྩོམ་གནང་བ་དང་བཀའ་ཆོས་[page 123] གནང་བས་སློབ་མ་ལྔ་བརྒྱ་སྒོར་འདུས། མཐར་དགོངས་པ་གཞན་དོན་དུ་ཕེབས་སའང་གནས་དེར་ཡིན། སྔོན་འདུ་ཁང་ངམ་ལྷ་ཁང་དཀྱིལ་མའི་ནང་རྟེན་གཙོ་ཇོ་བོའི་ཐུགས་དམ་རྟེན་སྐུ་རྒྱུ་ལི་ལས་གྲུབ་པའི་སྒྲོལ་མ་གསུང་བྱོན་མ་དང་། དེའི་སྟེང་དུ་ཇོ་བོ་རྗེས་བཞེངས་གནང་བའི་ཐུབ་དབང་ཐོག་ཚད་མ། བླ་མ་གསེར་གླིང་བ་ཆོས་ཀྱི་གྲགས་པའི་སྐུ་མི་ཚད་མ། ཕོ་ལྷ་མི་དབང་གིས་བཞེངས་པའི་གསེར་ཟངས་ཀྱི་སྒྲོལ་མ་ཉེར་གཅིག གཡས་ཀྱི་ལྷ་ཁང་ནང་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེག་མ་དང་དེའི་གཡས་གཡོན་དུ་ཇོ་བོས་རྒྱ་གར་ནས་གདན་དྲངས་པའི་བཀའ་གདམས་མཆོད་རྟེན་བཞི་དང་ལི་མའི་སྨན་བླ་བདེ་གཤེགས་བརྒྱད། གཡོན་གྱི་ལྷ་ཁང་ནང་ཇོ་བོ་རྗེའི་བྱེ་མའི་ཁྲི་དང་། ཇོ་བོའི་སྐུ་ང་འདྲ་མ། དེའི་རྒྱབ་ཏུ་རྒྱལ་བ་ཚེ་དཔག་མེད་དང་། མར་མེ་མཛད། འོད་སྲུང་བཅས་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ལྷ་ཁང་གི་ཕྱི་རུ་ཇོ་བོའི་སྐུ་ཆས་བཞུགས་པའི་མཆོད་རྟེན་གཉིས་བཅས་དང་། ཐོག་མར་གཞི་ཁྱོན་ཆེན་པོ་དེ་ཙམ་མེད་པ་ལ་ཇོ་བོ་སྐུ་གཤེགས་རྗེས་ཀྱི་ལོ་གཅིག་གི་རྗེས་སུ་འབྲོམ་སྟོན་པ་དང་། སྐ་བ་ཤཱཀྱ་དབང་ཕྱུག་སོགས་ཀྱིས་གཙུག་ལག་ཁང་གཞི་ཁྱོན་ཆེན་པོ་དེ་འདྲ་ཞིག་བཞེངས་གནང་བ་དང་། རྭ་སྒྲེང་རྒྱལ་ཐོག་སྐབས་སུའང་ཉམས་གསོ་ཆེན་པོ་གནང་ཞེས་གསུང་།

ད་ལྟ་སྔོན་གྱི་རྟེན་གཙོ་སྒྲོལ་མ་གསུང་བྱོན་ལས་གཞན་རྣམས་སྔོན་གྱི་རྟེན་སྐུ་དེ་རང་མཇལ་རྒྱུ་ཡོད། ཡང་ལྷ་ཁང་དེ་ནས་ལྷོ་ངོས་སུ་སྤྱི་ལེ་ཕྱེད་ཙམ་ཞིང་དཀྱིལ་གྱི་གྲོང་དེར་སྐུ་འབུམ་ཞེས་པའི་ལྷ་ཁང་དེ་ཡོད། ལྷ་ཁང་དེ་ནི་ཐོག་མར་འབྲོམ་སྟོན་པས་ཇོ་བོ་རྗེའི་བཞུགས་གནས་སུ་བཞེངས་པ་དང་། དེའི་ནང་ཇོ་བོ་རྗེ་དང་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་རྟེན། ཇོ་བོ་ང་འདྲ་མའི་སྐུ་སོགས་བཞུགས་སུ་གསོལ་ཡོད། སྔོན་ཁུལ་དེའི་ཆུ་ཡུར་བརྒྱུད་འཚེར་མའི་གསེབ་ནས་རྩ་སྐུ་ཤའང་རྙེད་ཅེས་གསུང་སྲོལ་ཡོད།

ད་ལྟ་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་འབུམ་པ་གཉིས་པོ་[page 124] ཉམས་གསོ་གནང་བ་མཇལ་རྒྱུ་ཡོད། ༡༩༦༤ལོར་ཇོ་བོ་རྗེའི་འཁྲུངས་ཡུལ་བྷ་གྷ་ལ་རྒྱལ་ཁབ་ཀྱིས་རེ་ཞུས་ལྟར་ཇོ་བོའི་གདུང་ཐལ་ཆ་ཤས་གནང་ཡོད་པས་ད་ལྟ་བྷ་གྷ་ལ་རྒྱལ་ཁབ་ཏུ་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

སྙེ་ཐང་བཀྲ་ཤིས་སྒང་།

མཚན་རྒྱས་པར་སྙེ་ཐང་བཀྲ་ཤིས་སྒང་དར་རྒྱས་ཆོས་འཁོར་གླིང་ཞེས་ཞུ། སྙེ་ཐང་སྒྲོལ་མ་ལྷ་ཁང་ནས་ཤར་ངོས་སུ་སྣུམ་ནག་ལམ་དེད་སྤྱི་ལེ་གཉིས་ཙམ་དང་དེ་ནས་ལྷོ་ངོས་སུ་སྤྱི་ལེ་ཕྱེད་ཙམ་སོང་ན་བཀྲ་ཤིས་སྒང་གྲོང་ཚོའི་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ས་སྐྱ་ནས་གོང་མ་སེ་ཆེན་རྒྱལ་པོས་ཕུལ་བའི་ཇོ་བོའི་སྐུ་བརྙན་ཞིག་གདན་དྲངས་ཏེ་ཕེབས་སྐབས་ཏིང་ཏིང་ཟམ་པ་ཞེས་པར་ཆིབས་རྟའི་ཏིང་ཏིང་ལྷུང་བས་ཏིང་ཏིང་ཟམ་པ་ཞེས་ཐོགས་པ་དང་། དེ་ནས་འཁར་ཟམ་པ་ཞེས་པར་ཆིབས་རྟས་མ་ཕྱིན་སྟབས་འཁར་ཟམ་པ་ཞེས་ཐོགས། དེ་ནས་ཇོ་བོས་ང་འདི་ནས་མི་འགྲོ་ཞེས་གསུངས་བྱོན་པས་སྔོན་དགོན་དེའི་རྟེན་གཙོའི་མཚན་ལའང་ཇོ་བོ་མི་འགྲོ་རྡོ་རྗེ་ཞེས་གསོལ། ཇོ་བོ་དེ་རྟེན་གཙོར་བཞུགས་ནས་ད་ལྟའི་དགོན་ཏེ་ཕྱག་བཏབ་གནང་མཛད། སྔོན་དགེ་འདུན་ཞལ་གྲངས་ལྔ་བཅུ་སྐོར་འདུས་ཏེ་ས་སྐྱ་གོང་ལུགས་ཕྱག་བཞེད་གནང་། ལྷག་པར་༡༩༥༣ཙམ་ལ་འཕན་པོ་ན་ལེན་དྲའི་གཟིམས་འོག་ཀུན་དགའ་བསྟན་འཛིན་ཞབས་སོར་འཁོད་དེ་ཁུལ་དེར་ནད་རིམ་དུག་ཅན་བཟློག་ཕྱིར་གདུགས་དཀར་བྱད་གྲོལ་སོགས་ཞབས་རིམས་རྒྱ་ཆེན་པོ་དང་ལམ་འབྲས་སློབ་བཤད་ཟབ་རྒྱས་གནང་བས། གྲྭ་བགྲེས་གཞོན་ཚང་མས་རྒྱུན་དུ་ཆག་མེད་རྣམ་བཞི་སོགས་ཞལ་འདོན་མཛད་པ་བཅས་འཕེལ་རྒྱས་ཆེན་པོ་བྱུང་། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ནང་གི་རྟེན་གཙོ་གོང་གསལ་ཇོ་བོ་མི་འགྲོ་རྡོ་རྗེ་དང་། ཐུགས་ཀྱི་རྟེན་རྣམ་རྒྱལ་མཆོད་རྟེན་དང་། བཀའ་གདམས་མཆོད་རྟེན་མང་པོ་བཅས་སོགས་དང་། ཡང་སྟེང་མགོན་ཁང་[page 125] ནང་འགྲོ་མགོན་ཆོས་འཕགས་ཀྱིས་ས་མཐེབ་སྐྱུ་རེ་ལ་གཟུངས་སྔགས་འབུམ་རེ་བགྲངས་གནང་བའི་དགྱེས་རྡོར་གྱི་སྐུ་བྱིས་པ་ལོ་བརྒྱད་ཙམ་དང་། དཔལ་མགོན་ཞལ་སོགས་རྟེན་སྐུ་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད། སྙེ་ཐང་ལྷ་ཆེན་པོའང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་བརྐོས་གནང་བ་ཡིན་ཞེས་ཟེར།

ད་ལྟ་ཉམས་གསོ་གནང་བའི་སྔོན་གྱི་འདུ་ཁང་ནང་སྔོན་གྱི་རྟེན་སྐུ་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ར་སྟོད་དགོན།

མཚན་རྒྱས་པར་སྙེ་ཐང་བདེ་བ་ཅན་སྟག་ཚང་གསེར་སྲང་རྣམ་འགྲེལ་གྲྭ་ཚང་ར་བ་སྟོད་ཐོས་བསམ་ནོར་བུའི་གླིང་ངམ། བྱ་བྲལ་ཀུན་སྤངས་གྲྭ་ཚང་ཞེས་སོགས་མཚན་གྱི་རྣམ་གྲངས་ཙམ་དང་། སྙེ་ཐང་སྒྲོལ་མ་ལྷ་ཁང་ནས་ནུབ་ངོས་སུ་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་ཙམ་དང་། དེ་ནས་བྱང་ངོས་སུ་སྤྱི་ལེ་བཞི་ཙམ་བསྐྱོད་ན་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་སེར་ཁྱིམ་བདེ་བ་ཅན་ཞེས་དགོན་ཞིག་ཡོད་པ་ལ་ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་སྐབས་སྐ་བ་ཤཱཀྱ་དབང་ཕྱུག་གིས་གཙང་དགོན་དུ་བསྒྱུར་གནང་མཛད། དེ་རྗེས་རིམ་བཞིན་རྒྱར་སྐྱེད་དེ་གྲྭ་ཚང་གཅིག་དང་ཁང་ཚན་དགུ་བར་འཕེལ། ཁང་ཚན་དགུ་པོ་ནི་ཉ་ར་ཁང་ཚན་དང་། རྩེད་ཐང་ཁང་ཚན། གཉེར་ཤར་ཁང་ཚན། གསང་སྔགས་ཁང་ཚན། འཕྱོངས་རྒྱས་ཁང་ཚན། སྤྱན་གཡས་ཁང་ཚན། ཇོ་གདན་ཁང་ཚན། བྱམས་གླིང་ཁང་ཚན། ཆོད་པ་ཁང་ཚན་བཅས་ཡིན། དེ་དག་གི་གྲྭ་རྒྱུན་ཡུལ་ལུང་དེ་དག་ནས་ཕེབས་དགོས་པ་དང་། སྔོན་གྲྭ་རྒྱུན་ལྔ་བརྒྱ་ལྷག་ཡོད། དབུས་གཙང་གི་གདན་ས་ཆེན་པོ་གསུམ་སྟེ་བདེ་བ་ཅན་དང་། གསང་ཕུ། གུང་ཐང་བཅས་ཀྱི་ཡ་གྱལ་ཡིན། སྔོན་གྲྭ་ཚང་འདུ་ཁང་ཀ་བ་བཞི་བཅུའི་གཙང་ཁང་སྦུགས་མར་རྟེན་གཙོ་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཀྱི་ཐུབ་དབང་སྐུ་ནི་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཐུགས་དམ་གྱི་རྟེན་ཡིན་པ་ཐོག་སོ་གཉིས་ལྡན་ལ་[page 126] ཉེ་སྲས་སྒོ་སྲུང་དང་བཅས་རྟེན་སྐུ་མང་པོ། ཡང་སྟེང་ལི་མ་ལྷ་ཁང་ནང་ལི་མ་ཁོ་ནའི་སྐུ་བརྙན་བཞུགས་པ། ཁང་ཚན་སོ་སོར་ཡང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད།

ད་ལྟ་ཉམས་གསོ་གནང་བའི་གྲྭ་ཚང་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། བཀའ་འགྱུར་། རྗེ་ཙོང་ཁ་པའི་གཟིམས་སྦུག་དང་བཞུགས་ཁྲི། ཀློང་རྡོལ་བླ་མ་རིན་པོ་ཆེའི་གསོལ་ལྕོག གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་བཅས་མཇལ་རྒྱུ་ཡོད།

ར་སྟོད་ཅེས་པ་ནི། སྔོན་གསང་ཕུར་ཁང་པ་མེད་སྟབས་ར་སྐྱོར་བསྐོངས་ནས་བཞུགས་གནང་མཛད་སྟབས་ར་སྟོད་ར་སྨད་ཅེས་པ་བྱུང་ཞེས་དང་། ཡང་གསང་ཕུའི་གདན་རབས་ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་མཛད་སྐབས་ཁོང་གིས་གསང་ཕུའི་གདན་ས་པ་དང་གླིང་སྨད་ཆོས་རྗེ་ཟུང་འབྲེལ་གནང་། དགེ་འདུན་ཕལ་ཆེ་བས་རྗེ་བླར་དད་ཀྱང་ཉུང་ཤས་ཀྱིས་སུན་འབྱིན་བྱུང་བར་བརྟེན་གྲྭ་ཚང་གི་སྟོད་དུ་རྡོའི་ར་བ་བསྐོངས་ཏེ་ཆོས་འཆད་ཉན་གནང་བས་ར་བ་སྟོད་ཅེས་པ་དེ་ལྟར་བྱུང་ཞེས་གསུང་།

གསེར་སྲང་ཞེས་པ་ནི། ྗེ་ཙོང་ཁ་པས་རྒྱལ་ཚབ་རྗེ་ལ་གསེར་སྲང་གང་གནང་ནས་ཁྱོད་ཀྱིས་རྣམ་འགྲེལ་གྲྭ་ཚང་ཞིག་ཐོབས་ཤིག་གསུངས་པར། རྒྱལ་ཚབ་རྗེས་གསེར་དེ་སྨར་ཁམས་པ་གྲགས་པ་རྒྱལ་མཚན་ལ་གནང་སྟེ་རྣམ་འགྲེལ་གྲྭ་ཚང་ཞིག་འདེབས་སུ་འཇུག་གནང་བས་གྲགས་པ་རྒྱལ་མཚན་གྱིས་གསེར་སྲང་གང་དེས་བདེ་བ་ཅན་ར་སྟོད་དགོན་དེ་རྣམ་འདྲེལ་གྱི་འཆད་ཉན་གནང་སར་བསྒྱུར་གནང་མཛད།

བྱ་བྲལ་ཞེས་པ་ནི། དགོན་དེའི་ཆོས་གཞིས་གཉེར་ཚང་དང་བཅས་བླ་བྲང་ལ་སྦྱར་ཏེ་བྱ་བ་ཀུན་སྤངས་པས་བྱ་བྲལ་ཀུན་སྤངས་གྲྭ་ཚང་ཞེས་པ་དེ་ནས་བྱུང་བ་བཅས་དང་།

ཡང་དགོན་དེའི་ནུབ་ངོས་ནོར་བུ་རི་ཞེས་པའི་རི་ལྡེབས་སུ་ཀློང་རྡོལ་བླ་མ་[page 127] རིན་པོ་ཆེའི་རི་ཁྲོད་དང་། དེའི་གཡས་སུ་སྒྲུབ་ཕུག་ཅིག་ཡོད་པ་ལ་རླུང་རྡོལ་སྒྲུབ་ཕུག་ཅེས་ཀློང་རྡོལ་བླ་མ་རིན་པོ་ཆེ་ལ་རྩ་རླུང་གི་རང་དབང་ཐོབ་ནས་སྒྲུབ་ཕུག་རྡོལ་བ་རེད་ཅེས་སྒྲུབ་ཕུག་དེར་ཐོག་མེད་པ་དང་། ཀློང་རྡོལ། ཞེས་པའི་མཚན་ཡང་དེའི་ཟུར་ཆགས་གསུངས།

ཡང་དེའི་སྟེང་དུ་འགྲོ་མགོན་གཙང་པ་རྒྱ་རས་བཞུགས་མྱོང་བའི་སྒྲུབ་ཕུག་ཏུ་འབྲས་སྤུངས་ཀྱི་དགེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱང་བཞུགས་མྱོང་བ། ཡང་དགོན་དེའི་ནུབ་བྱང་གི་རི་ལྡེབས་སུ་བསམ་གཏན་གླིང་ཞེས་ཞུ་བར་ཀློང་རྡོལ་བླ་མ་རིན་པོ་ཆེའི་དགུན་ཁའི་བཞུགས་གནས་དང་མཐར་དགོངས་པ་གཞན་དོན་དུ་ཕེབས་ས་དང་སྐུ་གདུང་བཞུར་འབུལ་ཞུ་སའང་གནས་དེར་ཡིན་ཅིང་དེར་གདུང་རྟེན་མཆོད་རྟེན་ཡང་བཞུགས། དེའི་གཡས་སུ་བྱ་རྒོད་སྒྲུབ་ཁང་དང་། སྟེང་དུ་བྲག་ལྕོག་སྒྲུབ་ཁང་། ར་སྟོད་དགོན་པའི་རྒྱབ་རིར་མཁས་སྒྲུབ་ཕྱུང་པོ་རྣམ་རྒྱལ་གྱི་སྒྲུབ་ཕུག་ཡོད་པ་དེར་མགོན་པོ་ཕྱག་དྲུག་ཞལ་གཟིགས་པས་རི་དེ་ལའང་ར་སྟོད་མགོན་པོ་རི་ཞེས་ཞུ། མགོན་པོ་རིའི་ཤར་ངོས་སུ་རྨོག་ལྕོག་རིན་པོ་ཆེའི་བཞུགས་གནས་རྨོག་ལྕོག་རི་ཁྲོད། དགོན་དེའི་ཁ་སྤྲོད་ལྷོ་ངོས་སུ་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདན་ས་ཆོས་རྫོང་ཞེས་པ་དང་། དེའི་འོག་ཏུ་རྗེ་ཙོང་ཁ་པའི་སྒྲུབ་ཕུག་ཡོད་ལ་རྗེ་རིན་པོ་ཆེས་བདེ་མཆོག་གི་རྒྱུད་གསན་སའང་གནས་དེར་ཡིན། དེའི་འོག་ཏུ་ལག་ར་ཞེས་པར་མཐའ་འདུས་ཡང་འདུལ་ཀྱི་ཡ་རྒྱལ་སྲིན་པོ་གན་རྒྱལ་ཀྱི་ལག་སྟེང་དུ་འཁེལ་བའི་འཇམ་དགའ་ཆོས་ཁང་ཞེས་པ་ཁང་རྙིང་དེའང་མཇལ་རྒྱུ་ཡོད། ར་སྟོད་དགོན་ནས་མར་ཡོང་དུས་ལམ་འོག་ཏུ་ལྷ་རྒྱབ་སྤྲོད་ཅེས་པའི་ཕ་བོང་ཞིག་ལ་རྒྱབ་མདུན་གཉིས་གར་སྒྲོལ་མའི་སྐུ་བརྙན་རེ་ཡོད་པ་དེ་ནི་བླ་མ་རིན་པོ་ཆེས་དགོན་དེར་འདོད་ཡོན་རྒྱས་ན་སློབ་གཉེར་ལ་གནོད་པས་འདོད་ཡོན་བཀག་ཆེད་དུ་བཞེངས་པ་ཡིན་གསུངས། ཡང་དེ་དང་ཉེ་བར་མཆིང་མཛོད་རྩོམ་པ་པོ་རྒྱ་མཆིང་རུ་པའི་སྐུ་གདུང་མཆོད་རྟེན་ཞིག་ཡོད་པ་དང་། [page 128] མཆིང་རུ་པ་ར་སྟོད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས་ཡོད།

གནམ་འབྲུག་དགོན།

མཚན་རྒྱས་པར་གནམ་འབྲུག་སེ་བ་བྱང་ཆུབ་ཆོས་གླིང་དགོན་ཞེས་ཞུ། ར་སྟོད་ནས་སྣུམ་ནག་ལམ་བརྒྱུད་སྤྱི་ལེ་གསུམ་བཞི་ཙམ་སོང་ན་གནམ་མདར་སླེབས་ཤིང་དེ་ནས་བྱང་ངོས་སུ་སྤྱི་ལེ་ཉེར་ལྔ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་གནམ་ཕུར་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པར་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་རང་གི་བླ་མ་སྒྲུབ་ཆེན་གླིང་རས་པས་ལུང་བསྟན་པ་ལྟར་ཕྱག་བཏབ་གནང་མཛད། དེའང་གཙང་པ་རྒྱ་རས་གླིང་རས་པའི་བཀའ་བཞིན་ར་སྟོད་ཕུ་བརྒྱུད་རྩེ་བ་ལ་ནས་མར་ཕེབས་སྐབས་ད་ལྟའི་དགོན་ཆགས་དུ་འབྲུག་མ་སྨད་གསུམ་ས་ལ་བབས་ནས་ཡོད་པ་ནམ་མཁར་འཕུར་བ་གཟིགས་པས་ད་ངའི་དགོན་པ་གནས་འདིར་འདེབས་ལ་དགོན་མིང་ལའང་འབྲུག་ཅེས་འདོགས་དགོས་དགོངས། ཡང་ལ་ལས་དགོན་དེ་ཕྱག་འདེབས་ཉིན་འབྲུག་སྒྲ་ཆེན་པོ་བསྒྲགས་པས་འབྲུག་པ་ཞེས་པའི་མཚན་དེ་ལྟར་བྱུང་གསུང་། གང་ལྟར་དེ་ནས་མཆེད་པའི་ཆོས་ལུགས་ལ་འབྲུག་པ་བཀའ་བརྒྱུད་ཅེས་ཟེར། ཐོག་མར་དགོན་དེ་ཆགས་ཡུལ་དུ་ཡར་འབྲོག་སྟག་ལུང་པའི་གཅེས་ཕྲུག་བདུན་རྔོན་རྒྱག་བཞིན་ཡོད་པ་ལ་གཙང་པ་རྒྱ་རས་ཀྱིས་བདེན་བཞིའི་ཆོས་གསུངས་པས་རྔོན་པ་དེ་རྣམས་བློ་ཆོས་སུ་ཁུག་ནས་རི་དྭགས་རྔོན་བྱེད་མདའ་གཞུ་སོགས་བླ་མར་ཕུལ་ཏེ་རབ་ཏུ་བྱུང་། མདའ་གཞུ་ལྷ་ཁང་གི་དྲལ་མར་བཏང་བས་ལྷ་ཁང་གི་མཚན་ལའང་མདའ་གཞུ་ལྷ་ཁང་ཞེས་ཞུ། དེ་ནས་རིམ་བཞིན་རྒྱ་སྐྱེད་དུ་ཕྱིན་ནས་སློབ་མ་མང་པོ་འཕེལ། རིའི་གཡས་གཡོན་གང་སར་སློབ་མའི་བཞུགས་གནས་ཁང་ཆུང་མང་པོ་ད་ལྟའང་མཇལ་རྒྱུ་ཡོད། ཀུན་གྱིས་ནཱ་རོ་མཁའ་སྤྱོད་ཉམས་ལེན་གནང་ནས་སྒྲུབ་རྟགས་ཀྱི་རྩལ་ཐོན། རྩ་རླུང་ལ་རང་དབང་ཐོབ་སྟེ་མཚན་མོར་སྐུ་ལུས་ལ་ཆུ་ཡང་ཡང་བྱུང་གནང་མཁན་མོང་པོ་བྱུང་། ཚོགས་པ་ཆེ་བས་[page 129] གནས་གཅིག་ཏུ་རུབ་མི་ཐུབ་སྟབས་ཉེར་ལྔ་ཚེ་བཅུར་དགོན་དེའི་ལྷོ་ངོས་ཀྱི་རྒྱ་རས་སྒྲུབ་ཕུག་ཅེས་པའི་སྟེང་དུ་དར་ཆེན་ཞིག་ཡོད་པས་དེ་སྐུ་བཞེངས་ཞུས་པ་དང་། ཉེར་ལྔ་ཚེས་བཅུ་ཡིན་པའི་བརྡ་རུ་གོ་ནས་གསོལ་ཚོགས་འཚོགས་ཀྱི་ཡོད། དེ་ནས་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་མི་ཕྱེད་འབྲུག་པ་དང་། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་སྒྲུབ་ཐོབ་ཅེས་དང་། སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་ས་ཡི་རྩི་ཤིང་། བར་འབྲུག་དབུ་ཆེན་གདུགས་ཐོབ་ཉིས་སྟོང་སྔ་བརྒྱ་ལ་སོགས་ཀུན་ལ་གྲགས། ཇུན་གར་དམག་དུས་སྨུག་པས་བཏུམས་ཏེ་དགོན་དེ་མ་མཐོང་བ་ཡིན་ཞེས་ཉམས་ཆགས་མ་བྱུང་ཡང་དེ་ནས་དུས་སྐབས་ཤིག་རིང་ཉམས་ཆགས་བྱུང་སྟེ་རྒྱལ་བ་ལྔ་བའི་དུས་ཇོ་བོའི་མཆོད་ཐེབས་ཞེས་རུ་བ་གཉིས་ཀྱང་འཛུགས་གནང་དགོས་བྱུང་། དེ་རྗེས་བསྟན་རྒྱས་གླིང་རྒྱལ་ཐོག་སྐབས་གཞུང་དགོན་དུ་བསྒྱུར་གནང་མཛད། སྔོན་འདུ་ཁང་ཀ་བ་སོ་དྲུག་ནང་ཀུན་མཁྱེན་པད་དཀར་གྱི་བཀའ་འབུམ་པར་ཤིང་དང་། མཁས་དབང་སངས་རྒྱས་རྡོ་རྗེའི་བཀའ་འབུམ་པར་ཤིང་། འབྲུག་པའི་ཆོས་འཁོར་གྱི་པར་ཤིང་སོགས་འབྲུག་པ་བཀའ་བརྒྱུད་ཀྱི་པར་ཁང་ལྟ་བུར་གྱུར། གཙང་ཁང་སྦུག་མར་ཤར་ལི་ལས་སྒྲུབ་པའི་ཇོ་བོ་བྱང་ཆུབ་ཆེ་མོ་ལ་སྨན་འདམ་གྱི་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། གཡས་གཡོན་དུ་གདུང་རྟེན་བཞི་དང་། རིན་ཆེན་ལས་བྲིས་པའི་བཀའ་འགྱུར། གཞན་ཡང་ལི་མའི་སྐུ་བརྙན་ཇི་སྙེད་བཅས་ཡོད།

ད་ལྟ་གསར་བཞེངས་གནང་བའི་ཇོ་ཁང་ནང་སྔོན་གྱི་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་ཇོ་བོ་བྱང་ཆུབ་ཆེན་མོའི་སྐུ་ཚབ་དང་། རྒྱལ་བ་མི་འཁྲུག་པ་སྟོང་སྐུ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

གཞན་ཡང་དེའིཁོར་ཡུག་ཏུ་རྒྱ་རས་སྒྲུག་ཕུག་ཅེས་པ་དང་། པ་རི་བྱང་ཆུབ་གླིང་གི་ཤུལ། དགོན་གསར་གྱི་ཤུལ། འབྲུག་པ་ཀུན་ལེགས་ཀྱི་ཞབས་རྗེས། དེ་ནས་མར་ལམ་སྤྱི་ལེ་བཅུ་གཉིས་ཙམ་གྱི་སར་རི་བྲག་ཅེས་པའི་ལྷོ་ནུབ་ལུང་ཤུར་ནང་འབྲུག་དགོན་གྱི་དགོན་ལག་ཉམས་སྣང་ཞེས་པའི་བཙུན་དགོན་ཞིག་[page 130] དང་འགྲོ་མགོན་རྒྱ་རས་ཀྱི་སྒྲུབ་ཕུག་བཅས་མཇལ་རྒྱུ་ཡོད།

འཇང་དགོན།

མཚན་གཞན་ལ་འཇམ་མགོན་ཡང་ཞུ། གནམ་མདའ་ནས་སྤྱི་ལེ་བཞི་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འཇང་སྨད་དང་། དེ་ནས་སྤྱི་ལེ་གཉིས་གསུམ་ཙམ་ནུབ་བྱང་གི་རི་འདབས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་འཇང་ཕུ་ཞེས་པའི་དགོན་དེར་སླེབས་ཀྱི་རེད། འཇང་ཞེས་པ་ནི། འཇང་ས་དམ་གྱི་ཡུལ་ཡིན་ཟེར། དགོན་དེ་ནི་ཐོག་མར་འཇང་སྔོན་མཁྱེན་པ་ཞུ་བས་ཕྱག་བཏབ་གནང་མཛད་པ་དང་། སྙེ་ཐང་ར་སྟོད་ཀྱིས་གནས་དེར་དགུན་ཆོས་འཚོགས་གནང་བས་སློབ་གཉེར་ཤིན་ཏུ་འཕེལ། དེ་རྗེས་གདན་ས་གསུམ་དང་མངའ་རིས་དྭགས་པོ་གྲྭ་ཚང་བཅས་ལོ་ལྟར་བོད་ཟླ་༡༡ཚེས་༡ནས་བོད་ཟླ་༡༢ཚེས་༡༥བར་ཟླ་བ་ཕྱེད་དང་གཉིས་རིང་དགེ་འདུན་ལྔ་སྟོང་ཙམ་གནས་དེར་འཛོམ་གནང་ནས་གཞུང་ཆེན་ཀ་པོད་ལྔ་ལས་རྣམ་འགྲེལ་གཙོ་བོ་འཆད་རྩོད་གནང་སྟེ་རྩོད་པའི་བརྡར་ཤ་ཕལ་ཆེར་གནས་དེ་ནས་ཆོད་པ་བྱེད། གནས་དེར་གཙོ་བོ་ཚོགས་ཆེན་གཅིག་དང་། གདན་ས་སོ་སོའི་ཚོགས་ཆེན། གྲྭ་ཚང་། ཁང་ཚན་དང་བཅས་པའི་ཁང་པ་སོ་སོར་ཡོད། གཞན་ཡང་གནས་དེར་རྟེན་ཁྱད་པར་ཅན་ཇོ་བོ་མཐོང་བ་དོན་ལྡན་དང་། གྲོགས་ཁྱད་པར་ཅན་དགེ་འདུན་འདུས་པ་རྒྱ་མཚོ། ཁྲོ་ཁྱད་པར་ཅན་ཚོགས་ཁྲོ་སངས་རྒྱས་བེམ་པོ་ཞེས་སོགས་དང་། ལྷག་པར་དུ་གནས་དེར་འཇང་རྡོ་བཅལ་སྔོན་མོ་ཞེས་ཚོགས་ཆེན་རྡོ་བཅལ་ཀྱི་འོག་ཏུ་རྗེ་བཙུན་འཇམ་དབྱངས་ཀྱི་རལ་གྲི་རྒྱུ་བཞིན་ཡོད་པས་དེ་སྟེང་དུ་ཕྱག་འཚལ་བ་དང་འོག་ཏུ་རལ་གྲི་རྒྱུ་བ་དུས་མཚུངས་ན་ཤེས་རབ་འཕེལ་ཞེས་ཉིན་ལྟར་དགེ་འདུན་རྣམས་ཚོགས་གྲོལ་མ་ཐག་རྡོ་བཅལ་སྟེང་དུ་ཕར་སྤོས་ཚུར་སྤོས་བྱས་ནས་ཕྱག་འཚལ་བ་ཡིན། དེའི་རིང་གི་ཆོས་ཐེབས་ནི་སྡེ་པ་གཞུང་ནས་གནང་བ་དང་། འདུ་བཀོད་ར་སྟོད་ནས་གནང་བ། རྒྱུན་གཏན་ཚོགས་ཆེན་གྱི་སྐུ་གཉེར་ཡང་ར་སྟོད་ནས་[page 131] གཏོང་གནང་དགོས། དགུན་ཆོས་ཀྱི་ཚོགས་ཤིང་གཙོ་བོ་ར་སྟོད་ནས་འབུལ་དགོས་ཀྱང་སྔོན་རྗེ་ཙོང་ཁ་པའི་སྲོལ་ཡིན་ཞེས་བོད་ཟླ་༡༡ཚེས་༣༠ཉིན་འཇང་ཕུ་ནས་ལ་བསྐྱོན་ཏེ་གེ་ར་ལྷ་དཀར་ཏེ་ཆོས་རྒྱལ་ནོར་བཟང་གི་ཕོ་བྲང་ཞེས་པར་ཞག་གཅིག་བཞུགས་པ་དང་། དེར་ཕེབས་པའི་ལམ་བར་ནས་ཤིང་ཕྲན་བུ་རེ་བསྣམས་ཕེབས་པ་དང་། གེ་རར་ཞག་བཞུགས་གནང་དགོས། སྤྲུལ་སྐུ་རྣམས་ལས་གྲྭ་དམངས་ནི་ཟན་ཁང་སོགས་གང་རུང་དུ་གཟིམ་པ། ཕྱི་ཉིན་མར་ཕེབས་སྐབས་ཆུ་པགས་བཞེས་ས་ཞེས་པར་རྗེ་ཙོང་ཁ་པའི་སྲོལ་ལྟར་བཞེས་ཁུ་ཆུ་བྱས་ནས་གསོལ་བ་མཆོད་ཀྱི་རེད། དེ་ནས་འཇང་སྨད་དུ་གསོལ་འཛར་གནང་སྟེ་འཇང་དགོན་དུ་ཕྱིར་ཕེབས་ནས་ཚོགས་ཤིང་རྣམས་རུང་ཁང་དུ་ཕུལ་སྲོལ་ཡོད་པ་དེ་ལ་ཤིང་སློང་ཞེས་ཟེར།

ད་ལྟ་སྔོན་གྱི་ཚོགས་ཆེན་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་གསར་བཞེངས་གནང་བ་དང་། གདན་ས་ཁག་གི་འདུ་ཁང་ཡང་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

འུར་ཞང་ལྷ་ཁང་།

མཚན་རྒྱས་པར་འུར་ཞང་རྡོ་ཡི་ལྷ་ཁང་ངམ། རྡོ་དཔེ་མེད་ཀྱི་ལྷ་ཁང་ཞེས་ཞུ། སྨོན་ངམ་སྟག་གདོང་ཞེས་པ་ནས་སྤྱི་ལེ་བརྒྱད་ཙམ་དང་། ཡང་ན་སྙེ་ཐང་དཔྱང་ཟམ་ནས་སྤྱི་ལེ་གསུམ་བཞི་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཕང་གོང་ཞེས་པའི་གྲོང་གི་ཤར་ངོས་སུ་ལྷ་ཁང་དེ་མཇལ་རྒྱུ་ཡོད། ྷ་ཁང་དེ་ནི་བོད་རྒྱལ་ཞེ་གཅིག་པ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ། མངའ་བདག་ཁྲི་རལ་གྱིས་སྤྱི་ལོའི་དུས་རབས་དགུ་པར་བཞེངས་གནང་མཛད། ཕང་གོང་ཞེས་པ་ནི། ཡུལ་དེ་ཤེལ་གྲོང་འཕྲང་གི་འགོ་ལ་ཆགས་པས་འཕྲང་གོང་ཞེས་ཐོགས་པ་དང་རྗེས་སུ་ར་བཏགས་དོར་ནས་ཕང་གོང་ཞེས་པར་སྒྲ་འགྱུར། འུར་ཞང་ཞེས་པ་ནི། ལྷ་ཁང་དེ་མྱུར་དུ་བཞེངས་པའམ། འུར་ཏེ་བཞེངས་སྟབས་འུར་ཞང་ཞེས་པ་དེ་ལྟར་བྱུང་གསུང་། སྔོན་[page 132] གཙུག་ལག་ཁང་དེར་རྟེན་གཙོ་ལིའི་ཇོ་བོ་ཐུགས་དཀར་རྡོ་དཔེ་མེད་ཅེས་བཞུགས་པ་དང་། དེའི་མཐའ་འཁོར་དུ་འཇིམ་གྱི་ཉེ་སྲས་བརྒྱད། དེའི་གཡོན་ངོས་སུ་གུ་རུ་མཚན་བརྒྱད་དང་། གཡས་སུ་མགོན་ཁང་། ཐོག་མར་ཐོག་སོ་དགུ་ཡོད་པ་ལ་འོག་གི་ཐོག་སོ་གསུམ་རྡོ་བརྩིག་དང་། བར་ཐོག་གསུམ་ས་ཕག སྟེང་གི་ཐོག་སོ་གསུམ་ཤིང་ཁང་བཅས་ལས་གྲུབ་པ་དང་། ཐོག་མར་ཆོས་རྒྱལ་གྱི་ཐུགས་དགོངས་ལྟར་ན་ལྷ་ཁང་དེའི་རྒྱབ་ཏུ་དཀྱིལ་སྒང་རི་ཞེས་པ་ཞིག་ཡོད་པ་དེ་ལས་མཐོ་བ་ཞིག་བཞེངས་དགོས་དགོངས་ཀྱང་བཞེངས་མ་ཐུབ་སྟབས་རི་དེའི་སྟེང་དུ་ཕེབས་ནས་གནན་པའི་ཞབས་རྗེས་ཀྱང་ཡོད་གསུངས། གཞན་ཡང་ལྕགས་རི་རིམ་པ་གསུམ་ཡོད་པ་དང་། འབུམ་པ་བཞི་ཡོད་པ་ལ་ཤར་ལྷོར་ལས་ནད་འབུམ་པ་དང་། ལྷོ་ནུབ་ལ་བསྲི་གནོན་འབུམ་པ། ནུབ་བྱང་ལ་ཕང་གོང་འབུམ་པ་སོགས་ཀྱི་རྗེས་ཤུལ་ད་ལྟའང་མཇལ་རྒྱུ་ཡོད་པ། རྡོ་རིང་ཕྱི་ནང་གཉིས་ཡོད་པ་ལ་ནང་མའི་རི་མོར་བཀྲ་ཤིས་རྟགས་བརྒྱད་དང་། ཕྱི་མ་རུས་སྦལ་གྱི་སྟེང་དུ་ཡོད་པ་ལ་ཡི་གེ་མེད། འོན་ཀྱང་སྐབས་ཤིག་རྩེ་ཐོག་གསུམ་ལ་མེ་སྐྱོན་བྱུང་སྐབས་སྐུ་བརྙན་གསུང་བྱོན་མ་ཤུག་གསེབ་ཏུ་གདན་དྲངས་པ་ཞེས་དང་། ཡང་གསུང་སྲོལ་གཞན་ལ་རྩེ་པོ་ཏ་ལའི་འཕགས་པ་ལོ་ཀེ་ཤ་རའི་སྐུ་མདུན་དུ་ཡོད་གསུངས། ཡང་དེ་དང་ཉེ་བར་འབུར་རི་ཞེས་པའི་རི་འབུར་ཞིག་ཡོད་པ་དེའང་ལྷ་ཁང་དེར་མེ་ཤོར་སྐབས་ཚུར་ཙམ་ཕེབས་པའི་ལོ་རྒྱུས་ཀྱང་ཡོད། རི་དེ་ནི་རི་གཞན་དང་མི་འདྲ་བའི་མགོ་ནག་པོ་ཡིན་པ་ནི་རི་འགོ་མེས་འཚིག་པ་རེད་ཅེས་གསུང་ལ་རི་གཞན་དང་མི་འབྲེལ་བར་ཁེར་རྐྱང་དུ་གནས་ཡོད། སྔོན་ལྷ་ཁང་དེ་དགའ་ལྡན་གྱི་ཁོངས་ཡིན་ཅིང་སྐུ་གཉེར་གཅིག་དགའ་ལྡན་ནས་ཕེབས་པ་དང་། རྒྱུན་ཆོས་པ་བཞི་ཉི་ཐང་དང་ཤེལ་གྲོང་གསང་སྔགས་གླིང་ནས་ཕེབས་རེས་ཀྱིས་སྨན་བླའི་ཆོ་ག་གཏོང་སྲོལ་ཡོད།

ད་ལྟ་སྔོན་གྱི་ལྷ་ཁང་གི་ཤུལ་དུ་གསར་བཞེངས་གནང་བ་སྔོན་གྱི་དབྱིབས་འདྲའི་ནང་འཇིམ་གྱི་ཇོ་བོའི་སྐུ་བརྙན་དང་འབྲེལ་དུས་གསུམ་སངས་རྒྱས་མི་[page 133] ཚད་ལྷག་དང་མགོན་པོ་ཕྱག་བཞི་སོགས་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཤུག་གསེབ་དགོན།

མཚན་རྒྱས་པར་ཤུག་གསེབ་ཨོ་རྒྱན་རྫོང་ཞེས་ཞུ། འུར་ཞང་ལྷ་ཁང་ནས་སྤྱི་ལེ་བཅུ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ཤར་དུ་སོང་ན་སྙེ་ཕུ་ཞེས་ཤུག་གསེབ་རི་འདབས་སུ་སླེབས། དེ་ནས་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། ཤུག་གསེབ་ཅེས་པ་ནི། ཤུང་ཤུག་པའི་གསེབ་ཏུ་ཆགས་པས་ཤུགས་གསེབ་ཅེས་ཞུ། དགོན་དེ་ཐོག་མར་ཕག་གྲུའི་ཞལ་སློབ་ཆོས་རྗེ་གྱེར་སྒོམ་ཚུལ་ཁྲིམས་སེང་གེ་དགུང་ལོ་སུམ་ཅུ་ལྷག་ཙམ་གྱི་དུས་༡༡༨༡ལོར་གནས་དེར་ཕེབས་ནས་གྲྭ་དགོན་ཞིག་ཕྱག་བཏབ་གནང་མཛད། སློབ་མ་སྟོང་ཕྲག་མང་པོ་བྱུང་གསུང་། ཞི་བྱེད་ཀྱི་གཅོད་རྒྱུད་ཕྱག་བཞེད་མཛད། ཤར་གླིང་དང་། བུབ་གླིང་། དབུས་གླིང་ཞེས་གླིང་གསུམ་ཙམ་ཡོད། ཤུག་གསེབ་བཀའ་བརྒྱུད་ཅེས་པའི་མཚན་ཡང་དེ་ནས་བྱུང་། དེ་རྗེས་ཀུན་མཁྱེན་ཀློང་ཆེན་པ་བསམ་ཡས་མཆིམས་ཕུར་བཞུགས་སྐབས་དགོན་དེའི་གནས་བདག་གཡུ་སྒྲོན་མ་མིའི་གཟུགས་སུ་བྱོན་ནས་ཀུན་མཁྱེན་པ་ངའི་གནས་སུ་བྱོན་པར་ཞུ། ཞེས་ཞུས་ནས་ད་ལྟའི་དགོན་དེའི་སྟེང་གངས་རི་ཐོད་དཀར་ཞེས་པར་སྤྱན་དྲངས། ཀློང་ཆེན་སྙིང་ཐིག་གོང་མ་སྟེ་ཡ་བཞི་མཛོད་བདུན་སོགས་གསུང་རྩོམ་ཕྱག་དཔེ་མང་པོ་གནས་དེར་གཏན་འཁེལ་བ་གནང་སྐབས། མ་མོས་ཡི་གེ་བྲིས། དམ་ཅན་གྱིས་ཤོག་བུ་བཟོས། ཁྱབ་འཇུག་གིས་སྣག་ཚ་དབུར་བ་སོགས་མ་གཟའ་དམ་གསུམ་བྲན་དུ་བཀོལ། དེ་རྗེས་ཇུན་གར་དམག་དུས་ཐོར་ཞིག་ཏུ་སོང་། དེ་རྗེས་རྒྱལ་བ་སྐལ་བཟང་དུས་སྦེ་སེར་ནས་སྐུ་གཉེར་བཞི་གྲྭ་གཅིག་གནས་དེར་བཞག་གནང་བ་དང་དེའི་གསོལ་ཕོགས་སྙེ་ཕུ་གཞིས་ཀ་ནས་ཕུལ་སྲོལ་ཡོད། ར་སྟོད་ནས་ཤུག་པ་དང་ལྗག་མའི་ཁྲལ་སྐུལ་བའང་ཆག་ཡང་ཐོབ། དེ་རྗེས་སེམས་ཉིད་སྟོབས་ལྡན་ཞུ་[page 134] བའི་སྒྲུབ་ཆེན་ཞིག་གནས་དེར་ཕེབས་ནས་བཞུགས་སྐབས་སྐྱབས་མགོན་དྷརྨ་སེང་གེའི་ཞལ་སློབ་རིག་འཛིན་ཆོས་ཉིད་བཟང་མོ་སྟེ་ཡོངས་གྲགས་སུ་ཤུག་གསེབ་རྗེ་བཙུན་རིན་པོ་ཆེ། མ་ཎི་ལོ་ཆེན་ཞུ་བས་སེམས་ཉིད་སྟོབས་ལྡན་གྱི་ཞབས་ལ་གཏུགས་ནས་དགོན་དེའི་དགོན་བདག་གནང་བ་ནས་བཟུང་མཚན་སྙན་ཡོངས་སུ་ཁྱབ་ནས་ཞལ་སློབ་བཙུན་མ་ལྔ་བརྒྱ་སྐོར་འདུས། གཙོ་བོ་ཀློང་ཆེན་སྙིང་ཐིག་ཕྱག་བཞེད་མཛད་པ་ལ་གང་ཉིད་མ་གཅིག་ལབ་སྒྲོན་གྱི་རྣམ་སྤྲུལ་ཡིན་ཞེས་ཞི་བྱེད་གཅོད་རྒྱུད་གྱི་ཆོས་འཁོར་སེར་སྐྱ་མང་པོར་བསྐོར་བས་མཚན་སྙན་ཁ་བའི་ལྗོངས་སུ་ཁྱབ། སྔོན་འདུ་ཁང་ཀ་བ་བཅུ་དྲུག་ལྷ་ལྡན་གཙུག་ལ་ཁང་གི་འཁྱམས་ར་འདྲ་བའི་ནང་གི་རྟེན་གཙོ་ཤར་ལིའི་ཇོ་བོ་ཐོག་སོ་ཉིས་ལྡན་ལ་ཁྲི་རྒྱབ་ཡོལ་གསེར་ཟངས་ལས་གྲུབ་པ། དེའི་གཡས་གཡོན་དུ་བཀའ་གདམས་མཆོད་རྟེན་ཐོག་སོ་ཕྱེད་གཉིས་ཅན་གཉིས་དང་ཆུང་གཅིག ཞལ་ཤོག་གསེར་བྲིས་ཅན་གྱི་རྒྱལ་བའི་གསུང་རབ་ཀྱི་ཀུན་དགའ་ར་བ། འཇིམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན་དང་། གུ་རུ་གཙོ་འཁོར་མི་ཚད་མ། མགོན་པོ་ཕྱག་བཞི། གསེར་ཟངས་ཀྱི་ཆོས་རྗེ་གྱེར་སྒོམ་དང་། སེམས་ཉིད་གོང་མའི་འཇིམ་གྱི་གདུང་རྟེན་སོགས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་རྒྱབ་ཏུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་༢༤ནང་རྟེན་གཙོ་འཇིམ་གྱི་གུ་རུ་སྣང་སྲིད་གཟིལ་གནོན་མི་ཚད་ལྷག་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། རྗེ་བཙུན་སྒྲོལ་མ། རྡོ་རྗེ་སེམས་དཔའ། ཀུན་མཁྱེན་ཀློང་ཆེན་པ། འཇིགས་མེད་གླིང་པ། རྗེ་བཙུན་ཆོས་ཉིད་བཟང་མོ་བཅས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་མུ་མཐུད་རི་ལྡེབས་སུ་རྐང་ཐང་མར་ཆུ་ཚོད་ཕྱེད་ལྷག་ཙམ་སོང་ན་གངས་རི་ཐོད་དཀར་ཞེས་པར་ཀུན་མཁྱེན་ཀློང་ཆེན་པའི་གཟིམས་སྦུག་དང་། སྐུ་བརྙན། སྒྲུབ་ཁང་གསར་བཞེངས་གནང་བ་སོགས་དང་། འོ་མ་ཆུ་མིག་སོགས་མཇལ་རྒྱུ་ཡོད།[page 135]

ཟངས་ཡག་བྲག།

མཚན་རྒྱས་པར་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་ངམ་བོད་ཀྱི་རི་བོ་རྩེ་ལྔའི་མགུལ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་ཞེས་ཞུ། འུར་ཞང་ནས་ནུབ་ངོས་སུ་སྤྱི་ལེ་བརྒྱད་ཙམ་སོང་ན་དགོན་དེ་མཇལ་རྒྱུ་ཡོད། ཟངས་ཡག་ཅེས་པ་ནི། དགོན་དེའི་གནས་ཡུལ་དུ་བྲག་དམར་ཟངས་ཀྱི་མདོག་འདྲས་བསྐོར་ཡོད་པས་ཟངས་ཡག་བྲག་ཅེས་ཞུ། ཐོག་མར་གནས་དེར་གུ་རུས་ཟླ་གསུམ་སྒྲུབ་པ་བསྐྱོན་པའི་སྒྲུབ་ཕུག་དང་། སྟེང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཟིམ་ཕུག ཤར་ངོས་སུ་གུ་རུ་ཇོ་རྩེའི་གཟིམ་ཕུག་ཅེས་པ་སོགས་ཡོད། སྐུ་ཚབ་སྡེ་ལྔ་ཞེས་བྱེ་མ་ཨ་ཀྲོང་ནང་གུ་རུའི་ཤངས་ཁྲག་ཐིག་པ་ལས་འཁྲུངས་པའི་གུ་རུའི་སྐུ་བརྙན་གཏེར་མ། གུ་རུ་ཇོ་རྩེས་གཏེར་ལས་བཞེས་པའི་གཏེར་ཁུང་ཡེ་ཤེས་མཚོ་རྒྱལ་གྱི་གཟིམས་ཕུག་ནང་དུ་ཡོད། གུ་རུ་ཇོ་རྩེ་གནས་དེར་ཡུན་རིང་བཞུགས་པ་དང་། དེ་ནས་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་སྐུ་ཐོག་བདུན་པ་ངག་དབང་འཇིགས་བྲལ་གྱིས་དགོན་དེའི་རྩ་བའི་བླ་མ་གནང་བ་ནས་བཟུང་འབྲུག་པ་བཀའ་བརྒྱུད་ཕྱག་བཞེད་མཛད། སྔོན་འདུ་ཁང་ཀ་བ་གཉིས་ལྡན་ནང་གི་རྟེན་གཙོ་འཇིམ་གྱི་གུ་རུའི་སྐུ་བརྙན་མི་ཚད་ཙམ་གྱི་ཐུགས་ཀར་གོང་གསལ་སྐུ་ཚབ་གཏེར་མ་བཞུགས་སུ་གསོལ་བ་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་། བླ་མ་གཞན་ཕན་མཐའ་ཡས་ཀྱི་སྐུ་བརྙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ནང་གུ་རུ་གཙོ་འཁོར་གསུམ། གུ་རུ་ཇོ་རྩེའི་སྐུ་རྗེས་གཏེར་ཁུངས་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གསར་བཞེངས་གནང་བའི་ནང་རྟེན་གཙོ་འཇིམ་གྱི་གུ་རུ་སྣང་སྲིད་གཟིལ་གནོན་དང་མཚོ་སྐྱེས་རྡོ་རྗེ་གསར་བཞེངས་གནང་བ་དང་། རིན་ཆེན་གཏེར་མཛོད་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དེ་དང་ཉེ་བའི་ཤེལ་གྲོང་ཞེས་པར་གསང་སྔགས་གླིང་ཞེས་པའང་མཇལ་རྒྱུ་ཡོད།

[page 136]
བྱང་ཆུབ་གླིང་།

མཚན་རྒྱས་པར་བྱང་ཆུན་གླིང་ལྔ་ཕན་བདེ་ལེགས་བཤད་གླིང་ཞེས་ཞུ། འཇང་སྨད་ནས་ཆུ་ཤུར་ངོས་སུ་སྤྱི་ལེ་བཅུ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་ཧར་སག་ཅེས་པའི་གྲོང་དུ་འབྱོར་ཞིང་། དེ་ནས་བྱང་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་སོང་ན་དགོན་དེར་སླེབས། དགོན་དེའི་ཁ་སྤྲོད་ཆུ་ཕར་ནང་དུ་ལྗོན་ཞེས་པའི་ཡུལ་དང་ལྷ་སའི་སྐྱིད་ཆུ་དང་། ཡར་ཀླུང་གཙང་པོའི་འདུས་སོའང་གནས་དེར་ཡིན། ཐོག་མར་གནས་དེར་བཀའ་བརྒྱུད་པའི་དགོན་ཆུང་ཞིག་ཡོད་པ་ལ་དེ་རྗེས་རྒྱལ་བ་སྐུ་ཕྲེང་ལྔ་པའི་སྙིང་ཐིག་སྐོར་གྱི་ལྔ་པའི་ཆོ་ག་བཅུ་གསུམ་ཞེས་པ་ཕྱག་བཞེད་གནང་ཆེད་དུ་སྙིང་དགོན་དུ་བསྒྱུར་གནང་མཛད་སྟབས་གཞུང་དགོན་དུ་འགྱུར། སྨོན་ལམ་ཚོགས་ཆོས་སོགས་སུ་ཕེབས་དགོས་པ་དང་གཞུང་གི་གླུད་འགོང་བརྫོང་བ་སོགས་གནང་དགོས། སྔོན་འདུ་ཁང་ཀ་བ་ཉི་ཤུ་ཙམ་ནང་རྟེན་གཙོ་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན་དང་། གུ་རུ་དང་རྒྱལ་བ་ལྔ་པ་སོགས་ཀྱི་སྐུ་བརྙན་དང་དངུལ་གདུང་སོགས་ཡོད། དགེ་འདུན་ཞལ་གྲངས་བརྒྱ་མ་ཟིན་ཙམ་གྱིས་ལྔ་པའི་ཆོ་ག་བཅུ་གསུམ་ཕྱག་བཞེད་གནང་གི་ཡོད་ལ། ལོ་ལྟར་བོད་ཟླ་༥ཚེས་༡༠གུ་རུ་མཚན་བརྒྱད་ཀྱི་སྒོ་ནས་གར་འཆམ་ཡང་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་བཀའ་བརྒྱུད་ཀྱི་འདུ་ཁང་རེད་ཅེས་པ་ཉམས་གསོ་གནང་བའི་ནང་གུ་རུའི་སྐུ་བརྙན་དང་། རྒྱལ་བ་ལྔ་པའིསྐུ་བརྙན་སོགས་འཇིམ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཐར་པ་གླིང་།

ཐར་པ་གླིང་ནི། ད་ལྟའི་ཆུ་ཤུར་རྫོང་ནས་སྤྱི་ལེ་བརྒྱད་ཙམ་སོང་ན་ཐར་པ་གླིང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་དགོན་དེ་རྙིང་དགོན་ཡིན་པ་ལ་རྒྱལ་བ་སྐལ་བཟང་དུས་དགེ་ལྡན་པར་བསྒྱུར་[page 137] གནང་རྗེས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གཞིས་དགོན་དུ་འགྱུར། ཐར་པ་གླིང་གི་སྡེའང་རྣམ་རྒྱལ་གྲྭ་ཚང་གི་ཡིན། སྐྱབས་རྗེ་ཁང་གསར་རིན་པོ་ཆེའང་གནས་དེར་ཡུན་རིང་བཞུགས་ཤིང་མཐར་དགོངས་པ་གཞན་དོན་དུ་ཕེབས་སའང་གནས་དེར་ཡིན། དགོན་དེ་ནས་གྲྭ་པ་ལྔ་རེ་ཟླ་རེ་བྱས་ནས་རྩེ་ལ་རྒྱུན་མཆོད་པར་ཕེབས་དགོས་ཤིང་། རྣམ་རྒྱལ་གྲྭ་ཚང་གི་གྲྭ་སྐལ་གཅིག་གི་འགྱེད་ཕོགས་གནང་སྲོལ་ཡོད། རྒྱུན་དུ་རྒྱལ་བ་རིན་པོ་ཆེའི་ཞབས་རིམ་སྒྲུབ་པ་དང་། སྐབས་རེ་ཁྲལ་སྡེ་ལས་ཁུངས་ཀྱི་དངོས་རྫས་དབོར་སྐྱེལ་སོགས་ལས་ཀ་ཙག་ཙིག་གནང་དགོས། སྔོན་འདུ་ཁང་ཀ་བ་ཉེར་གཉིས་ནང་རྟེན་གཙོ་ཐུབ་སྐུ་ཐོག་རྩེག་མ་དང་། རྒྱལ་བ་བྱམས་པ། གུ་རུ་རིན་པོ་ཆེ། རྗེ་ཙོང་ཁ་པ་བཅས་ཀྱི་སྐུ་བརྙན་དང་། རིན་ཆེན་ལས་བྲིས་པའི་བཀའ་འགྱུར་དང་། བསྟན་འགྱུར་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཀ་བ་ལྔའི་ནང་རྗེ་ཡབ་སྲས་གསུམ་དང་། ཐུབ་དབང་གི་སྐུ་བརྙན་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགོན་དེ་ནས་སྤྱི་ལེ་བདུན་ཙམ་སོང་ན་བ་ཏ་ཞེས་པར་བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་མགོན་ཁང་དང་། དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་བཞི་ཙམ་སོང་ན་དགོན་ཤོག་སྐོར་པ་ཞེས་པར་དགོན་དེའི་དགོན་ལག་རིན་ཆེན་གླིང་ཞེས་པ་ཞིག་ཡོད་པ་དེར་མཁན་པོ་བྱང་ཆུབ་འབྱུང་གནས་དང་། མཁན་པོ་དད་པ་ཤེས་རབ་སོགས་ཀྱི་སྐུ་བརྙན་མང་པོ་ཡོད་ཀྱང་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

ཆོས་འཁོར་ཡང་རྩེ།

ད་ལྟའི་ཆུ་ཤུར་རྫོང་ནས་སྤྱི་ལེ་བདུན་ཙམ་སྙེ་མོའི་ཕྱོགས་སུ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་ལམ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། ཐོགས་མར་གནས་དེར་ཀརྨ་བཀའ་བརྒྱུད་པའི་དགོན་ཞིག་ཡོད་པ་ལ་རྒྱལ་མཆོག་ལྔ་པའི་དུས་དགེ་ལུགས་པའི་དགོན་དུ་བསྒྱུར་གནང་རྗེས་གཞུང་[page 138] དགོན་དུ་འགྱུར། རྒྱལ་མཆོག་ལྔ་པ་ཆེན་པོའི་བཅའ་ཡིག་ཀྱང་ཡོད། སྔོན་གྲྭ་ཚད་བརྒྱ་དང་བཅོ་ལྔས་མདོ་སྔགས་བཟུང་འབྲེལ་ཕྱག་བཞེད་མཛད་དེ་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གར་འཆམ་དང་གཏོར་རྒྱག་གནང་སྲོལ་ཡོད་ལ། གཞུང་ཆེན་ལའང་གསན་བསམ་གྱིས་རྩོད་གྲྭ་དང་། དབྱར་ཆོས་དགུན་ཆོས་སོགས་ཚོགས་གནང་གི་རེད། སྔོན་འདུ་ཁང་ཀ་བ་ཉེར་གཉིས་ནང་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་སྐུ་རྒྱན་སྤྲོས་མ་ཐོག་སོ་གསུམ་ལྡན་ཁྲི་དྲུག་འགྱོག་དང་བཅས་པ། གཡས་སུ་ཛྷི་ཀྵི་གྱི་རྒྱལ་བ་བྱམས་པ། གཞན་ཡང་སྨན་འདམ་གྱི་སྐུ་བརྙན་མང་པོ། གནས་བཅུ་ལྷ་ཁང་། སྒྲོལ་མ་ལྷ་ཁང་འཇུན་གར་དམག་དུས་སྒྲོལ་མའི་ཕྱག་མཛུབ་ལ་ལྕགས་འཛེར་འདེབས་སྐབས་ཨ་ཚ་ཞེས་གསུང་བྱོན་པའི་སྒྲོལ་མ་ཨ་ཚ་མ་ཞེས་པ་ལ་སོགས་པ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཀ་བ་བཅུ་གཉིས་ནང་སྨན་འདམ་གྱི་སྟོན་པ་དང་། འཇམ་དབྱངས། བྱམས་པ་སོགས་དང་། མགོན་ཁང་ནང་འཇིགས་བྱེད་དཔའ་བོ་གཅིག་པ་དང་། རྣམ་སྲས། དམ་ཅན་ཆོས་རྒྱལ། དགོན་དེའི་སྲུང་མ་དམག་ཟོར་མ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྐྱིད་ཚལ་དགོན།

ཆོས་འཁོར་ཡང་རྩེ་དགོན་ནས་མུ་མཐུད་སྤྱི་ལེ་བཅུ་གཅིག་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་ཚ་རགས་ཞེས་པར་འབྱོར་ཞེང་དེ་ནས་བྱང་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་ཙམ་སོང་ན་ཞབས་རིག་གྲོང་ཚོའི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། ཞབས་རིག་ཅེས་པ་ནི་དགོན་དེའི་ཆགས་དབྱིབས་རྗེ་བཙུན་སྒྲོལ་མའི་སྐུ་པང་ནང་དུ་ཆགས་པས་སྐྱིད་ཚལ་དང་། དེའི་འདབས་ཀྱི་གྲོང་ལ་ཞབས་རེག་ཅེས་སྒྲོལ་མའི་ཞབས་ལ་རེག་པས་ཞབས་རེག་ཅེས་པ་རིམ་བཞིན་ཞབས་རེག་ཅེས་པར་སྒྲ་འགྱུར། ཐོག་མར་ས་སྐྱའི་བླ་མ་པཎ་ཆེན་ལྷ་དབང་བློ་གྲོས་ས་སྐྱ་ནས་ཕེབས་ཏེ་གམ་པ་ལའི་རྩེ་ནས་[page 139] གཟིགས་སྐབས་གནས་དེ་ཐུན་མོང་མ་ཡིན་པར་གཟིགས་ནས་དེར་དགོན་ཞིག་འདེབས་དགོས་ཐུགས་ལ་འཁྲུངས་ཏེ་དགོན་དེ་འདེབས་གནང་མཛད། དེ་རྗེས་པཎ་གྱི་སྐུ་སྐྱེ་རྒྱལ་བ་བློ་གྲོས་ཆོས་འཕགས་ལྷ་རྟོགས་གཞིས་ཀ་ཞེས་པར་འཁྲུངས་ཏེ་མཛད་པ་བསྐྱངས། དགེ་འདུན་ཞལ་གྲངས་ལྔ་བརྒྱ་ཙམ་ཟིན་ཞེས་གསུངས། ས་སྐྱ་ངོར་ལུགས་ཕྱག་བཞེད་གནང་གི་ཡོད་པ་ལ་རྗེས་སུ་རྙིང་ལུགས་བྱང་གཏེར་ཡང་ཟུང་འབྲེལ་གནང་ཡོད་འདུག སྔོན་འདུ་ཁང་ཀ་བ་ཉེར་བཞིའི་ནང་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་ཐོག་སོ་གསུམ་ལྡན་གྱི་མཐའ་འཁོར་དུ་སྨན་འདམ་གྱི་ཉེ་སྲས་སྒོ་སྲུང་དང་བཅས་པ་དང་། རིན་ཆེན་ལས་བྲིས་པའི་འབུམ་རྒྱས་འབྲིང་བསྡུས་གསུམ། བཀའ་འགྱུར་བྲིས་མ། ས་སྐྱ་བཀའ་འབུམ། རྙིང་མ་བརྒྱུད་འབུམ་ལ་སོགས་དང་། དབུ་རྩེ་ལྷ་ཁང་ནང་གདུང་རྟེན་མང་པོ། འདུ་ཁང་གི་རྒྱབ་ལམ་འབྲས་ལྷ་ཁང་ཀ་བ་བཞིའི་ནང་དུ་གསེར་ཟངས་ཀྱི་གདུང་རྟེན་དང་། ལི་མ་དང་གསེར་ཟངས་ཀྱི་བླ་བརྒྱུད་ཆ་ཚང་། གཞན་ཡང་གནས་བརྟན་ལྷ་ཁང་། མགོན་ཁང་ཤར་ནུབ་གཉིས་ལས་ཤར་མགོན་པོ་ཕྱག་དྲུག་སོགས་དགེ་ལུགས་དང་། ནུབ་ས་ལུགས་ཀྱི་གུར་ཞལ་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་བརྒྱད་ལྡན་ནང་རྟེན་གཙོ་ཐུབ་དབང་དང་། གཡས་སུ་སྤྱན་རས་གཟིགས། གཡོན་དུ་གུ་རུའི་སྐུ་བརྙན་སོགས་འཇིམ་སྐུ་ཐོག་སོ་གཅིག་ལྡན་གསར་བཞེངས་གནང་བ་དང་། གཙོ་བོ་བྱང་གཏེར་ཕྱག་ལེན་གནང་གི་ཡོད།

ཡང་དེ་ནས་བྱང་ཤར་གྱི་རི་ལྡེབས་སུ་གཏེར་སྟོན་པདྨ་གླིང་པས་ཕྱག་བཏབ་གནང་བའི་སྒོམ་ཆེན་ཞེས་པ་དང་། ཡང་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་སོང་ན་འཁྲུལ་པོ་ཞེས་པར་བཙུན་མའི་དགོན་ཞིག་དང་། ཆུ་ཚོད་གཉིས་ཙམ་སོང་ན་གཡའ་སྔོན་ཞེས་པར་བཙུན་མའི་དགོན་ཞིག་དང་། ཡང་ཆུ་ཚོད་གཉིས་ཙམ་སོང་ན་རི་སྣེ་ཞེས་པའི་གྲྭ་དགོན་སོགས་ཀྱི་རྗེས་ཤུལ་མཇལ་རྒྱུ་ཡོད།།[page 140]

སྙེ་མོ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

གྱས་བྱེད་དགོན། ཆོས་སྡེ་དགོན། འགྲོ་བ་མཆོད་རྟེན། རུ་དགོན། བཟང་རི་དགོན། བེེ་རོ་དགོན། ཇོ་མོ་གངས་དཀར། ཤོག་བུ་ལ། ○སྙེ་མོ་རྫོང་།[page 141]

སྙེ་མོ་རྫོང་།

སྙེ་མོ་ཞེས་པ་ནི། ཡུལ་དེའི་སོ་ནམ་བྱེད་སྟངས་ལེགས་ཤིང་ལོ་ཏོག་གི་སྙེ་མའང་ཕོ་མོར་དབྱེར་ཏེ་ཕོ་ཞན་ཞིང་མོ་ལེགས་པར་རྩིས་ནས་སྙེ་མོ་ཞེས་པའི་མིང་དེ་ལྟར་བྱུང་། ད་ལྟའི་རྫོང་ཆགས་ཡུལ་ནི་སྔོན་གྱི་སྙེ་མོ་རྫོང་ཤུལ་གྱི་ཤར་ངོས་དར་གྲོང་ཞེས་པར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༢༧༥དང་ས་ཞིང་མུའུ་ཁྲི་.ནགས་ཚལ་མུའུ་ཁྲི་༢༥.མི་འབོར་ཁྲི་.སྤྱིར་ཤར་ངོས་དམའ་ལ་ནུབ་ངོས་མཐོ་བའི་ས་བབས་དང་། རི་བོ་མཐོ་ཤོས་ཇོ་མོ་གངས་དཀར་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༧༠༤༨ཀྱི་མཐོ་བ་དང་། ས་བབས་དམའ་ཤོས་ཡར་ཀླུངས་གཙང་འགྲམ་དུ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༧༠༠ཙམ་ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༠༠༠གིས་མཐོ་བའི་ཞིང་ལས་གཙོ་རྒྱུར་འབྲོག་ལས་ཀྱང་གཉེར་བའི་རྫོང་ཞིག་ཡིན།

རྒྱས་བྱེད་དགོན།

མཚན་གཞན་ལ་རྒྱལ་བྱེད་ཚལ་ཞེས་ཀྱང་ཞུ། ཚ་རགས་ནས་སྤྱི་ལེ་༤༥ཙམ་སྙེ་མོའི་ཕྱོགས་སུ་སོང་ན་ལྷུན་སྒང་ཞེས་པའི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ལྷུན་སྒང་ཞེས་པ་ནི། ལྷུན་གྱིས་འགྲུབ་པའི་སྒང་གི་དོན་དང་། རྒྱལ་བྱེད་ཅེས་པ་ནི། རྒྱལ་པོ་རྒྱལ་བྱེད་ཀྱི་མཚན་དུ་ཐོགས། དགོན་དེ་ཐོག་མར་འབྲོམ་སྟོན་རྒྱལ་བའི་འབྱུངགནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་བའི་གཞུ་ཀུན་རར་བླ་མ་སེར་བཙུན་པ་མཇལ་བར་ཕེབས་སྐབས་ས་ཆ་དེ་མཚན་ཉིད་ལྡན་པ་ཞིག་ཏུ་གཟིགས་ནས་སྤྱི་ལོ་[page 142] ༡༠༥༩ལོར་བྲག་སྟེང་གི་དབུ་རྩེ་དམར་པོ་ཞེས་པ་ཕྱག་བཏབ་གནང་ནས་ཁོང་གི་ཞང་པོ་སྐུ་ཞང་ཆོས་རྗེ་ཞུ་བ་སྐུ་ཚབ་ཏུ་འཇོག་གནང་མཛད། བཀའ་གདམས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། རྒྱལ་བ་དགེ་འདུན་གྲུབ་པའང་གནས་དེར་ཞབས་བཅགས་མྱོང་ཡོད། དེ་རྗེས་ཐོན་པ་ཚང་ཞེས་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་ཡོངས་འཛིན། རྒྱལ་བ་ལྔ་པའི་དབུ་བླ་གནང་བ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ཞུ་བས་འདུ་ཁང་མཐིལ་ཞེས་ཀ་བ་ཉི་ཤུ་ཅན་གསར་བསྐྲུན་གནང་སྟེ་དགེ་ལྡན་ལུགས་ཕྱག་བཞེད་མཛད། ལྷག་ཏུ་དགོན་འདིའི་མཁན་ཆེན་ངག་དབང་ཆོས་གྲགས་ཞུ་བའི་སྐབས་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་གྲངས་ལྔ་བརྒྱ་བར་འཕེལ། གཙོ་བོ་གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པའི་ཐོག་རི་བོ་དགེ་ལུགས་ཀྱི་གསང་སྔགས་གྲྭ་ཚང་ཞིག་ཏུ་གྱུར་ཏེ་གཞུང་དགོན་ཨང་གཉིས་པའི་གྲས་ཤིག་ཡིན། སྔོན་འདུ་ཁང་མཐིལ་ཀ་བ་ཉི་ཤུའི་གཙང་ཁང་སྦུག་མར་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག་ཙམ་དང་། འདུ་ཁང་ནང་གཙང་ཁའི་ཇོ་བོ་ཞུ་བ་གསེར་ཟངས་ཀྱི་ཇོ་བོ་ཁྲུ་གང་པ་ཞིག་ཡོད་པ་དེ་ནི་སྔོན་རྒན་མོ་ཞིག་ཡར་ཀླུངས་གཙང་པོ་དང་སྙེ་མོའི་རྨ་ཆུ་འདུས་པའི་ཁར་འབུད་ཤིང་འཐུ་སྐབས་ཕྱག་ལ་འཇོར་ཐེབས་པས་ཨ་ཚ་ཞེས་གསུངས་བྱོན་པ་དང་། རྒན་མོས་སྐུ་དེ་ཆོས་སྡེ་དགོན་པར་འབུལ་དགོས་བསམ་པ་ལ། ཆོས་སྡེ་དགོན་ལས་རྒྱལ་བྱེད་གླིང་ན་དགའ་ཞེས་གསུངས། འདུ་ཁང་ནང་གདན་དྲངས་རྗེས། ལེགས་སོ་ཞེས་གསུངས་ལན་གསུམ་བྱོན་པར་གྲགས་པའི་སྐུ་བརྙན་དང་༡༩༤༨ལོར་འགོ་བརྩམ་ཏེ་འཇིམ་བཟོ་མི་བདུན་གྱིས་དུས་ཡུན་ལོ་གཉིས་ཙམ་སྤྱད་པའི་ཐོག་སོ་ཕྱེད་གསུམ་གྱི་རྗེ་ཡབ་སྲས་གསུམ། མགོན་ཁང་ནང་འཇིགས་བྱེད་དཔའ་གཅིག་དང་། མགོན་པོ་ཕྱག་དྲུག དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ། རྣམ་སྲས་གནོད་སྦྱིན་བཞི། གཞིས་བདག་རྫོང་བཙན་སོགས་དང་། བཀའ་བསྟན་འགྱུར་སོགས་བཞུགས། དབུ་རྩེ་དམར་པོར་སྐུ་ཞང་ཆོས་རྗེའི་གསུང་རྟེན་དང་། སྟོན་པའི་སྐུ་བརྙན་ཐོག་ཚད་མའི་ཐུགས་ཀར་འབྲོམ་སྟོན་པར་རྙེད་[page 143] གནང་བའི་སྟོན་སྐུ་མཁྱིད་གང་པ། དཔལ་ལྡན་སྨྲ་བའི་སེང་གེའི་སྐུ་གདུང་། གནས་བརྟན་བྲག་རི། བཀའ་གདམས་པའི་བླ་བརྒྱུད་ཁྲུ་གང་ཙམ། མཁས་གྲུབ་རྗེ་དང་། ལེགས་ལྡན་རྗེ། རབ་འབྱོར་གྱི་སྐུ་བརྙན་མི་ཚད་མ་སོགས་མཇལ་རྒྱུ་ཡོད།

ད་ལྟ་དབུ་རྩེ་དམར་པོ་ཉམས་གསོ་ཞུ་ཐུབ་མེད་ཀྱང་། འདུ་ཁང་མཐིལ་ཉམས་གསོ་ཞུས་པའི་ནང་སྔོན་གྱི་རྒྱལ་བ་བྱམས་པའི་སྐུ་གཟུགས་རང་འཇགས་ལ་དབུ་གསར་བཞེངས་གནང་བ་དང་། མགོན་ཁང་སྔོན་གྱི་དེ་རང་། རྗེ་ཡབ་སྲས་གསུམ་གྱི་སྐུ་ཚབ་མི་ཚད་མ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་རིར་ཀརྨ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་དང་། སྙེ་མོ་གཞུའི་ནང་དགོན་དེའི་དགོན་ལག་ཀུན་རྭ་ཞེས་པ་དང་། ཡང་རབ་རྒྱས་གླིང་ཞེས་དགེ་ལུགས་པའི་དགོན་ཞིག རྟའུ་དགོན་ཞེས་བཀའ་བརྒྱུད་པའི་དགོན་ཞིག ཁ་ཆེ་པཎ་ཆེན་དང་། མཁན་ཆེན་བྱང་ཆུབ་དཔལ། ཚད་མེད་བསོད་ནམས་བཟང་པོ་སོགས་བཞུགས་མྱོང་བའི་དགེ་འདུན་སྒང་ཞེས་པའི་དགོན་སོགས་མཇལ་རྒྱུ་ཡོད།

ཆོས་སྡེ་དགོན།

མཚན་རྒྱས་པར་གཙང་གི་སྙེ་མོ་བྱེ་མཁར་ཆོས་སྡེ་དགོན་ཞེས་ཞུ། བྱེ་མཁར་ཞེས་པ་ནི། སྙེ་མོ་རྨ་ཆུ་ཡུན་རིང་རྒྱུགས་པས་བྱེ་མ་མཁར་ཏེ་ཕུང་གསོག་ཐེབས་པའི་སྟེང་དུ་མཁར་བཏབ་པས་མཚན་དེ་ལྟར་བྱུང་། ད་ལྟའི་སྙེ་མོ་རྫོང་ནས་ནུབ་བྱང་གི་མཚམས་སུ་སྤྱི་ལེ་མིན་ཙམ་དང་། སྔོན་གྱི་སྙེ་མོ་རྫོང་ཤུལ་ནས་ཤར་ངོས་སུ་སྤྱི་ལེ་ལྷག་ཙམ་གྱི་སར་སྔོན་ཐང་སྟོང་གིས་བསྐྱུན་པའི་ལྕགས་ཟམ་གྱི་ཁར་བོ་དོང་ལུགས་ཀྱི་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྙེ་མོར་ཕེབས་སྐབས་ནས་ཡོད་སྐད་ལ། ཐོག་མར་དཔལ་འཆི་མེད་དཔལ་བཟང་གིས་ཕྱག་འདེབས་གནང་མཛད་དེ་སྙིང་ཐིག་ཕྱག་བཞེད་མཛད། དེ་རྗེས་བོ་དོང་ཕྱོགས་ལས་རྣམ་རྒྱལ་[page 144] གྱིས་རྒྱ་སྐྱེད་གནང་ནས་མཛད་པ་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་བདུན་བཅུ་སྐོར་གྱིས་གཙོ་བོ་ཤར་གཏེར་ཡང་གསང་དཀོན་མཆོག་སྤྱི་འདུས་དང་། གཤིན་ཆོག་ཀུན་རིག་རྣམ་སྣང་སོགས་ཕྱག་བཞེད་དང་། གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པ་མཛད་ཀྱི་ཡོད་པ་ལ་གཞུང་ཆེན་མོར་ཐོས་བསམ་གནང་བར་སྡེ་དགེ་དང་། ངོར་དགོན་ཨེ་བམ་ཆོས་སྡེ། འབྲས་སྤུངས་སོགས་ལ་སློབ་གཉེར་དུ་གྲྭ་རྒྱུན་མང་པོ་བཏང་གནང་གི་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་གཙང་ཁང་སྦུག་མར་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་དང་། གཡས་སུ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། གཡོན་དུ་ཚེ་དཔག་མེད་བཅས་ཀྱི་སྐུ་བརྙན་ཐོག་སོ་ཉིས་ལྡན་དང་། མཐའ་འཁོར་དུ་གནས་བརྟན་བྲག་རི་མ་དང་སྒོ་སྲུང་རྒྱལ་ཆེན་སྡེ་བཞི་དང་། རྡོ་དཀར་ལས་གྲུབ་པའི་ཕྱག་རྡོར་དང་། རྡོ་ནག་གི་རྟ་མགྲིན་སོགས་དང་། མགོན་ཁང་དམ་བཅད་མའི་ནང་དམག་ཟོར་མས་གཙོས་བསྟན་སྲུང་སུམ་ཅུ་སོ་གཉིས་ཙམ། གཞན་ཡང་རྟེན་སྐུ་མང་པོ། ཡང་སྟེང་བཀའ་འགྱུར་ལྷ་ཁང་ནང་བྲིས་མ་དང་པར་མ་སོགས་ཀྱི་དཔེ་ཆ། གསུམ་ཐོག་སྟེང་རྡོ་རྗེ་ཕག་མོའི་གཟིམ་ཆུང་། བཞི་ཐོག་ལ་མགོན་ཁང་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་བཞི་ཐོག་ལས་གཞན་རང་འཇགས་མཇལ་རྒྱུ་ཡོད་པའི་འདུ་ཁང་ནང་གི་གཙང་ཁང་སྦུག་མའི་རྟེན་གཙོ་འཇིམ་སྐུ་གསར་བཞེངས་གནང་བ་དང་། ཕྱག་རྡོར་དང་རྟ་མགྲིན་སྔོན་གྱི་དེ་རང་། འདུ་ཁང་ནང་གུ་རུའི་སྐུ་བརྙན་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

འགྲོ་བ་མཆོད་རྟེན།

མཚན་རྒྱས་པར་རང་བྱུང་མཆོད་རྟེན་ནམ་རྫུས་སྐྱེས་པདྨ་གླིང་ཞེས་ཀྱང་ཞུ། འགྲོ་བ་མཆོད་རྟེན་ཞེས་པ་ནི། གནས་དེར་བརྩིག་པ་མེད་པར་རང་བཞིན་དུ་འཁྲུངས་པའི་རྡོའི་མཆོད་རྟེན་ངོ་མཚན་ཅན་[page 145] ཞིག་ཡོད་སྟབས་མཚན་དེ་ལྟར་ཐོགས། མཆོད་རྟེན་དེར་སྐོར་བ་བསགས་ན་ལས་སྒྲིབ་དག་པ་དང་བུད་མེད་སྦྲུམ་མ་ཚོས་སྐོར་བ་བསགས་ན་མ་བུ་བདེ་སྒྲོལ་འབྱུང་ཞེས་གསུང་། དེའི་ཞོགས་སུ་མཆོད་རྟེན་ཞབས་ར་ཞིག་ཡོད་པ་དེའང་འཚར་ལོངས་ཡོང་བཞིན་པ་ལ་བུད་མེད་རབས་ཆད་ཅིག་གིས་ཕ་བོང་ཞིག་རེད་སྙམས་ཏེ་རྐུབ་སྟེགས་བྱས་པས་དེ་ནས་བཟུང་འཚར་ལོངས་མི་བྱུང་བ་རེད་ཅེས་གསུང་སྲོལ་ཡོད། བསམ་གཏན་ཡང་རྩེ་ནས་སྤྱི་ལེ་གསུམ་ཙམ་ལྷོ་ནུབ་ངོས་དང་། པ་གོར་ཞེས་ལོ་ཆེན་བེེ་རོ་ཙཱ་ནའི་འཁྲུངས་ཁང་དང་ཉེ་བར་སོང་ན་དགོན་དེར་སླེབས་ཀྱི་རེད། སྔོན་གནས་དེར་རང་བྱུང་རྡོ་ཡི་མཆོད་རྟེན་ངོ་མཚན་ཅན་ཞིག་ལས་མེད་པ་དང་༡༩༨༠ལོར་བསམ་གཏན་ཡང་རྩེའི་བཙུན་མ་ཁ་ཤས་ཤིག་གིས་མཆོད་རྟེན་གྱི་ཞོགས་སུ་སྒྲུབ་ཁང་ཆུང་ཆུང་ཞིག་བསྐྱོན་ནས་སྐུ་མཚམས་སུ་བཞུགས་ནས་པདྨ་གླིང་པ་ཕྱག་བཞེད་མཛད། དེ་རྗེས་མཁན་པོ་ཚུལ་ཁྲིམས་རྒྱ་མཚོས་རྒྱ་སྐྱེད་གནང་ནས་ད་ལྟ་བཙུན་མ་ཚོས་ཀརྨ་བཀའ་བརྒྱུད་ཕྱག་ལེན་གནང་བ་རེད། མདོར་ན་སྔོན་གནས་དེར་མཆོད་རྟེན་ལས་དགོན་པ་མེད་པར་ད་ཆ་གསར་བཞེངས་འདུ་ཁང་ཀ་བ་བཅུ་གཉིས་ནང་རྟེན་གཙོ་ཆོས་ལུང་སྤྲུལ་གསུམ་གྱི་འཇིམ་སྐུ་མི་ཚད་མ་དང་། ཡང་སྟེང་དུ་བཀའ་འགྱུར་ལྷ་ཁང་དང་། རིགས་གསུམ་མགོན་པོའི་ལྷ་ཁང་། འདུ་ཁང་འོག་ཏུ་གུ་རུ་གཙོ་འཁོར་གསུམ་གྱི་འཇིམ་སྐུ་དང་། གསེར་ཟངས་ཀྱི་སྒྲོལ་མ་ཉེར་གཅིག་ཁྲུ་གང་ཙམ། ལྡེབས་རིས་ཞི་ཁྲོའི་ལྷ་ཚོགས་དང་ཚེ་དཔག་མེད་དང་། འོད་དཔག་མེད། རྒྱན་དྲུག་མཆོག་གཉིས་སོགས་ཀྱི་ཞིང་ཁམས་དང་། ར་སྒོར་ནང་བཙུན་མའི་ཤག་འཁོར་བཅས་ཡོད།

ཡང་བསམ་གཏན་ཡང་རྩེ་ནས་སྤྱི་ལེ་གསུམ་ཙམ་ནུབ་བྱང་དུ་སོང་ན་སྒྲུབ་གཞུང་ཞེས་པའི་རི་འདེབས་སུ་སྒྲོལ་མ་ཕུག་ཅེས་པའི་བཙུན་དགོན་དང་། ཡང་དེའི་ཤར་ངོས་སུ་བྱིའུ་མདོ་དགོན་ཞེས་པའི་བཙུན་དགོན་སོགས་མཇལ་རྒྱུ་ཡོད།

[page 146]
རུ་དགོན།

མཚན་རྒྱས་པར་དཔལ་ལྡན་སྨིན་སྒྲུབ་ཆོས་སྡེ་དགོན་ནམ། རུ་དགོན་གཙུག་ལག་ཁང་ཞེས་ཞུ། དཔལ་ལྡན་སྨིན་སྒྲུབ་ཆོས་སྡེ་ནི་སྐུ་ཞང་བཀྲ་ཤིས་རྒྱལ་མཚན་གྱིས་གསོལ་བ་ཡིན། ད་ལྟའི་སྙེ་མོ་རྫོང་ནས་སྤྱི་ལེ་བཅུ་ཙམ་མཚོ་མིག་ཅེས་པ་ནས་གྱེན་དུ་འཛེགས་ཏེ་དུས་འཁོར་བླ་མཚོ་སྟེ་རུ་མཚོའི་ནང་འཁོར་དུ་སོང་ན་མཚོ་དེའི་བྱང་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ཆོས་རྒྱལ་སྲོང་བཙན་དུས་རྒྱ་བཟས་རུ་གནོན་དུ་གཙང་གཡས་རུར་གཏོགས་པ་མཚོ་ངོས་རུ་མཚོ་ཁ་པ་ཞེས་ཕྱག་བཏབ་གནང་བ་དང་། དེ་རྗེས་བུ་སྔོན་སྐུ་ཞང་ཀུན་དགའ་སྙིང་པོ་སོགས་བྱོན། དེ་རྗེས་སྐུ་ཞང་སངས་རྒྱས་དཔལ་འབྱོར་དུས་ཆོས་འཁོར་རྒྱ་ཆེར་སྤེལ་གནང་མཛད། ཡུམ་གྱི་དགོངས་རྫོགས་ཆེད་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ལ་སྐུ་ཡི་རྟེན་ལ་དཔལ་དུས་ཀྱི་འཁོར་ལོའི་བློས་བླངས་དཀྱིལ་འཁོར་མ་དཔེ་མཚོ་དེ་གའི་ནང་ནས་གསལ་བ་ཞིག་དང་། གསུང་གི་རྟེན་ལ་དུས་འཁོར་གྱི་རྩ་འགྲེལ་ཕྱག་དཔེ་མང་པོ་བརྐོས་གནང་གཛད། ཐུགས་ཀྱི་རྟེན་ལ་དགོན་དེའི་གཡས་གཡོན་སོ་སོར་བྱང་ཆུབ་མཆོད་རྟེན་ཐོག་གསོ་དགུ་བྱས་པ་ཞིག་དང་། བདུན་བྱས་པ་ཞིག་བཞེངས་གནང་མཛད། དགེ་འདུན་ཞལ་གྲངས་སྟོང་ཁ་ཟིན་པ་ལ། ཤར་གླིང་གྲྭ་ཚང་དང་། སྡིང་པ་གྲྭ་ཚང་། གླིང་སྟོད་གྲྭ་ཚང་། བྱང་གྲྭ་ཚང་བཅས་གྲྭ་ཚང་བཞི་ཡོད། གྲྭ་ཚང་གཞན་རྣམས་སྔོན་ནས་ཐོར་བཤིག་ཏུ་སོང་ཡང་སྡིང་པ་གྲྭ་ཚང་གི་འདུ་ཁང་ཀ་བ་༡༨ནང་གི་རྟེན་གཙོ་ཛྷིཀྞིམ་གྱི་ཐུབ་དབང་སྐུ་བརྙན་མདའ་ཚད་མ་དང་། སྐུ་རྒྱུ་དེ་འདྲའི་སྨན་བླ་དང་། མི་འཁྲུག་པ། བཀའི་བསྟན་འགྱུར་པར་མ། འབུམ་བྲིས་མ་གཉིས། རིན་ཆེན་སྣ་ལྔས་བྲིས་པའི་དམ་བཅད་མ་པོད་ལྔ་བཅུ་སྐོར། སྨན་འདམ་གྱི་བུ་སྟོན་ཐམས་ཅད་མཁྱེན་པའི་སྐུ་བརྙན་མི་ཚད་མ། རུ་སྤྲུལ་སྐུ་ཕྲང་བཞི་པའི་དངུལ་གདུང་། གཞན་ཡང་རྟེན་སྐུ་ཇི་སྙེད། གཙང་ཁང་སྦུག་མར་ལི་མའི་ཐུབ་དབང་གི་སྐུ་བརྙན། ལྷ་[page 147] སའི་ཇོ་བོ་དང་སྐུ་ཚད་མཉམ་པ་གཉིས་དང་སྐུ་རྒྱུ་དེ་འདྲའི་སྨན་བླའི་སྐུ་བརྙན་དང་དུས་འཁོར། དགྱེས་པ་རྡོ་རྗེའི་སྐུ་བརྙན་བྱིས་པ་ལོ་བརྒྱད་ཙམ། ལྷག་ཏུ་ཛྷིཀྞིམ་དམར་པོའི་བྱམས་པ་བཞེངས་བཞུགས་བྱིས་པ་ལོ་བརྒྱད་ཙམ་ཞིག་ཡོད་པ་དེ་ཐོག་མར་སྙེ་མོ་གཙང་ཁང་ཞེས་པར་མཁའ་འགྲོའི་སྤྲུལ་པ་རྒད་མོ་ཞིག་ཚེར་མ་འགོག་བཞིན་པའི་སྐབས་ཚེར་འཇོར་བྱམས་པའི་ཞབས་སུས་ལ་ཐེབས་ཏེ་སྐུ་ཁྲག་ཐོན་སྟབས་རྒད་མོ་ཤུམས་པས་བྱམས་པས་གསུང་བྱོན་ཏེ་ང་རྒྱབ་རི་བྲག་དང་མདུན་དུ་མཚོ་ཡིན་པར་སྐྱོལ་ཅིག་གསུངས་པར་ཐོག་མར་སྦས་ར་ཞེས་པར་གདན་དྲངས་པས་ང་རུ་མཚོ་ཁར་སྐྱོལ་ཅིག་གསུངས་པ་བཞིན་དགོན་དེར་གདན་དྲངས་ཞེས་གསུངས། སྐུ་གསུང་བྱོན་མའི་གྲགས་པ་ཀུན་ཏུ་ཁྱབས་སྟབས་སྡེ་པ་གཞུང་ནས་རྩད་གཅོད་བྱས་པས་དེ་འདྲའི་སྐུ་བརྙན་ཞིག་བཞེངས་ཏེ་ངོ་མ་དེ་མ་བསྟན་པའི་ལོ་རྒྱུས་ཀྱང་ཡོད་པའི་སྐུ་བརྙན་དེ་དང་། གཞན་ཡང་བཀའ་གདམས་མཆོད་རྟེན་ཆེ་ཆུང་སྣ་ཚོགས་སྟོང་ཁ་ཟིན་པ། སྐུ་ཞང་བཀྲ་ཤིས་རྒྱལ་མཚན་དང་སངས་རྒྱས་དཔལ་འབྱོར་གྱི་གསེར་གདུང་ཐོག་སོ་གཅིག་ལྡན། སྨན་འདམ་གྱི་རྒྱལ་བ་ཙོང་ཁ་པ་མི་ཚད། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་། རྒྱལ་བ་ལྔ་པའི་སྐུ་བརྙན། སྔོན་དགོན་དེར་མེ་སྐྱོན་འབྱུང་སྐབས་མ་འཚིག་པའི་ཙདྣ་དཀར་པོ་ལས་གྲུབ་པའི་ཛམ་ལྷ་གཉིས་སོགས་མཐའ་འཁོར་ཆོས་གཤོམས་ནང་བཞུགས་སུ་གསོལ་བ། གཞན་ཡང་མགོན་པོ་ཕྱག་དྲུག་དང་དཔལ་ལྡན་ལྷ་མོ། རྣམ་སྲས་ཕྱག་རྡོར་སོགས་ཀྱི་སྐུ་བརྙན་དང་། ལྷ་མོ་དང་རྣམ་སྲས་ཀྱི་མདོས་སོགས་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་གྲྭ་ཚང་། སྡིང་པ་ཞེས་པ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་ཉེར་གཉིས་ནང་རྟེན་གཙོ་སྔོན་གྱི་བྱམས་པ་གསུང་བྱོན་མ་དང་། གཞན་ཡང་འཇིམ་གྱི་བུ་སྟོན་གྱི་སྐུ་བརྙན་དང་། ཚེ་ལྷ་རྣམ་གསུམ། མཁན་སློབ་ཆོས་གསུམ། རྒྱལ་བ་མི་འཁྲུག་པ། གུ་རུ་རིན་པོ་ཆེ། ལྷ་མོ་སོགས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་དང་། བཀའ་འགྱུར་དང་འབུམ་པར་གསར། [page 148] ཚེ་ཆོག་དང་གསུང་རྣམ། ཆོས་སྤྱོད་སོགས་ཀྱི་པར་ཤིང་རིང་ཐུང་བརྒྱ་ལྷག་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་ཤར་རམ་ཞེས་པར་སྐྱོབ་པ་འཇིག་རྟེན་མགོན་གྱི་གྲྭ་དགོན་ཤེལ་དཀར་སྒྲུབ་སྡེ་ཞེས་པ་ཞིག་དང་། ཡང་ཆུ་ཚོད་བཞི་ཙམ་སོང་ན་རྟག་སྤྱན་དགོན་ཞེས་པའི་བཙུན་དགོན། མར་ལམ་མདོ་གསུམ་ཞེས་པར་མ་གཅིག་ལབ་སྒྲོན་གྱི་སྒྲུབ་ཁང་ཁོས་ཁམ་ཞེས་པ་སོགས་མཇལ་རྒྱུ་ཡོད།

བཟང་རི་དགོན།

མཚན་རྒྱས་པར་ལྷུན་གྲུབ་མཐོང་སྨོན་ཞེས་ཞུ། ད་ལྟའི་སྙེ་མོ་རྫོང་ནས་སྤྱི་ལེ་བཞི་ཙམ་བྱང་དུ་འཁོར་ལམ་བརྒྱུད་སོང་ན་བཟང་རི་གྲོང་གི་རྒྱབ་རིར་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བོན་གྱི་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་སྐུ་མཚམས་སུ་བཞུགས་སྐབས་སྲིད་པ་རྒྱལ་མོས་ལུང་བསྟན་དུ་བཀའ་ཕེབས་ཀྱི་སློབ་བུ་བཞི་ཡོད་པས་དེ་དག་ལ་ཆོས་གནང་དགོས་ཞེས་གསུངས་པ་ལྟར་བྲུ་གཙང་། རྨེའུ་གཙང་། སྤ་གཙང་། ཁུ་གཙང་། བཅས་འོད་གསལ་ལྷ་ལས་མཆེད་པའི་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ་བཅས་པར་ཆོས་ཟབ་མོ་གནང་རྗེས། ད་སོ་སོའི་གདན་ས་སོ་སོས་འཚོལ་ཅིག་གསུང་པར་གཙང་ཐོབ་རྒྱལ་དུ་བྲུ་གཙང་། སྦྲ་ཆེན་དུ་སྤ་གཙང་། རྒྱལ་རྩེ་དང་ཉེ་བར་ཞུ་གཙང་། སྟོད་དར་སྟེང་དུ་གཤེན་གཙང་། གནས་དེར་རྨེའུ་གཙང་བཅས་ཆགས། དགོན་དེ་ཕྱག་འདེབས་པ་པོ་ནི་བླ་གུར་ཞོགས་པ་ཞེས་པས། རྟ་ནག མི་ནག ཕྱི་ནག་གི་ཚུལ་བྱས་ནས་ཕེབས་སྐབས་ཡུལ་མིས་ཁམས་པ་སླེབས་བྱུང་ཟེར་ནས་བླ་མ་བརྡུང་པས་གནས་སྐབས་གནས་དེ་དང་ཉེ་བའི་ཤར་ངོས་ཁམས་པ་ལུང་ཞེས་པར་བཞུགས་ཏེ་དེ་ལའང་དགོན་པ་ཆགས། དེ་ནས་སློབ་མ་མང་དུ་བྱུང་བས་ད་ལྟའི་དགོན་ཆགས་ཡུལ་དུ་ཐོག་མར་རི་ཁྲོད་ཆུང་ཆུང་ཞིག་ཆགས། དེ་རྗེས་འགྲོ་མགོན་གསུམ་སྟོང་ལྷ་འབུམ་གྱི་སྐུ་དུས་སུ་དགེ་འདུན་[page 149] གསུམ་སྟོང་བར་འཕེལ་ཏེ་གསུམ་སྟོང་ལྷ་འབུམ་ཞེས་པའི་མཚན་ཡང་དེ་ལྟར་བྱུང་། མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། ཨ་ཁྲིད་དང་། སྙན་རྒྱུད། རྫོགས་ཆེན་སྟེ་ཨ་སྙན་རྫོགས་གསུམ་གྱི་བསྟན་པའི་སྲོལ་གཏོད་དེ་ལྗགས་རྩོམ་མང་པོ་གནང་། སྔོན་འདུ་ཁང་གོང་འོག་གཉིས་ད་ལྟའི་དགོན་གཤམ་དུ་ཆགས་ཡོད་པ་ལ་རེ་རེར་ཀ་བ་བཅུ་དྲུག་གི་ས་ལ་རྟེན་གཙོ་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་སོགས་ལི་སྐུ་བཅུ་དྲུག་གནས་དེ་ནས་འཁྲུངས་པས་སྙེ་མོ་ལི་ཡི་ལི་ཚང་ཞེས་པ་དེ་ནས་བྱུང་། གཞན་ཡང་གསུམ་སྟོང་བླ་མའི་སྨར་གདུང་སོགས་རྟེན་སྐུ་ཇི་སྙེད་ཡོད། དབུ་རྩེར་ཇུན་གར་དམག་གིས་རྩ་གཏོར་བཏང་།

ད་ལྟ་དབུ་རྩེར་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་བཅུ་གཅིག་ནང་རྟེན་གཙོ་སྨན་འདམ་གྱི་སྟོན་པ་གཤེན་རབ་དང་། མཁས་དབང་ཚུལ་ཁྲིམས་དཔལ་ཆེན་དང་། འགྲོ་མགོན་གསུམ་སྟོང་ལྷ་འབུམ། མཉམ་མེད་ཤེས་རབ་རྒྱལ་མཚན། རྫོགས་སྐུ་གཤེན་ལྷ་འོད་དཀར། སྨྲ་སེང་འཇམ་དཔལ་དབྱངས། ཡུམ་ཆེན་ཤེས་རབ་བྱམས་མ། ཀུན་བཟང་རྒྱལ་བ་འདུས་པ། གཞན་ཡང་བོན་གྱི་བཀའ་འགྱུར་དབུ་མེད་པོད་བརྒྱ་དང་ལྔ་བཅུ་དང་། བསྟན་འགྱུར་དབུ་མེད་པོད་སུམ་བརྒྱ་ལྔ་བཅུ་སོགས་མཇལ་རྒྱུ་ཡོད།

བེེ་རོ་དགོན།

མཚན་རྒྱས་པར་སྙེ་མོ་ཁྱུང་ཚང་བྲག་ཅེས་ཞུ། ད་ལྟའི་སྙེ་མོ་རྫོང་ནས་བྱང་ཤར་ངོས་སུ་སྤྱི་ལེ་གཅིག་ལྷག་ཙམ་སོང་ན་རྟགས་རི་ཞེས་པའི་ལོགས་སུ་ཁྱུང་ཚང་ཕུག་དང་། དེའི་འོག་ཏུ་འདུ་ཁང་ཆགས་ཡོད། བཙུན་དགོན་དེ་ནི་ཐོག་མར་གུ་རུས་ཆོས་རྒྱལ་ཁྲི་སྲོང་ལ་ལུང་བསྟན་པ་ལ་སྙེ་མོ་བྱེ་མཁར་ཆོས་སྡེ་ཞེས་པར་ཡབ་ཧོན་འདོད་དང་ཡུམ་བྲམ་ཟེ་བཀའ་བརྒྱད་ཅེས་པར་ཁྱིའུ་བྱིས་པ་ལོ་བརྒྱད་པ་ཞིག་ཡོད་པས་དེ་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པས་བྱིས་པ་དེ་སློང་དང་སྟེར་བ་ཡོད་གསུངས་པ་ལྟར་རྒྱལ་བློན་དཔོན་གཡོག་རྟ་པ་བརྒྱད་ཕེབས་ནས་བྱིས་པ་མང་པོའི་དཀྱིལ་ནས་བེེ་རོ་ཁྱད་དུ་འཕགས་པར་[page 150] གཟིགས་ནས་ཁྱོད་ཀྱི་ཕ་མའི་མིང་ལ་ཅི་ཟེར་གསུངས་པར། ཕ་མའི་མཚན་ཇི་བཞིན་ཞུས། ཕ་གང་དུ་སོང་ངམ་ཞེས་བྲིས་པར། ཕ་ཆང་མཆོད་དུ་ཕེབས་པས་གཏམ་འཚོལ་དུ་སོང་ཞེས་གསུངས། ཡུམ་བཞུ་སྣུམ་འཚོལ་དུ་ཕེབས་པས་མིག་འཚོལ་དུ་སོང་ཞེས་གབ་ཚིག་གི་ལམ་ནས་གསུངས། རྒྱལ་བློན་རྣམས་ཀྱིས་ད་ང་ཚོས་འཚོལ་དགོས་པའི་བྱི་པ་འདི་རང་རེད་འདུག་དགོངས་ནས་མཉམ་དུ་བུའི་ཁྱིམ་དུ་ཕེབས། ཡུམ་ལ་མིག་སྤོར་ཅིག་གསུངས་པས་ཡུམ་གྱིས་བསྣམས་ཕེབས་པའི་སྣུམ་གྱིས་གསལ་མེ་སྤར། ཡབ་ལ་གཏམ་ཞུས་ཤིག་གསུངས་པར་ཡབ་སྐུ་ར་སྦིར་བས་གཏམ་མང་པོ་ཞུས། རྒྱལ་པོས་བུ་བསམ་ཡས་སུ་གདན་འདྲེན་དགོས་གསུངས་པར། ཡབ་ཡུམ་གཉིས་ཀྱིས་ངོས་གཉིས་ལ་བུ་འདི་རང་ལས་མེད་པས་གནང་བ་གནང་རོགས་ཞུས་པར་ཡབ་ཡུམ་གཉིས་ཀྱི་འཚོ་གོས་རྒྱལ་པོས་གནང་རྒྱུར་ཞལ་བཞེས་ཏེ་བསམ་ཡས་ལ་གདན་དྲངས། རྒྱ་གར་ལ་ལོ་ཙཱ་སློབ་ཏུ་ཕེབས་པའི་ནང་ནས་ཕུལ་དུ་བྱུང་བའི་རྩལ་ཐོན། དེ་རྗེས་གནས་དེར་ཕེབས་ནས་གུ་རུ་དང་། ཁྲི་སྲོང་། བེེ་རོ་བཅས་གསུམ་ལྷན་དུ་སྒྲུབ་པ་མཛད། གུ་རུས་སྒྲུབ་ཕུག་འདི་ཅུང་ཆུང་དྲག་འདུག་གསུངས་ནས་ཆེ་རུ་བཏང་གནང་བའི་སྐུ་རྗེས་ཀྱང་ཡོད། སོ་སོས་འཇིམ་གྱི་སྐུ་བརྙན་རེ་བཞེངས་གནང་བའི་འདམ་བག་ཅུང་ཟད་རེ་ལྷག་པས་ད་འདིས་ཅི་བྱེད་གསུང་པར་གུ་རུས་འདིས་སྲུང་མ་ཞིག་བཞེངས་གསུངས་ཏེ་རྟ་མགྲིན་གྱི་སྐུ་བརྙན་ཞིག་བཞེངས་གནང་མཛད། རྗེས་སུ་སྐུ་དེ་རྩེ་ཕོ་བྲང་དུ་གདན་དྲངས་པས་སྐུ་གཉེར་གྱིས་སྐུ་དེ་གང་དུ་འཇོག་གམ་གསུང་སྐབས། ང་འདིར་མི་སྡོད་སྙེ་མོ་ཁྱུང་ཚང་དུ་སྐྱེལ་རོགས་ཞེས་གསུང་བྱོན་པས་སྐུ་རང་འཇགས་སུ་གདན་དྲངས། ལོ་ལྟར་གཞུང་ནས་གསེར་ཌཾ་རེ་དང་སྐུ་གཉེར་ལ་འབྲུ་ཁལ་གསུམ་རེ་གནང་སྲོལ་ཡོད། སྒྲུབ་ཕུག་ནང་དབུས་སུ་གུ་རུ་དང་། གཡས་སུ་ཁྲི་སྲོང་། གཡོན་དུ་བེེ་རོ་བཅས་ཀྱི་བཞུགས་གནས་དང་། རྟེན་གཙོ་རྟ་མགྲིན་གསུང་བྱོན་མ་དང་ཤོད་དུ་འདུ་ཁང་ཀ་དྲུག་ནང་གཙོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་བརྙན་དང་། གཡས་སུ་ཁྲི་[page 151] སྲོང་གཡོན་དུ་བེེ་རོ་བཅས་སྐུ་བརྙན་མི་ཚད་མ་སོགས་སྐུ་བརྙན་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་གནང་བའི་སྔོན་གྱི་འདུ་ཁང་དེ་འདྲའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་དེའི་གཡས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། གཡོན་དུ་ལྷ་ལྕམ་བེེདྷ་ར་བའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད།།[page 152]

འདམ་གཞུང་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

ངས་པ་ཅན། སྒ་ལོ་དགོན། ལ་ཐོག་སྒར་པ། རྐྱང་རག་དགོན། ཁང་དམར་དགོན། གནམ་མཚོ། ○འདམ་གཞུང་རྫོང་།[page 153]

འདམ་གཞུང་རྫོང་།

འདམ་གཞུང་ཞེས་པ་ནི། ་འདམ་གྱི་གཤོངས་སམ་གཞུང་རྒྱ་ཆེན་པོ་ཞིག་ཡིན་སྟབས་འདམ་གཞུང་དང་། ཡང་ས་དེ་སོག་པོས་བདམས་པའི་ལུང་གཞུང་ཞིག་ཡིན་སྟབས་འདམ་གཞུང་ཞེས་སོགས་བཤད་སྲོལ་མི་འདྲ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ༡༠༠༣༦དང་། བེད་སྤྱོད་ཆོག་པའི་རྩྭ་རྭ་མུའུ་ཁྲི་༡༠༥༠མི་འབོར་ཁྲི་༣.ས་བབས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༧༢༠༠དང་ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༢༠༠མཐོ་བ། ས་ཁྱད་ནི་བྱང་ཤར་མཐོ་ལ། ལྷོ་ནུབ་དམའ་བ་བཅས་གཉན་ཆེན་ཐང་ལྷའི་རི་འདབས་དང་། མཚོ་བོད་རླངས་འཁོར་འགྲོ་ལམ་གྱི་བརྒྱུད་དུ་ཆགས་པའི་འབྲོག་ལས་ཀྱི་རྫོང་ཞིག་ཡིན།

ཡངས་པ་ཅན།

མཚན་རྒྱས་པར་གནམ་གངས་ཀྱི་ར་བའམ། བདེ་ཅན་ཡངས་པ་ཅན། གནམ་རྩེ་ལྡིང་དགོན་ཞེས་སོགས་མཚན་གྱི་རྣམ་གྲངས་མི་འདྲ་བ་དང་། ཡངས་པ་ཅན་ཞེས་པ་ནི། རྒྱ་གར་གྱི་གནས་ཡངས་པ་ཅན་གྱི་མཚན་དེ་ལྟར་གསོལ་བ་དང་། གངས་ཀྱི་ར་བ་ཞེས་པ་ནི། དགོན་དེའི་མཐའ་བཞི་གངས་རིས་བསྐོར་ཡོད་པ་སྟེ་ཡུལ་དེའི་ཤར་ངོས་སུ་ཐང་ལྷའི་འབྲི་རྫི་གངས་རི། ཤར་ལྷོའི་མཚམས་སུ་ཐང་ལྷའི་དམག་དཔོན་གནོད་སྦྱིན་གངས་བཟང་། ལྷོ་ནུབ་ཏུ་ཐང་ལྷའི་རྟ་རྫི་གངས་རི། ནུབ་ངོས་སུ་ཇོ་མོ་གངས་དཀར། དེའི་ཞོགས་སུ་ལྕགས་དྲུང་སྨུག་པོ་སྤུན་བདུན། དེའི་ཞོགས་སུ་སྙེ་ལུང་བསྟན་མ་བཅུ་[page 154] གཅིག དེའི་ཞོགས་སུ་གདོང་ལུང་གངས་རི། ནུབ་བྱང་ངོས་སུ་གླིང་ཆེན་ནུབ་རི་ཁྱུང་ཁྲ། དེའི་ཞོགས་སུ་གླིང་ཆུང་དཀར་མོ། དེའི་ཞོགས་སུ་ཐང་ལྷའི་ཁྱི་རྫི་གཡའ་དམར་སྟག་ལག དེའི་ཞོགས་སུ་ཐང་ལྷའི་ལུག་རྫི་ཆུ་དཀར་བེམ་མོ། དེའི་ཞོགས་སུ་ཐང་ལྷའི་བྱང་གི་དམག་དཔོན་ཁང་ཁྱིམ་བཞི་དཀར། དེའི་ཞོགས་སུ་ཐང་ལྷའི་ནང་གི་བློན་པོ་མགུལ་རིང་ཕྲག་སྟག དེའི་ཞོགས་སུ་ཐང་ལྷའི་ཤར་གྱི་དམག་དཔོན་བསམ་གཏན་གངས་བཟང་སོགས་ཀྱིས་བསྐོར་ནས་ཡོད་སྟབས་གནམ་གངས་ཀྱི་ར་བ་ཞེས་པ་དེ་ནས་བྱུང་། དེའང་ཡངས་ཅན་ཟམ་པ་གསར་པ་ཞེས་པ་ནས་ནུབ་ངོས་སུ་འཁོར་ལམ་བརྒྱུད་ནས་སྤྱི་ལེ་བཅུ་དྲུག་ཙམ་བསྐྱོད་ན་ཡངས་ཅན་གྲོང་གི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་གདམས་ཀྱི་བླ་མ་ཨ་བྱང་ཆུབ་ཡེ་ཤེས་ཀྱིས་ཕྱག་བཏབ་གནང་མཛད་དེ་དགོན་མིང་ལ་གནམ་རྩེ་ལྡིང་དགོན་ཞེས་གསོལ། ད་ལྟའི་དགོན་དེའི་ཤར་ངོས་སུ་ཨ་བྱང་ཆུབ་ཡེ་ཤེས་ཀྱི་སྐུ་རུས་བཞུགས་པའི་རྩེ་ལྡིང་འབུམ་པ་ཞེས་རྡོ་རིལ་ལས་བཞེངས་པ་ཞིག་ཉམས་གསོ་ཞུས་པ་མཇལ་རྒྱུ་ཡོད། དེ་རྗེས་ཞྭ་དམར་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁའ་སྤྱོད་དབང་པོ་ཞུ་བས་དགོན་དེ་བསྐྱངས། དེ་དང་མི་རིང་བའི་ས་ན་མཁའ་སྤྱོད་སྒྲུབ་ཁང་ཞེས་པའང་མཇལ་རྒྱུ་ཡོད། ཞྭ་དམར་གྱི་བསྟན་པ་རིམ་བཞིན་འཕེལ་ནས་དགེ་འདུན་ཞལ་གྲངས་སྟོང་གཉིས་ཙམ་བྱུང་ཞེས་གསུངས། སྔོན་གྲྭ་ཚང་གསུམ་ཡོད་པ་ནི་ཤར་རྩེ་གྲྭ་ཚང་དང་། བྱང་རྩེ་གྲྭ་ཚང་། ལྷོ་རྩེ་གྲྭ་ཚང་བཅས་ཡིན། ཚོགས་ཆེན་འདུ་ཁང་ཀ་བ་སུམ་ཅུའི་མཆོད་ཁང་སྦུག་མར་གསེར་ཟངས་ཀྱི་ཐུབ་དབང་ཐོག་སོ་གཉིས་ལྡན་གྱི་ཐུགས་ཀར་འོད་སྲུང་གི་རིང་སྲེལ་བྲེ་གང་དང་། ཤར་རིའི་བུ་དང་། མོའུ་འགལ་བུའི་ཆོས་གོས་བཞུགས་སུ་གསོལ་ཞེས་གྲགས་པ་དང་དེ་འབྲེལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ཞྭ་དམར་སྐུ་ཕྲེང་བཞི་པའི་ཕོ་བྲང་ཟུར་བཞི་ལོག་བརྒྱད་ཅེས་པའི་ནང་ཡུམ་སྒྱུ་མ་ལྷ་མཛེས་ལ་སངས་རྒྱས་སྐུ་བལྟམས་སྐབས་ཕྱག་འཆང་གནང་བའི་ཙནྡ་ཀ་ཤུ་ཀའི་གྷ་དྷི་དང་བླ་བྲང་ནང་[page 155] གསེར་ཟངས་ཀྱི་བྱམས་པ་ཐོག་སོ་གསུམ་ལྡན། དངུལ་གདུང་ལྷ་ཁང་ནང་བཀའ་བརྒྱུད་བླ་རབས་ཀྱི་ཞལ་ཐང་བཞི་བཅུ་ལྷག ཞྭ་དམར་སྐུ་ཕྲེང་གསུམ་པ་ནས་ལྔ་པ་བར་གྱི་གདུང་རྟེན(སྐུ་ཕྲེང་དང་པོ་གནས་ནང་དང་། གཉིས་པ་མཚུར་ཕུར་བཞུགས་ཞེས་གསུངས)ཆོས་ཕྱོགས་ཐད་དུས་འབྲེལ་གྱི་གསོ་སྦྱོང་མི་ཉམས་པའི་ཐོག ཡིད་དམ་སྤྱན་རས་ཟིགས་རྒྱལ་བ་རྒྱ་མཚོ་དང་། བདེ་མཆོག་རྡོ་རྗེ་ཕག་མོ་བཅས་རྒྱལ་བདེ་ཕག་གསུམ་གྱི་སྒོ་ནས་སྔགས་ཆོག་ཕྱག་བཞེད་མཛད། དེ་རྗེས་ཆུ་བྱིར་གོར་དམག་སྐབས་དབུ་ཉེས་བྱུང་བ་དང་། སྲིད་སྐྱོང་ཀུན་གླིང་རྟ་ཚག་བསྟན་པའི་མགོན་པོའི་དུས་དགེ་ལྡན་ལུགས་སུ་བསྒྱུར་བ་གནང་། དབྱར་གར་དབྱེའི་སྐབས་སྦྱིན་བདག་ཀུན་བདེ་གླིང་ནས་མཛད་དེ་ཛ་སག་ཀྱང་ཕེབས་སྲོལ་ཡོད། ད་ལྟ་སྔོན་གྱི་ཕྱི་བརྩིག་སྟེང་ཉམས་གསོ་ཞུས་པའི་འདུ་ཁང་ནང་འཇིམ་གྱི་ཐུབ་དབང་ཐོག་སོ་ཉིས་ལྡན་ཉན་ཐོས་གཉིས་དང་བཅས་པ་གསར་བཞེངས་དང་། སྔོན་གྱི་ཞྭ་དམར་གྱི་སྐུ་བརྙན་ཁྲུ་གང་པ། ཡང་ཐོག་དངུལ་གདུང་ལྷ་ཁང་ནང་སྐུ་ཕྲེང་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པའི་གདུང་རྟེན། བཀའ་བརྒྱུད་གསེར་ཕྲེང་ཞེས་པའི་བླ་རབས་ཀྱི་ཞལ་ཐང་བཞི་བཅུ་ཞེ་གཅིག་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་ཀརྨ་བཀའ་བརྒྱུད་ཀྱི་བཙུན་མའི་དགོན། རྡོ་རྗེ་གླིང་ཞེས་པ་དང་། ཡང་དེ་ནས་ཆུ་ཚོད་བཞི་ཙམ་སོང་ན་གུ་རུ་སྒྲུབ་ཁང་ཞེས་པའི་བཙུན་དགོན་གཞོང་ཆུ་ཕུ་ཞེས་པར་འཕྱིང་གུར་སྒྲུབ་ཁང་ཞེས་གུ་རུའི་སྒྲུབ་ཁང་སོགས་མཇལ་རྒྱུ་ཡོད།

སྒ་ལོ་དགོན།

མཚན་རྒྱས་པར་བསམ་གཏན་སྒ་ལོ་མཁའ་སྤྱོད་ཐར་པ་གླིང་ཞེས་ཞུ། སྒ་ལོ་ཞེས་པ་ནི། སྒ་ལོ་ཙ་བ་མཐུ་སྟོབས་དབང་ཕྱུག་གིས་ཕྱག་བཏབ་གནང་བས་དགོན་མིང་ལ་དེ་ལྟར་ཐོགས། ཡངས་པ་ཅན་ནས་འདམ་གཞུང་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་དེ་ནས་ལམ་ཀྱོག་[page 156] སྟེ་བྱང་ངོས་སུ་སྤྱི་ལེ་བཞི་ལྔ་ཙམ་སོང་ན་ལུག་རྫི་ཆུ་དཀར་བེམ་མོ་ཞེས་པའི་རི་འདེབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་ཕོ་དགོན་ཞིག་ད་ལྟའི་དགོན་དེའི་རྒྱབ་རིའི་ལྡེབས་སུ་ཡོད་པ་ལ། དེ་རྗེས་ཀརྨ་པ་དུས་གསུམ་མཁྱེན་པ་ད་ལྟའི་དགོན་དེ་ཆགས་ཡུལ་དུ་ཕེབས་པས་ཕོ་རོག་གཅིག་གིས་གྲོག་སྐད་དང་བཅས་གཡུ་ཞིག་བསྐྱུགས་པས་ཀརྨ་པས་ད་ངའི་དགོན་པ་གནས་འདིར་འདེབས་དགོས་ཀྱི་འདུག་ཐུགས་ལ་དགོངས་ནས་ཕོ་དགོན་ཞིག་ཕྱག་འདེབས་གནང་མཛད་ཀྱང་རིམ་བཞིན་ཉམས་ཆག་བྱུང་སྟེ་དགོན་པ་ཐོར། དེ་རྗེས་སྟོད་ནས་ཕེབས་པའི་མཁའ་འགྲོ་མ་ཞིག་གནས་དེར་བཞུགས་པ་ནས་བཟུང་བཙུན་མ་གྲངས་བརྒྱད་ཅུ་སྐོར་འདུས་ནས་ཀརྨ་བཀའ་བརྒྱུད་ཕྱག་ལེན་གནང་བའི་མཚུར་ཕུའི་དགོན་ལག་བཙུན་དགོན་ཞིག་ཏུ་འགྱུར།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་ཀརྨ་པ་རོལ་པའི་རྡོ་རྗེའི་སྐུ་བརྙན་བྲིས་མ་དང་གསར་བཞེངས་སྟོན་པའི་སྐུ་བརྙན་དང་། གུ་རུ། མར་མེ་དྭགས་གསུམ་བཅས་ཀྱི་འཇིམ་སྐུ་མཇལ་རྒྱུ་ཡོད།

ལ་ཐོག་སྒར་པ།

སྒ་ལོ་ནས་སྣུམ་ནག་འཁོར་ལམ་བརྒྱུད་འདམ་གཞུང་ཕྱོགས་སུ་སྤྱི་ལེ་བཅུ་གྲངས་ཙམ་བསྐྱོད་ན་ལམ་ཟུར་དུ་ལ་ཐོག་སྒར་པ་ཞེས་པ་དེ་ཡོད། དགོན་དེ་ནི་སྡིང་ཁ་དགོན་པའི་ཁོངས་ཡིན། འདམ་གཞུང་བརྒྱུད་དུ་སྡིང་ཁ་དགོན་གྱི་སྒར་པ་ཁག་ལྔ་ཡོད་པ་ནི། ལ་ཐོག་སྒར་དང་། ཟམ་གསར་སྒར། སྦུག་པ་སྒར། སྤང་ཁ་སྒར། འདམ་སྒར་བཅས་སྒར་ཁག་ལྔ་ཡོད། སྒར་ཁག་རེར་སྡིང་ཁ་དགོན་གྱི་དགེ་འདུན་ལྔ་རེ་ལོ་གསུམ་རེ་བཞུགས་ཏེ་དེ་ཁུལ་གཤིན་པོའི་རྗེས་འཇུག་དང་། གསོན་པོའི་ཞབས་རིམ་བསྒྲུབ་གནང་དགོས། སྔོན་འདུ་ཁང་ཀ་བཞིའི་ནང་འབུམ་བྲིས་མ་དང་། རྣམ་སྲས་དམར་པོའི་ཞལ་ཐང་། ཀརྨ་གླིང་ཞི་ཁྲོའི་ཙཱ་ལི་སོགས་ཡོད།

ད་ལྟ་སྔོན་གྱི་ས་མལ་དེར་གསར་བཞེངས་གནང་བའི་འདུ་ཁང་ནང་[page 157] འཇིམ་གྱི་གུ་རུའི་སྐུ་བརྙན་མི་ཚད་མ་གཙོ་བོར་གྱུར་པའི་གུ་རུའི་སྐུ་བརྙན་སྟོང་ཚར་དང་། བཀའ་འགྱུར་དཔར་མ་སོགས་མཇལ་རྒྱུ་ཡོད།

གནམ་མཚོ།

མཚན་རྒྱས་པར་གནམ་ཨ་སྔོན་ཐང་ལ་ལྷུང་འདྲ་ནི། བྱང་གི་གནམ་མཚོ་ཕྱུག་མོ་ཡིན་ཞེས་ཞུ། ད་ལྟའི་འདམ་གཞུང་རྫོང་གི་བྱང་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་ལ་རྒན་ལ་ཞེས་པ་བརྒྱབ་སྟེ་སྤྱི་ལེ་བདུན་ཅུ་དོན་ལྔ་ཙམ་སོང་ན་གནམ་མཚོར་སླེབས། མཚོ་དེ་ནི་བོད་རང་སྐྱོང་ལྗོངས་ཁོངས་གྱི་ཚྭ་མེད་མཚེའུ་ཆེ་ཤོས་དེ་ཡིན་པ་དང་། མཚོ་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་༡༩༢༠ཙམ་ཡོད་པ་དང་། བརྒྱ་ཆ་བཞི་བཅུ་ཞེ་ལྔ་འདམ་གཞུང་རྫོང་གི་ཁོངས་སུ་གཏོགས། དེ་འཕྲོས་དཔལ་མགོན་རྫོང་ཁོངས་ཡིན། མཚོ་ངོས་ཀྱི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༡༡༨ཡིན། གནམ་མཚོ་ནི། གཉན་ཆེན་ཐང་ལྷའི་འདབས་སམ་བྱང་ངོས་སུ་ཡོད་པས་གཉན་ཆེན་ཐང་ལྷའི་བཙུན་མོ་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་རྡོ་རྗེ་ཀུན་གྲགས་མ་ཞེས་ཞུ་བ་དེ་ཡིན་གསུངས་ལ་མཚོའི་དབྱིབས་ཀྱང་རྡོ་རྗེ་ཀུན་གྲགས་པའི་བཞུགས་སྟབས་ལྟར་ཡོད། གཉན་ཆེན་ཐང་ལྷ་ནི་སྲིད་པའི་ལྷ་ཆེན་འོལ་དེ་གུང་རྒྱལ་གྱི་སྲས་ཡིན་ཅིང་ཆོས་རྒྱལ་སྲོང་བཙན་དང་། ཁྲི་སྲོང་ལྡེའུ་བཙན་སོགས་ཀྱིས་བསྟེན་པའི་སྲིད་པའི་ལྷ་དགུའི་གྲས་ཡིན། ཐང་ལྷའི་བཙུན་མོ་གནམ་མཚོ་སྟེ་བསྟན་མ་རྡོ་རྗེ་ཀུན་གྲགས་མ་སོགས་གུ་རུ་རིན་པོ་ཆེས་དམ་འདོགས་གནང་བའི་བོད་སྐྱོང་ལྷ་སྲུང་ཡིན། གཞནཡང་“གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞགཿ”ཅེས་པའི་གཅིག་ནི་གནམ་མཚོ་ཡིན་ལ། པུར་རྒྱལ་བོད་ཀྱི་ལྗོངས་འདིར་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་གནས་ཏེ། སྐུའི་གནས་མཆོག་གངས་དཀར་ཏི་སི་དང་། གསུང་གི་གནས་མཆོག་གནམ་མཚོ་ཕྱུག་མོ(ལ་ལར་ལ་ཕྱི་གངས་ཀྱང་གསུངས་)ཐུགས་ཀྱི་གནས་མཆོག་ཙཱ་རི་ཊ་ཞེས་གྲགས་པ་ལས་གསུང་གི་གནས་གནམ་མཚོ་ལའང་སྐུ་ཡི་གནས་མཆོག་བཀྲ་ཤིས་དོ་བ་ཆེ་དང་། གསུང་གི་[page 158] གནས་མཆོག་བྱ་དོ་ནམ་མཁའ་དོ། ཐུགས་ཀྱི་གནས་མཆོག་མ་ཆགས་སེ་མོ་དོ་བཅས་ཚང་ནས་ཡོད་གསུང་། གཙོ་བོ་ཤར་ཀྱི་བཀྲ་ཤིས་དོ་ནི་མཚོ་སྒོ་ཡིན་ཞེས་ངོ་མཚར་ཆེ་བའི་རི་འབུར་གཉིས་ཆགས་ཡོད་པ་དང་ཤར་ཀྱི་རི་འབུར་ནི་ཁྲོ་བོ་ཁྲག་འཐུང་བཅུ་གཉིས་དང་། ནུབ་ཀྱི་རི་འབུར་ནི་ཞི་བ་བདུན་བཅུ་རྩ་ལྔ་ཡིན་ཞེས་གསུངས། ངོ་མཚར་ཆེ་བའི་བྲག་རི་ཀ་བ་ལྟར་ཀེར་རེར་ལངས་ཡོད་པ་ནི། བསྟན་མའི་སྒོ་སྲུང་ཡིན་ཞེས་དབུས་སུ་གུ་རུའི་སྒྲུབ་ཕུག་ནང་གུ་རུའི་སྐུ་བརྙན་དང་། དེ་ནས་གཡས་སྐོར་དུ་འགྲོ་དུས་ནུབ་ཏུ་ཆུ་སྒོ་སྟེ་དེར་ཁ་དང་ལག་པ་ཁྲུ་བ། དེ་ནས་གུ་རུ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྟག་ལུང་མ་རིན་པོ་ཆེ་སོགས་ཀྱི་སྒྲུབ་ཕུག རྒ་ལོའི་གཟིམས་ཕུག མགོན་པོ་ཕུག སྒྲོལ་མ་ཕུག ཨོ་རྒྱན་ཕུག བཀའ་ཐང་ཕུག ཞབས་དྲུང་ཕུག བར་དོའི་ཕྲང་ལ་སོགས་པ་ངོ་མཚར་ཆེ་བའི་ཕུག་པ་དང་རང་བྱོན་མང་པོ། གཞན་ཡང་མཚོ་དེའི་ལྷོ་ལ་གུར་ཆུང་དགོན་པ། ནུབ་ལ་དོ་རྒྱ་དགོན་པ། བྱང་ལ་བྱ་དོ་དགོན་པ། ཤར་ལ་བཀྲ་ཤིས་དོ་བོ་ཆེ་བཅས་མཚོ་སྒོ་བཞིའི་ཚུལ་དུ་མཐའ་འཁོར་དུ་ཡོད། ལུག་ལོའི་འཁོར་ཆེན་ཞེས་པ་ནི། སྤྱིར་གནས་སོ་སོར་གནས་ལོ་ཞེས་གནས་སྒོ་འབྱེད་པའི་ལོ་དེ་གནས་ལོར་རྩིས་སྟབས་གངས་དཀར་ཏི་སི་རྟ་ལོ་དང་། གནམ་མཚོ་ལུག་ལོ། ཙཱ་རི་སྤྲེལ་ལོ་བཅས་ཡིན། གནམ་མཚོའི་སྐོར་ཆེན་སྐབས་གཉན་ཆེན་ཐང་ལྷའི་རི་བོ་དང་མཚོ་གཉིས་ཀ་བསྐོར་དགོས་པས་རྐང་ཐང་མར་ཉིན་༡༥-༢༥ཙམ་འགོར། མཚོ་གཅིག་པོ་བསྐོར་ན་རྐང་ཐང་གྱི་ཉིན་7-9བར་འགོར། སྐོར་དུས་ནི་ནམ་སྐོར་དབྱེ་བ་མེད་ཀྱང་མི་ཚོགས་མང་ཤོས་ནི་བོད་ཟླ་བཞི་པ་དང་ལྔ་པར་ཡིན། སེ་མོ་དོ་མཚོ་དཀྱིལ་དུ་ཡོད་སྟབས་དབྱར་དུས་མཇལ་བར་བསྐྱོད་མི་ཐུབ་པ་ལས། གཞན་རྣམས་མཇལ་ཐུབ་ལ་གནས་ལོར་བསྐོར་ན་ཕན་ཡོན་ཆེ་བ་སོགས་གསུངས་སོ།[page 159]

རྐྱང་རག་དགོན།

ད་ལྟའི་འདམ་གཞུང་རྫོང་ནས་སྤྱི་ལེ་བདུན་བརྒྱད་ཙམ་བྱང་ཤར་མཚམས་སུ་སོང་ན་གད་པའི་ལོགས་སུ་དགོན་དེ་མཇལ་རྒྱུ་ཡོད། རྐྱང་རག་ཅེས་པ་ནི། ཐོག་མར་པཎ་ཆེན་དཔལ་ལྡན་ཡེ་ཤེས་རི་དེའི་ཕར་ཕྱོགས་སྤང་སྟེང་དུ་བཞུགས་སྟེ་ཆུ་བརྒྱུད་དུ་གསུང་གཏོར་གནང་སྐབས་དེ་དང་ཉེ་བར་རྐྱང་རག་པ་ཞིག་ཉལ་ནས་བསྡད་པས་བླ་མས་དེའི་སྟེང་དུ་གན་ལྡེ་བཀལ་གནང་བས་རྐྱང་དེས་གན་ལྡེ་འཁྱེར་ཏེ་ད་ལྟའི་དགོན་པ་ཆགས་ཡུལ་དུ་ཐིམ་པས་དེར་དགོན་དེ་ཕྱག་བཏབ་གནང་བ་དང་མཚན་ལ་རྐྱང་རག་དགོན་ཞེས་གསོལ་སྟབས་རྐྱང་རག་ཅེས་པ་དེ་ནས་བྱུང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་གནས་དེར་ཡུན་རིང་བཞུགས་ཤིང་རི་བོ་དགེ་ལྡན་པའི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། དེ་རྗེས་དགེ་འདུན་ཞལ་གྲངས་སུམ་ཅུ་ཙམ་གྱིས་སེར་སྔགས་གྲྭ་ཚང་བཞིན་གྱི་ཕྱག་བཞེད་གནང་། སྔོན་དགོན་དེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གཤང་ཁྲག་གིས་བྲིས་གནང་བའི་དཔལ་ལྡན་ལྷ་མོའི་སྐུ་བརྙན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཕྱག་བཟོ་འཇིམ་གྱི་ལྷ་མོའི་སྐུ་བརྙན་བརྐྱང་ཁྲུ་གང་ཙམ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ཡོད།

ད་ལྟ་སྔོན་གྱི་རྩིག་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་ལོ་གཅིག་ལ་ཞལ་འབྱེ་ཐེངས་གཅིག་ལས་མི་ཞུ་བའི་སྔོན་གྱི་ལྷ་མོའི་སྐུ་བརྙན་དེ་དང་། ཇོ་བོའི་སྐུ་བརྙན། འཇིམ་གྱི་རྗེ་ཡབ་སྲས་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཁང་དམར་དགོན།

མཚན་རྒྱས་པར་དགའ་ལྡན་ཐེག་ཆེན་བཤད་སྒྲུབ་དགའ་ཚལ་གླིང་ཞེས་ཞུ། ད་ལྟའི་འདམ་གཞུང་རྫོང་ནས་བྱང་ཤར་མཚམས་སུ་སྤྱི་ལེ་སུམ་ཅུ་ལྷག་ཙམ་སོང་ན་ཁང་དམར་ཞེས་པའི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་རྒྱལ་པོ་ལྷ་བཟང་ཧན་དབྱར་ཁ་[page 160] འདམ་གཞུང་དུ་བཞུགས་སྐབས་སྦྱིན་བདག་མཛད་དེ་མ་ཎི་ལྷ་ཁང་ཞིག་ཡོད་པ་ལ་དེ་རྗེས་ཁང་དམར་མཚམས་སྤྲུལ་བློ་བཟང་ཉི་མ་ཞུ་བ་སྐུ་མཚམས་ཁོ་ནར་བཞུགས་པའི་བླ་མ་ཞིག་གིས་དགོན་དེ་ཕྱག་བཏབ་གནང་མཛད། ད་ལྟའི་བསྟན་འཛིན་འཇིགས་མེད་བར་མཚམས་སྤྲུལ་སྐུ་ཕྲེང་གསུམ་བྱུང་། རི་བོ་དགེ་ལུགས་ཀྱི་ཕྱག་བཞེད་མཛད་ཅིང་སེ་ར་སྔགས་པའི་ཁོངས་ཡིན། དགེ་འདུན་ཞལ་གྲངས་སུམ་ཅུ་སྐོར་ཡོད། སྔོན་ད་ལྟའི་དགོན་དེའི་གཡས་ངོས་སུ་འདུ་ཁང་ཆུང་ཆུང་ཞིག་ཡོད་པ་ལ་༡༩༥༧ལོར་འདུ་ཁང་ཀ་བ་བཅུ་དྲུག་གསར་བཞེངས་གནང་བའི་གཙང་ཁང་སྦུག་མར་འཇིགས་བྱེད་དཔའ་བོ་གཅིག་པའི་སྐུ་བརྙན་དང་། འདུ་ཁང་ནང་སྐུ་རྒྱུ་ཙན་དན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བརྐྱང་ཁྲུ་གང་ལྷག་ཙམ་བྱས་པ་སོགས་རྟེན་སྐུ་ཇི་སྙེད་བཞུགས།

ད་ལྟ་སྔོན་གྱི་འདུ་ཁང་དེ་རང་ལ་ཉམས་གསོ་གནང་བའི་གཙང་ཁང་སྦུག་མར་སྐུ་རྒྱུ་འཇིམ་ལས་སྒྲུབ་པའི་བདེ་གསང་འཇིགས་གསུམ་གྱི་སྐུ་བརྙན་ཐོག་སོ་གཉིས་ལྡན་དང་། ཁའ་སྤྱོད་མ། རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་བརྙན་དང་། འདུ་ཁང་ནང་སྔོན་གྱི་ཐུགས་རྗེ་ཆེན་པོའི་སྐུ་བརྙན་དེ་རང་དང་། སྐྱབས་རྗེ་ཕ་བོང་ཁ། དེའི་གཡས་སུ་ཡོངས་འཛིན་གླིང་རིན་པོ་ཆེ་དང་། གཡོན་དུ་ཁྲི་བྱང་རིན་པོ་ཆེ། དེ་བཞིན་ཀུན་རིགས་དང་། མཚམས་སྤྲུལ་སྐུ་ཐོག་གཉིས་པའི་སྐུ་བརྙན། སྒྲོལ་དཀར་གྱི་སྐུ་བརྙན་བཅས་དང་། མགོན་ཁང་ནང་མགོན་པོ་ཕྱག་དྲུག་དང་། དམ་ཅན་ཆོས་རྒྱལ། རྣམ་སྲས། དཔལ་ལྡན་ལྷ་མོ། ཚངས་པ་སོགས་འཇིམ་སྐུ་གསར་བཞེངས་གནང་བ་མང་པོ་མཇལ་རྒྱུ་ཡོད།[page 161]

ལྷུན་གྲུབ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

གྲབ་གསེར་དགོན། ཁམས་ལུང་རི་ཁྲོད། ཆོས་སྡིངས་དགོན། དགའ་ལྡན་ཆོས་འཁོར། ལྕགས་རི་དགོན། གླང་ཐང་དགོན། ན་ལེནྡྲ། དཔལ་ལྡན་རྩེ། ར་མ་བྱམས་ཁང་། ༡༠ གྲུབ་རྒྱལ་དགོན། ༡༡ ལོ་ཙཱ་དགོན། ༡༢ རྒྱལ་ལྷ་ཁང་། ༡༣ སྤྱན་ལེགས་བྱམས་ཁང་། ༡༤ ན་མོ་དགོན། ༡༥ སེ་སྨུག་དགོན། ༡༦ སྣེ་མོ་དགོན། ༡༧ གཟིམ་ཁུག་དགོན། ༡༨ བསམ་གཏན་སྟེང་། ༡༩ དགོན་པ་གསར་པ། ༢༠ ལྷ་མོ་ཁང་། ༢༡ ཤར་དགོན། ༢༢ སྣ་མཁར་དགོན། ༢༣ འབྲི་ལུང་དགོན། ༢༤ རྒྱ་བྲག་དགོན། ༢༥ སྣེ་ཟུར་དགོན། ༢༦ པོ་ཏོ་དགོན། ༢༧ བྲག་རྒྱབ་དགོན། ༢༨ སྟག་ལུང་དགོན། ༢༩ རྭ་སྒྲེང་དགོན། ༣༠ བསམ་གཏན་གླིང་། ༣༡ ཇོ་གདན་དགོན། ༣༢ འབེན་རྫ་དགོན། ༣༣ ཆག་མ། ༣༤ ཕོད་མདོ། ༣༥ ○ ལྷུན་གྲུབ་རྫོང་།[page 162]

ལྷུན་གྲུབ་རྫོང་།

ལྷུན་གྲུབ་ཅེས་པ་ནི། མ་བསྒྲུབ་ལྷུན་གྱིས་གྲུབ་པའི་དོན་དུ་གོ་ཞིང་སྔོན་མིང་ལྷུན་གྲུབ་རྫོང་གི་མིང་རང་སོར་བཞག་པ་དང་། སྔོན་གྱི་ལྷུན་གྲུབ་རྫོང་ནི་ད་ལྟའི་རྫོང་གནས་ཡུལ་ནས་བྱང་ངོས་ཆག་ལའི་ཕྱོགས་སུ་སོང་ན་སྤྱི་ལེ་བཞི་ལྔ་ཙམ་གྱི་ས་ན་རྫོང་ཞོལ་ཞེས་པར་ཡོད། ད་ལྟའི་རྫོང་གནས་ཡུལ་ནི་ལྷ་ས་ནས་སྤྱི་ལེ་༦༥ཙམ་སོང་ན་འཕན་པོ་དགའ་ལྡན་ཆོས་འཁོར་དུ་གནས་ཡོད། རྫོང་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་༤༥༡༧དང་ས་ཞིང་མུའུ་ཁྲི༡༨རྩྭ་ཐང་མུའུ་༣༧༡༨ཤིང་ནགས་རྒྱ་ཁྱོན་མུའུ་༡༣༢མི་འབོར་ཁྲི་.ལ་ཉེ་བ་ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༩༠༠ཙམ་མཐོ་བའི་ས་བབས་ཅན་གྱི་ཞིང་ལས་གཙོ་བོར་བྱེད་ལ་ས་མ་འབྲོག་གི་རྫོང་ཞིག་ཡིན།

གྲབ་གསེར་ཁང་།

བྲག་རའི་ཟམ་པའམ་བ་རའི་ཟམ་པ་མ་ཐོན་པར་ནུབ་ངོས་དེ་གོང་གྲོང་ཚོ་ནས་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་ནུབ་ངོས་སུ་འཛེགས་ན་དགོན་དེར་སླེབས་ཀྱི་རེད།

དེ་གོང་ཞེས་པ་ནི། ཨ་ཁུ་སྟོན་པ་གནས་དེར་ཕེབས་སྐབས་ད་ང་དེའི་གོང་དུ་མི་འགྲོ་ཞེས་གསུངས་པས་དེ་གོང་ཞེས་པ་དེ་ལྟར་ཐོགས། དགོན་དེ་ནི་ཐོག་མར་རྗེ་བཙུན་རེད་མདའ་བས་ཕྱག་བཏབ་གནང་བ་དང་། དེ་རྗེས་དགའ་ལྡན་གསེར་སྐོང་ཁང་ཚན་དང་ཉེ་ལོག་ཏུ་གྱུར། གསེར་ཁང་ཞེས་པ་ནི། ཐོག་མར་རེད་མདའ་བར་སྦྱིན་བདག་སྲས་ཤིག་བྱུང་བས་སྲས་དགོན་ཞེས་པ་ནས་[page 163] རྗེས་སུ་རིམ་བཞིན་གསེར་ཁང་ཞེས་པར་མཚན་འགྱུར། སྔོན་འདུ་ཁང་ཀ་བ་ཉི་ཤུའི་སྦུག་གི་བྱམས་ཁང་ནང་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་ཅན་གྱི་ཐུགས་ཀར་བྱམས་པ་གསུང་བྱོན་ཞིག་ཡོད་པས་སྔོན་སྡེ་པ་གཞུང་གི་འཕྲོག་རྩིས་བྱས་ཀྱང་མ་རྙེད། བྱམས་པ་དེ་ཐོག་མར་སྐྱར་པོ་རྒྱ་རུ་ཚལ་གྱི་ལུག་རྫི་ཞིག་ལ་རྙེད་པས་བྱམས་པས་གསུང་བྱོན་ཏེ་ང་ཉི་མའི་ཤར་དུ་ཁྱེར་ཞིག་གསུངས་པར་ཐོག་མར་གཙུག་ལག་ཁང་དུ་གདན་དྲངས་པས་ང་དེར་མི་སྡོད་གསུངས། དེ་ནས་དགའ་ལྡན་དུ་གདན་འདྲེན་རྩིས་བྱས་པར་ང་དེར་ཡང་མི་འགྲོ་གསུངས། དེ་ནས་ལུག་རྫིས་བ་རའི་ཟམ་པའི་ཞོགས་སུ་དུར་ཁྲོད་ཅིག་ཡོད་པ་དེར་ངལ་གསོས་ནས་སྡོད་སྐབས་བྱམས་པའི་སྐུ་བརྙན་དེས། ཁྱོད་རང་ཡར་ལྟོས་དང་ཡ་ཀིར་ཕོ་རོག་གིས་གྲོགས་སྐད་རྒྱག་ས་དེར་ང་སྐྱོལ་དང་གསུངས་པས་དེར་གདན་དྲངས། དགོན་དེར་མ་སླེབས་ཙམ་དུ་ལུག་རྫི་དཀའ་ལས་ཁག་པས་ཁྱོད་རང་ཡར་ཙམ་སོང་དང་། ངས་ཆུ་ཞིག་བཏོན་ཆོག་གསུངས་པ་ལྟར་སྨན་ཆུའི་ཆུ་མིག་ཅེས་དུས་བཞིར་མི་ཆད་པའི་ཆུ་མིག་ཞིག་བཏོན་གནང་མཛད། བྱམས་པ་གསུངས་བྱོན་མའང་དགོན་དེར་གདན་དྲངས། ཡང་དགོན་དེའི་མདུན་རིའི་འོག་ནས་མི་ཞིག་གྱིས་ཚེར་མ་བཀོག་བཞིན་པའི་སྐབས་ཨ་ཚ་ཞེས་གསུང་བྱོན་པས་ལྟ་དུས་སྐུ་རྒྱུ་ལི་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཕྲུ་གང་ཙམ་ཞིག་ཐོན་པ་དེ་དང་བྱམས་པ་གསུངས་བྱོན་མ་བཅས་སྐུ་གསུང་བྱོན་མ་གཉིས་ཀྱིས་གཙོས་རྟེན་གསུམ་མང་པོ་བཞུགས། སྔོན་གཞུང་དགོན་ཡིན་སྟབས་སྨོན་ལམ་དང་ཚོགས་མཆོད་དུའང་ཕེབས་དགོས། དགེ་འདུན་ཞལ་གྲངས་བརྒྱད་ཅུ་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་མདོ་སྔགས་གཉིས་ཀ་ཕྱག་བཞེད་མཛད་སྲོལ་ཡོད། ལོ་ལྟར་བོད་ཟླ་༡༢ཚེས༢༨.༢༩སོ་སོར་ལྷ་མགོན་ཆོས་གསུམ་གྱི་སྒོ་ནས་གར་འཆམ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 164]

ཡང་བ་རའི་ཟམ་པ་ནས་སྤྱི་ལེ་གསུམ་ཙམ་འཁོར་ལམ་བརྒྱུད་སོང་ན་དགེ་བཤེས་རས་ལུང་པའི་སྐུ་གདུང་བཞུགས་པའི་ར་ལུང་མཆོད་རྟེན་རྣམ་དྲུག་ཉམས་གསོ་གནང་བ་དང་། མཆོད་རྟེན་ཆེ་བའི་ནང་ར་ལུང་པའི་སྐུ་གདུང་ད་ལྟའང་བཞུགས་ཞེས་གསུངས། དགེ་བཤེས་རས་ལུང་པར་ར་ལུང་བསྟན་པ་ལྟར་ཡུར་བ་གྲོང་ཚོར་ཕེབས་སྐབས་སྙུན་གཞི་བཞེས་མཐར་གནས་དེར་སྐུ་གཤེགས་ཞེས་གསུངས།

ཁམས་ལུང་རི་ཁྲོད།

ར་ལུང་མཆོད་རྟེན་ནས་ཡུལ་ལྔའི་མདའ་བར་སྤྱི་ལེ་བཅུ་དང་། དེ་གང་སྤྱི་ལེ་བཅུ་ཙམ་ཡུལ་ལྔའི་ཕུར་སོང་ན་ཁམས་ལུང་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། ཁམས་ལུང་ཞེས་པ་ནི། དགེ་བཤེས་ཁམས་ལུང་པའམ་གངས་པ་ཤཱཀྱའི་ཡོན་ཏན་ཞུ་བས་སྟོད་གངས་རིན་པོ་ཆེ་ནས་གངས་རྡོག་གཅིག་བསྣམས་ཕེབས་ཏེ་འདི་གང་དུ་ལྷུང་ཡང་དེར་དགོན་པ་ཞིག་འདེབས་ཀྱི་ཡིན་གསུངས་པས་གནས་དེར་ཕེབས་སྐབས་ད་ལྟའི་དགོན་དེའི་ཞོག་གཡས་ངོས་ཀྱི་ཕ་བོང་སྟེང་ཟགས་པས་ད་ངའི་དགོན་པ་འདིར་འདེབས་ཀྱི་ཡིན་གསུངས་པ་དང་རྗེས་སུ་དགོན་དེའི་མཚན་ལའང་ཁམས་ལུང་ཞེས་ཐོགས། དགོན་དེ་ནི་སྤྱི་ལོ་༡༡༡༥ལོར་ཕྱག་འདེབས་གནང་མཛད། གངས་པ་ཤཱཀྱའི་ཡོན་ཏན་སྐུ་ཕྲེང་བཞི་པ་འཇམ་དཔལ་བསྟན་འཛིན་བར་བྱུང་། སྔོན་དགེ་འདུན་བརྒྱད་གྲྭ་གཅིག་ཡོད་པ་དང་། སེར་བྱེས་གྲྭ་ཚང་གི་ཁུངས་ཡིན། སྔོན་འདུ་ཁང་ཀ་བ་བརྒྱད་ནང་རྟེན་དང་བརྟེན་པ་བཅས་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་སྨན་འདམ་གྱི་ཐུབ་དབང་དང་གངས་པ་ཤཱཀྱའི་ཡོན་ཏན་གྱི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད། ཡང་དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་ཕུལ་བྱུང་ཞེས་པར་དགེ་བཤེས་ཕུལ་བྱུང་བའི་གདན་སའི་ཤུལ་དུ་མཆོད་རྟེན་གསར་བཞེངས་གནང་བ་དང་། ཡང་དགོན་དེའི་ཤར་ངོས་སུ་བྲག་སྒོ་རབ་འབྱམས་ཀྱི་བཞུགས་གནས་[page 165] བསམ་རྩེ་དགོན་ཞེས་པའི་དགོན་ཤུལ་སོགས་མཇལ་རྒྱུ་ཡོད།

ཆོས་སྡིངས་དགོན།

མཚན་གཞན་ལ་སྤྱང་ལུང་ཆོས་སྡེ་ཞེས་ཞུ། སྤྱང་ལུང་ཞེས་པ་ནི་བཀའ་གདམས་པའི་དགེ་བཤེས་བརྒྱ་དང་བརྒྱད་ཀྱི་ནང་ནས་ཕུལ་དུ་བྱུང་བ་བདུན་གྱི་སྐུ་ན་བགྲེས་ཤོས་དེ་ཡིན་པ་དང་། གང་གི་རྩ་བའི་བླ་མ་སྒྲུབ་ཆེན་ཤྭ་བ་རི་པས་ཁྱོད་ཀྱི་གདུལ་བྱ་འཕན་པོ་ཞེས་ལུང་པ་རྟ་རོ་ཁ་ཕྱེས་པ་ལྟ་བུ་ཞིག་ཡོད་པས་དེར་སོང་ཞེས་པའི་བཀའ་ལྟར་ཐོག་མར་ད་ལྟའི་དགོན་གསར་གནས་ཡུལ་ཀླུ་རྒྱལ་ཞེས་པར་ཕེབས་ཏེ་འདིར་མིན་ནམ་སྙམ་སྟེ་ཞག་བདུན་བཞུགས། ཆིབས་སྣ་བཏགས་སའི་རྡོའི་སྣ་ལུང་བྲག་ལྡེབས་སུ་ཆིབས་སྣའི་ཞབས་རྗེས་ཀྱང་ཡོད། དེ་ནས་དེའི་ལྟག་ཏུ་དགོན་རྩེ་ཞེས་རིའི་སྟེང་དུ་ཕྱག་བཏབ་གནང་བའི་གྱང་རོ་ཡོད། དེ་ནས་ཉིན་ལྟར་གསུངས་གཏོར་གནང་ནས་བཞུགས་སྐབས་བྱ་རོག་ཅིག་གིས་གཏོར་སྡེར་འཁྱེར་ནས་སྔོན་གྱི་དགོན་རྙིང་ཡོད་ས་དེར་ཁྱེར་སོང་བ་འཚོལ་དུ་ཕེབས་སྐབས་སྤྱང་གི་མ་སྨད་དགུས་ལུང་བསྟན་པ་ལྟར་ཕེབས་པས་དེར་སྤྱང་ཚང་ཞིག་དང་ཐུག་པས་ད་ངའི་དགོན་པ་འདེབས་ས་འདིར་རེད་དགོངས་ནས་དགོན་པ་གནས་དེར་སྤོས་གནང་མཛད། དགོན་པའི་མཚན་ལ་སྤྱང་ལུང་ཆོས་སྡེ་ཞུ་བའང་དེ་ལྟར་བྱུང་། གཏོར་སྡེར་བྱ་རོག་གིས་ཁྱེར་སྟབས་བཀའ་སྲུང་མགོན་པོ་གུར་ཞལ་དུ་བཅོལ། སྔོན་འདུ་ཁང་ཀ་བ་བཅོ་བརྒྱད་ཀྱི་གཙང་ཁང་སྦུག་མར་དགྱེས་རྡོར་དང་། ཕྱག་རྡོར་འབྱུང་བསྡུས། མགོན་པོ་གུར་དང་། མགོན་པོ་ཞལ། ལྷ་མོ་འདོད་ཁམས་མ་སོགས་དང་། འདུ་ཁང་ནང་སྨྲ་སྟོན་རིན་ཆེན་ཤཱཀྱའམ་དགེ་བཤེས་སྤྱང་ལུང་བ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་བཞུགས་སུ་གསོལ་ཡོད། དགེ་འདུན་ཞལ་གྲངས་དོན་ལྔ་ཙམ་གྱིས་ཐོག་མར་ཇོ་བོ་བཀའ་གདམ་ལུགས་ནས་རྗེས་སུ་རི་བོ་དགེ་ལྡན་ཕྱག་བཞེད་གནང་གི་ཡོད། དགོན་བདག་རྭ་སྒྲེང་དགོན་ཡིན། བོད་ཟླ་༧ཚེས་༡༤.༡༥སོ་སོར་དཔལ་གསང་བ་འདུས་པའི་སྒོ་ནས་གར་འཆམ་[page 166] བསྐྱོན་སྲོལ་ཡོད། དེ་ནི་སྤྱང་ལུང་པ་སྐུ་གཤེགས་རྗེས་ཀྱི་གདུང་རྟེན་ལ་རབ་གནས་དང་སྦྲགས་གར་ཐིག་དབྱངས་གསུམ་གྱི་སྒོ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་འབུལ་གྱི་ཚུལ་དུ་ཡིན་གསུངས། ད་ལྟ་ཀླུ་རྒྱལ་ཞེས་པའི་ཡུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་སྔོན་མཚུངས་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ཡང་དགོན་དེ་དང་ཉེ་བའི་སྲི་འབུམ་ནང་ཞེས་པར་སྲི་འབུམ་ཞེས་པའི་དགོན་ཤུལ་ཞིག་ཀྱང་མཇལ་རྒྱུ་ཡོད།

དགའ་ལྡན་ཆོས་འཁོར།

མཚན་རྒྱས་པར། ཐང་སག་དགའ་ལྡན་ཆོས་འཁོར་ཞེས་ཞུ། ད་ལྟ་ལྷུན་གྲུབ་རྫོང་གི་ལྷོ་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐང་སག་ཅེས་པ་ནི། ཐོག་མར་དགོན་དེ་ད་ལྟའི་དགོན་དེའི་བྱང་ངོས་ཁུག་ཏུ་གྱང་གོག་ཅིག་ཡོད་པ་དེར་ཞང་ཡེ་ཤེས་འབྱུངགནས་བཞུགས། གནས་དེར་ཐང་ཡིན་པ་ལ་ཁ་རྒྱུན་དུ་སག་ཅེས་ཟེར་བས་དགོན་མིང་དུ་ཐང་སག་ཅེས་པའི་མཚན་ཐོགས། ཐོག་མར་རྙིང་དགོན་ཡིན་པ་ལ་འཇུན་གར་དམག་དུས་གཏོར་སྐྱོན་ཕོག་པ་དང་། དགོན་དེར་དགེ་བཤེས་པོ་ཏོ་བའི་ཐུགས་དམ་གྱི་རྟེན་ཐུབ་དབང་གི་སྐུ་ཞིག་ཡོད་པ་དེས་གསུངས་བྱོན་པ་ལ་ང་གཞི་ཀ་ཁྲ་མོའི་གླ་བའི་ཚལ་དུ་སྐྱོལ་ཅིག་གསུངས་པ་བཞིན་ད་ལྟའི་གནས་ཡུལ་དུ་སྤོས་གནང་མཛད། ཐུབ་དབང་གསུངས་བྱོན་མ་ནི། དཔལ་ལྡན་ཟླ་བ་གྲགས་པས་གནང་བའི་ཐུབ་སྐུ་གསུམ་ཡོད་པ་ལས་གཅིག་སྟོད་ལུང་ལམ་པ་དགོན་དུ་ཡོད་པ་དང་། གཅིག་ཐུབ་སྐུ་དེ་ཉིད་ཡིན་ཞེས་གསུངས། གཞན་ཡང་པོ་ཏོ་བའི་ཤུག་པའི་ཕྱག་རྒྱུག་རྭ་སྒྲེང་ནས་བསྣམས་ཕེབས་ཏེ་ཐབ་ཀྱོག་ནང་བཙུགས་གནང་བ་དེ་མར་སྐྱེས་པའི་ཤུག་སྡོང་ད་ལྟའང་མཇལ་རྒྱུ་ཡོད། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་དགེ་ལུགས་བསྒྱུར་གནང་བ། ལོ་ལྟར་བོད་ཟླ་༡༡ཚེས་༢༨.༢༩སོ་སོར་སྒྲུབ་པ་བཀའ་བརྒྱད་ཀྱི་སྒོ་ནས་གར་འཆམ་བསྐྱོན་སྲོལ་ཡོད་པ་ནི། སྔོན་རྙིང་དགོན་གྱི་[page 167] ཕྱག་བཞེད་ས་བཅད་མ་སྟོང་ཙམ་ཡིན་ཞེས་གསུངས་ལ་བཅའ་ཡིག་ཀྱང་རྒྱལ་བ་ལྔ་པས་བཟོ་གནང་མཛད། སྔོན་དགེ་འདུན་སུམ་བརྒྱ་ལྷག་གིས་གཙོ་བོ་དགེ་ལུགས་ཕྱག་བཞེད་མཛད་པ་ལ་རྙིང་མའང་ཕྱག་བཞེད་མཛད་ཀྱི་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་གི་གཙང་ཁང་སྦུག་མར་རྟེན་གཙོ་གོང་གསལ་པོ་ཏོ་བའི་ཐུགས་དམ་རྟེན་ཐུབ་པ་གསུངས་བྱོན་མ་སྐུ་རྒྱུ་ལི་ལས་གྲུབ་པ་ཕྲུ་གང་ཙམ་དེ་དང་། དུས་གསུམ་སངས་རྒྱས། འདུ་ཁང་ནང་སྨན་བླའི་དཀྱིལ་འཁོར་ལངས་གཟུགས་མ་སོགས་དང་། པོ་དཀར་བླ་མ་ངག་དབང་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བཞེངས་གནང་བའི་འདུ་ཁང་ལྷོ་ངོས་སུ་བྱམས་ཁང་ཐོག་སོ་གསུམ་ཐོག་ནང་འཇིམ་ལས་བཞེངས་པའི་རྒྱལ་བ་བྱམས་པའི་སྐུ་བརྙན། འདུ་ཁང་གི་བྱང་ངོས་སུ་དགའ་ཚལ་གཡུལ་རྒྱལ་ལྕོག་ནང་ཆོས་བློན་ཞེས་པ་དང་། ཙིའུ་དམར་པོ། བཀའ་དྲུང་ཞེས་ཆོས་བློན་གྱི་བློན་པོ། ཇག་པ་མེ་ལེན་སོགས་ཡོད། ཆོས་བློན་ཞེས་པ་ནི། ཐོག་མར་མངའ་བདག་ཁྲི་རལ་གྱི་བློན་པོ་ཡིན་པ་དང་། གནས་དེར་བྲོས་ཕེབས་ནས་ལྕགས་སྲོག་སྒྲུབ་གནང་བས་སྤྱི་གཙུག་ཏུ་ཁབ་སྦོམ་ཙམ་ཞིག་འགྲུབ་མ་སོང་ཞེས་གསུངས་པས། སྤྱི་གཙུག་ལ་ལྕགས་ཧྲེང་བཏབ་པས་བཀྲོངས་ཏེ་ཆུ་ལ་བསྐྱུར་བས་ཁོག་སྟོད་ཁོག་སྨད་སོ་སོར་ཁྱེར་ཞེས་གསུངས་སྲོལ་ཡོད།

ད་ལྟ་གསར་བཞེངས་གནང་བའི་སྔོན་གྱི་འདུ་ཁང་དེ་འདྲའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྔོན་གྱི་རྒྱལ་བ་བྱམས་པའི་སྐུ་ཚབ་ཀྱང་ད་ལྟའི་འདུ་ཁང་གསར་པའི་སྦུག་ཏུ་གསར་བཞེངས་གནང་བ་དང་། ལྕོག་ནི་སྔོན་གྱི་དེ་གའི་ནང་སྔོན་གྱི་སྲུང་མ་གོང་གསལ་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

ལྕགས་རི་དགོན།

མཚན་གཞན་ལ་རྒྱ་ལྕགས་རི་དགོན་ནམ་ལྕགས་རི་[page 168] གོང་དཀར་ཞེས་ཞུ། དགའ་ལྡན་ཆོས་འཁོར་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་ཙམ་སོང་ན་ཆོས་ཉིད་རྩེ་ཞེས་པའི་རི་བོའི་པང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ཕྱག་འདེབས་པ་པོ་ནི། རྒྱ་ལྕགས་རི་བ་ཡོན་ཏན་གྲགས་ཞུ་བ་དེ་ཡིན། རྒྱ་ལྕགས་རི་བ་ཡོན་ཏན་གྲགས་ནི། རབ་བྱུང་དང་པོའི་སྨད་ཙམ་དུ་འཁྲུངས་པར་གྲགས། དེའང་ཁམས་རྒྱ་ལྕགས་རི་ཞེས་པར་མ་གསོན་འདྲེ་ཞིག་ལ་བུ་ལྔ་ཡོད་པ་ལ་ཕྲུ་གུའི་ཕ་ནི་སྔ་ས་ནས་གྲོངས། ཕྲུ་གུ་གསུམ་རིམ་བཞིན་མ་ཡིས་ཤ་སྐལ་དུ་བསྐྱལ། དེ་ནས་བུ་གཅིག་དང་བུ་མོ་གཅིག་ལྷག་མ་དེ་རྟག་ཏུ་ས་སྲོས་ཀྱི་མཚམས་སུ་བུད་མེད་གཉིས་ཀྱིས་བསུས་ཏེ་སྒམ་ཞིག་བཞོན་ནས་གཅིག་གིས་ཁྲིད་གཅིག་གིས་དེད་ནས་འགྲོ་བ་དང་། ནམ་སྨད་དུ་ཚུར་ལོག་ཡོང་བ་བུ་དེས་མཐོང་། ཕྱི་ཉིན་ས་དྲོས་མཚམས་བུ་དེས་མས་མ་ཤེས་པར་སྒམ་གྱི་ནང་དུ་འཛུལ་ཏེ་མ་གསོན་འདྲེ་ཚོགས་སར་སོང་། མ་ནི་གསོན་འདྲེའི་རྒྱལ་མོ་ཡིན་ཅིང་གསོན་འདྲེ་ཚོགས་པའི་སྐབས་སྐྱེས་པ་ཞིག་གི་རོ་ཞིག་ཁུར་ནས་ཡོང་། ཀླད་པ་གཙོ་མོ་ལ་ཕུལ་བས་ཐུར་མ་ལུས་སྟབས་ཨ་མ་ལགས་ཕྱག་རིང་རྐྱོང་བར་ཞུ་ཞུས་པས་མ་ཡིས་ལག་རིང་བརྐྱངས་ཏེ་ཁྱིམ་ནས་ཐུར་མ་བླངས་ཏེ་ཀླད་པ་ལྡག དེ་ནས་གསོན་འདྲེ་གྲོལ། སླར་ཡང་སྒམ་བཞོན་ཏེ་རང་ལོག་ཁྱིམ་དུ་འོང་ནས་མི་མངོན་པར་རང་གི་མལ་དུ་ཉལ། དེ་དག་ཚང་མ་བུས་མཐོང་། ཕྱི་ཉིན་མ་ཐོག་གར་བལ་འཁེལ་བཞིན་པའི་སྐབས་ཕང་ཤོད་དུ་ལྷུང་བས་མ་ཡིས་བུ་ལ་ཕང་ཡར་སྤྲོད་དང་ཅེས་བརྗོད་པས་བུས་ཨ་མ་ལགས་ཕྱག་རིང་རྐྱོང་བ་གནང་ཞེས་བཤད་པས་མ་ཡི་གསང་བ་བུས་རྟོགས་པ་ཤེས་ནས་དེ་མར་བུའི་སྤྱི་གཙུག་ནས་འཐེན་པས་བུ་དེ་ཁྱི་མོ་ཞིག་གི་ལུས་སུ་གྱུར། བུ་དེ་ཁྱི་ལུས་སུ་གྱུར་སྟབས་ཤིན་ཏུ་བློ་འགྱོད་བྱུང་སྟེ་ཆུ་ལ་མཆོངས་པར་བསྐྱོད་པ་ན་མི་མང་པོ་ཞིག་གིས་གླང་ཐང་པའི་ཡོན་ཏན་བརྗོད་པ་གོ་ནས་དེ་མར་དད་གུས་དང་བཅས་ཚོང་པ་ཞིག་དང་མཉམ་དུ་གླང་ཐང་པ་མཇལ་དུ་བསྐྱོད། གླང་ཐང་པས་དེ་མཁྱེན་ཏེ་ཉེ་གནས་ལ་དེ་རིང་འགྲུལ་པ་སུ་སླེབས་ཀྱང་དེའི་མགོ་ལ་[page 169] བགེགས་གཏོར་འདི་རྒྱོབས་ཤིག་གསུངས་པས། ཉེ་གནས་ཀྱི་བླ་མས་གསུངས་པ་ལྟར་གཏོར་མ་ཁྱི་མགོར་བརྒྱབས་པས་ཁྱི་མོ་དེ་མི་ལུས་སུ་གྱུར། སྔོན་གནས་དེར་ཁྱི་མོ་འབུམ་པ་ཞེས་པ་ཞིག་ཀྱང་ཡོད། ཡང་གསུངས་སྲོལ་གཞན་ཞིག་ཡོད་པ་ནི། གླང་ཐང་པས་ངས་ཁྱོད་མི་ལུས་སུ་བསྒྱུར་མི་ཐུབ་པས་བླ་མ་རྭ་ལོའི་སྐུ་མདུན་དུ་སོང་ཞེས་གསུངས་ཏེ་རྭ་ལོའི་མདུན་ནས་མི་ལུས་སུ་གྱུར་ཞེས་ཀྱང་གསུངས་སྲོལ་ཡོད། བུ་མི་ལུས་སུ་གྱུར་བ་མ་ཡིས་ཤེས་ཏེ་ཆོས་རྒྱག་ཡིན་ཞེས་ཐོག་མ་སྨད་དགུ་བླུགས་པའི་སྒམ་ཆུང་ཞིག་བསྐུར་བ་དེར་འབྱོར་བས་བླ་མས་སྒམ་དེ་ཁ་འབྱེད་མ་བཅུག་པར་དེར་བླ་མའི་ཆོས་གོས་གཡོགས་གནང་ནས་མདུན་ངོས་སྤང་ལྗོངས་ཀྱི་སྟེང་དུ་ཁ་འབྱེད་བཅུག་གནང་བས་དེའི་ནང་ནས་ཐོག་མ་སྨད་དགུ་ཐོན་ནས་སྤང་ལྗོངས་ལ་མེ་མཆེད་དེ་བྲག་རྡོར་འགྱུར། ཁོ་རང་ལ་བླ་མའི་སྐུ་ཆོས་ཀྱིས་མི་གནོད་པ་དང་། དེ་ནས་མར་ཕེབས་སྐབས་ད་ལྟའི་དགོན་པ་ཆགས་ཡུལ་དེར་བུད་མེད་ཉེར་གཅིག་གིས་བྲོ་གར་འཁྲབ་བཞིན་ཡོད་པ་གཟིགས་པ་དང་དེ་དག་གཅིག་ལ་གཅིག་ཐིམས། མཐར་ཐམས་ཅད་ཡལ་སོང་བ་བླ་མར་ཞུས་པས་དགོན་དེ་ཕོ་དགོན་ཞིག་ཆགས་ན་བསམ་ཡང་ད་མོ་དགོན་བྱེད་དགོས་ཀྱི་རེད་གསུངས་ནས་སྤྱི་ལོ་༡༡༠༠ཙམ་ལ་དགོན་དེ་ཕྱག་འདེབས་གནང་མཛད། མཉམ་མེད་དྭགས་པོ་ལྷ་རྗེའང་ལྕགས་རི་བའི་མཚན་སྙན་གསན་ཏེ་ལྕགས་རི་བའི་དྲུང་དུ་ཕེབས་ནས་བསྙེན་པར་རྫོགས། མཚན་ལའང་བསོད་ནམས་རིན་ཆེན་ཞེས་གསོལ། ཐོག་མར་དགོན་དེ་བཀའ་གདམས་པ་ཡིན་པ་ལ་བཀའ་གདམས་པའི་དགོན་པ་ས་སྐྱ་དང་། དགེ་ལུགས་སུ་འགྱུར་སྐབས་དགོན་དེ་ནི་ས་སྐྱར་འགྱུར་ཏེ་ས་སྐྱ་ངོར་ལུགས་ཕྱག་བཞེད་མཛད་པ་རེད། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་རྟེན་གཙོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་སྒྲོལ་དཀར་སོགས་ཀྱི་སྐུ་བརྙན་དང་། བཙུན་མ་ལྔ་བཅུ་སྐོར་ཡོད། ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་།[page 170] དགོན་དེའི་ལྟག་གི་མཆོད་རྟེན་རྣམ་གསུམ་ཡང་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གླང་ཐང་དགོན།

མཚན་གཞན་ལ་གནས་སྒོ་གྲྭ་ཚང་ཡང་ཞུ། ལྕགས་རི་དགོན་ནས་མར་ཡོང་དུས་སྤྱི་ལེ་གཅིག་གཉིས་ཀྱི་ས་ན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་དགེ་བཤེས་གླང་ཐང་པའམ་རྡོ་རྗེ་སེང་གེས་སྤྱི་ལོ་༡༠༩༣ལོར་ཕྱག་བཏབ་གནང་མཛད། གསང་ཕུ་བླ་བཅུའི་ཁོངས་ཡིན། གླང་ཐང་ཞེས་པ་ནི། ཐོག་མར་གནས་དེར་ཤིང་གླང་མའི་ཐང་ཡིན་སྟབས་གླང་ཐང་ཞེས་པ་དེ་ལྟར་བྱུང་། གླང་ཐང་པའི་འཁྲུངས་ཡུལ་ནི་འཕན་པོ་གཉའ་གོ་ཞེས་པར་ཡིན་པ་དང་། འཁྲུངས་སྐབས་གྲོད་བཏུམས་ཡིན་སྟབས་ཡུམ་སྐྲག་ཏེ་སྒོ་རྒྱབ་ཏུ་ཉིན་བདུན་བཞག དེའི་རིང་ནམ་མཁའ་ནས་རྟགས་མཚན་བཟང་པོ་མང་དུ་བྱུང་། མཁའ་འགྲོའི་རྣམ་སྤྲུལ་གཡོག་མོ་ཞིག་ཡོད་པ་དེས་ཕང་གིས་གྲོད་བཏུམས་བརྟོལ་བས་དེའི་ནང་ནས་བུ་ཞིག་གིས་མཐེ་བོ་ནུ་བཞིན་ཡོད་པས་ངོ་མཚར་དང་བཅས་ཡུམ་ལ་ཕུལ་བས་ཡུམ་དགྱེས་ཤིང་ནུ་མ་ཕུལ། ཞག་འགའ་ཞིག་སོང་མཚམས་བུ་དེས་ཡུམ་ལ་མ་ཎི་དང་བཅས་ཡུལ་འདི་ལ་གཉའ་གོང་ཐོགས་ཤིག་གསུངས། གུང་ལོ་བརྒྱད་ལ་ཕེབས་སྐབས་ནས་བྱང་ཆུབ་སེམས་དཔའི་ཐུགས་སྐྱེད། རིག་པའི་གནས་ཀུན་ལ་མཁས་པར་གྱུར། དགུང་ལོ་ཉི་ཤུར་ཕེབས་སྐབས་དགེ་བཤེས་པོ་ཏོ་བའི་མདུན་ནས་བསྙེན་རྫོགས་སྒྲུབ་ཏེ་མཚན་ལ་རྡོ་རྗེ་སེང་གེ་ཞེས་གསོལ། དེ་ནས་རྗེ་བཙུན་སྒྲོལ་མའི་ལུང་བསྟན་བཞིན་ལྷ་སའི་བྱང་ཕྱོགས་རིན་ཆེན་ཤུག་པའི་འདོམ་གང་བྲག་ཕུག་ཏུ་སྒྲུབ་པ་མཛད། འཕན་ཡུལ་དགུ་པའི་བུ་མོ་ལྷ་སར་འགྲོ་བ་དང་མཇལ་བས་ཁྱེད་ཀྱི་རིན་ཆེན་རྒྱན་ཆ་རྣམས་རྐུན་པོས་བཅོམ་པ་འདུག་ཅེས་གསུངས་པས་བུ་མོ་དད་དེ་གླང་ཐང་པ་ལ་བཅོལ་བས་ངས་གསེར་དངུལ་ལག་ཏུ་མི་ལེན་པས་ཁྱོད་ཀྱིས་ཕྱར་བའི་སྦུག་ཏུ་ཚེམས་ཤིག་གསུངས་པ་ལྟར་བྱས། དེ་ནས་འཕན་ཡུལ་མདའ་[page 171] བརྒྱུད་ནས་ཕེབས་སྐབས་སླར་ཡང་བུ་མོ་དེ་དང་མཇལ་བས་བུ་མོ་ཁྱོད་ཀྱིས་སྔར་བཅོལ་བའི་རྒྱན་ཆ་རྣམས་ལོངས་ཤིག་གསུངས་ཏེ་ཕྱར་བའི་གསེབ་ནས་རྒྱན་ཆ་རྣམས་བླངས་པས་བུ་མོ་ཤིན་ཏུ་ནས་དད་པ་སྐྱེད། ཁྱིམ་དུ་གདན་དྲངས་པས་ང་ཁྱིམ་དུ་མི་འགྲོ་གསུངས་ཏེ་ཁང་ལྟག་ཏུ་ཞག་བདུན་བཞུགས་ཏེ་གསུང་གཏོར་གནང་བཞིན་པའི་སྐབས་གཏོར་སྡེར་བྱ་རོག་གིས་འཁྱེར་ཏེ་དགེ་འཕེལ་རེར་འཕངས་པས་དེར་ལོ་གསུམ་བཞུགས། བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་ལ་བཞུགས། དེ་ནས་ཀླུ་མོ་སྤུན་གཉིས་ཞེས་པས་གདན་དྲངས་པ་ལྟར་གླང་ཐང་དུ་ཕེབས་ཏེ་དེར་གཙུག་ལག་ཁང་དང་དགེ་འདུན་གི་སྡེ་འཛུགས་པར་དགོངས་པ་གཏད། ཐོག་མར་ད་ལྟའི་དགོན་དེའི་གཤམ་དུ་འདུ་ཁང་ཞེས་པ་དེ་ཕྱག་བཏབ་གནང་མཛད། རྗེས་སུ་ཤཱཀྱ་མཆོག་ལྡན་གྱིས་ད་ལྟའི་འདུ་ཁང་ཡོད་སར་སྤོས་གནང་མཛད། དེ་ནས་ཐུགས་དམ་འབུམ་པ་ཞེས་པ་བཞེངས། སངས་རྒྱས་བཅོམ་ལྡན་འདས་ནས་འབྲོམ་སྟོན་ཡན་གྱི་རིང་བསྲེལ་དང་། གླང་ཐང་པ་རང་གིས་བཏབ་གནང་བའི་ས་ཚྩ་འབུམ་ཐེར་བཞུགས། རབ་གནས་སྐབས་ཤར་ཕྱོགས་ནས་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པ་དགེ་བཤེས་པོ་ཏོ་བ་དགེ་སློང་སུམ་རྒྱ་དང་བཅས་པ་དང་། ལྷོ་ཕྱོགས་ནས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་ཐང་བ་དགེ་སློང་སུམ་རྒྱ་དང་བཅས་པ། བྱང་ཕྱོགས་ནས་མི་གཡོ་བའི་སྤྲུལ་པ་སྣེ་ཟུར་བས་དགེ་སློང་སུམ་རྒྱ་དང་བཅས་པས་རབ་གནས་གནང་། ནམ་མཁའ་ནས་ལྷའི་བུ་དང་བུ་མོས་གར་དང་བཅས་མེ་ཏོག་གི་མཆོད་སྤྲིན་གསོལ། གླང་ཐང་པ་དང་འགྲོགས་པའི་སྲོག་ཆགས་རྣམས་གཅིག་གིས་གཅིག་ལ་མི་འཚེ་བ་ནི་ཁྲ་ཡིས་བྱིའུ་མི་གསོད་པ་དང་། སྤྱང་ཀིས་ལུག་མི་གསོད་པ་སོགས་བྱུང། རྒྱ་ལྕགས་རི་བ་ཁྱི་ལུས་མི་ལ་བསྒྱུར་གནང་བ་དང་ལྕགས་རི་གོང་དཀར་ཡང་བཏབ། དྭགས་པོ་ལྟ་ཐེའང་རྗེ་འདིའི་ཞབས་ལ་གཏུགས། ཁྲ་བུ་བཙུག་ལག་ཁང་ཞེས་པའང་བཏབ། སྤད་ཀྱི་ནང་དུ་དགུང་ལོ་དྲུག་ཅུ་རེ་གཉིས་ལ་ཞི་བར་གཤེགས། དུས་དེ་ཙ་ན་གླང་ཐང་འབུམ་པར་སྐོར་བ་སྐོར་བཞིན་པ་[page 172] ཚོས་ད་ནང་ཁྲ་ཡིས་བྱིའུ་ཞིག་འཁྱེར་སོང་བས་གླང་ཐང་པ་མི་བཞུགས་པ་འདྲ་ཟེར། གླང་ཐང་སྐུ་གཤེགས་རྗེས་སེམས་ཅན་རྣམས་གཅིག་གིས་གཅིག་ལ་འཚེ་བར་གྱུར། སྐུ་གདུང་གླང་ཐང་གི་ལྷོ་ངོས་སུ་གདན་དྲངས་ཏེ་ཞུགས་འབུལ་ཞུ་བའི་ཚེ་ངོ་མཚར་གྱི་ལྟས་མང་པོ་བྱུང་། གདུང་ཐལ་རྣམས་ཆ་བགོས་ཏེ་མཆོད་རྟེན་ཐོག་སོ་གཉིས་ཙམ་བྱས་པ་བཞི་བཞེངས། གདུང་རྟེན་གྱི་ཉི་ཟླའི་ནང་ཐུགས་ལྗགས་སྤྱན་གསུམ་བཞུགས། ཐུགས་དམ་གྱི་རྟེན་རས་བྲིས་ཐུབ་པ་ཆེ་བརྒྱད་ཀྱིས་བསྐོར་བ་གསེར་ཟངས་ཀྱི་ཐུབ་པའི་དབང་པོའི་ཐུགས་ཀར་བཞུགས། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་སྦུག་ཏུ་བྱམས་པ་བཞེངས་བཞུགས་པ་ཐོག་སོ་གཉིས་ཙམ་དང་། གླང་ཐང་སྒྲོལ་མ་གསུང་བྱོན། ཆོས་གོས་ཐོག་ཐུབ་མ། གླང་ཐང་ང་འདྲ་མ་སོགས་བཞུགས་སུ་གསོལ་ཡོད། ལྕོག་མགོན་ཁང་དུ་མགོན་པོ་གུར་དང་། བསེ་ཁྲབ་པ་སོགས་སྲུང་མ་ཁག་ཡོད། དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་ས་སྐྱ་ཚར་ལུགས་ཕྱག་བཞེད་མཛད། བོད་ཟླ་༡༢ཚེས་༢༨.༢༩ཉིན་སོ་སོར་གར་འཆམ་བསྐྱོན་སྲོལ་ཡོད།

ད་ལྟ་ཤཱཀྱ་མཆོག་ལྡན་གྱིས་བཞེངས་གནང་མཛད་པའི་འདུ་ཁང་ནང་སྔོན་གྱི་བྱམས་པའི་སྐུ་ཚབ་དང་། སྒྲོལ་མ་གསུང་བྱོན། ཆོས་གོས་ཐོག་ཐུབ་མ་སོགས་མཇལ་རྒྱུ་ཡོད།

ཡང་གླང་ཐང་ནས་མཐོང་སྨོན་དུ་འགྲོ་དུས་མཁར་རྩེ་རི་ལྡེབས་སུ་ཆོས་འཁོར་རྩེ་ཞེས་པའི་དབོན་དགོན་ཞིག་གི་རྗེས་ཤུལ་མཇལ་རྒྱུ་ཡོད།

ནཱ་ལེནྡྲ།

ཆེ་བསྟོད་དུ་དཔལ་རྒྱུན་གྱི་དབང་པོ་ནཱ་ལེནྡྲ་ཞེས་ཞུ།

ནཱ་ལེནྡྲ་ཞེས་པ་ནི། བོད་སྐད་དུ་རྒྱུན་གྱི་དབང་པོ་ཞེས་པའི་དོན་ཡིན། གླང་ཐང་ནས་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ལྔ་ཙམ་དང་། མཐོང་སྨོན་ནས་རྐང་ཐང་མར་ཆུ་ཚོད་ཕྱེད་ཀ་ཙམ་སོང་ན་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་ཀུན་མཁྱེན་རོང་སྟོན་པས་སྤྱི་ལོ་༡༤༣༥ལོར་ཕྱག་བཏབ་གནང་མཛད། [page 173] རོང་སྟོན་ཞེས་པ་ནི། འཁྲུངས་ཡུལ་ཁམས་རྒྱལ་མོ་རོང་ནས་ཡིན་པས་རོང་སྟོན་ཞེས་དང་། མཚན་དངོས་ནི་ཤཱཀྱ་རྒྱལ་མཚན་ཞེས་ཞུ། ཐོག་མར་ཆོས་ལུགས་སྒྲུབ་མཐའ་བོན་པོ་ཡིན་པ་ལ་གསང་ཕུར་ཕེབས་ཏེ་ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་གྱི་ཞབས་ལ་གཏུགས་ནས་སློབ་གཉེར་མང་དུ་མཛད། གཞན་ཡང་ངོར་མཁན་ཆེན་ཀུན་དགའ་བཟང་པོ་སོགས་བླ་མ་མང་དུ་བསྟེན། དེ་ནས་ཐོས་བསམ་གྱི་རྩལ་ཐོན་ནས་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་སོགས་སློབ་མའང་མང་དུ་བྱུང་། གོ་བོ་རབ་འབྱམས་བསོད་ནམས་སེང་གེ་དང་། གུང་རུ་ཤེས་རབ་བཟང་པོ་སོགས་ལྷན་དུ་གནས་ངེས་མེད་དུ་ཕེབས་ཏེ་ཤུག་གསེབ་དང་འཕན་པོ་རྒྱལ་ནང་སོགས་སུ་དགོན་པ་ཕྱག་བཏབ་པར་བརྩམས་ཀྱང་རྟེན་འབྲེལ་མ་འགྲིག དེ་ནས་མཁར་རྩེ་རྫོང་དུ་ཆོས་གནས་མཛད། མཁར་རྩེ་རྫོང་ནས་སྐུ་ཡོན་ཅི་ཞིག་འབུལ་ལགས་ཞུས་པར་སྐུ་ཡོན་གཞན་གང་ཡང་མི་དགོས་ཕྲན་བུ་ཞིག་གནང་བར་ཞུ་ཞུས་པས་ད་ལྟའི་དགོན་འདེབས་ཡུལ་དེར་མཁར་རྩེ་རྫོང་གི་རྟ་འཚོ་ས་ཡིན་པས་ས་དེ་ཕུལ། ཐོག་མར་བཀྲ་ཤིས་རྣམ་རྒྱལ་ས་དཔྱད་གཟིགས་སུ་འཕེབས་པས་ས་དེ་གནས་ཁྱད་པར་ཅན་བྱ་རྒོད་ཕུང་པོའི་རི་དང་དབྱིབས་འདྲ་བས་བྱིན་རླབས་ཆེ་བར་གཟིགས་ཏེ་ཆོས་ཁྲི་སྒང་ཞེས་པར་དུང་དཀར་གཡས་འཁྱིལ་གྱི་དབྱིབས་འདྲ་བའི་སྟེང་། ཆོས་གསུངས་ནས་སློབ་མ་ཁྲི་ལ་ཉེ་བ་བྱུང་ནས་ཤོ་ཀ་ལིའི་ཁ་སྡེབས་པའི་སྒྲ་དགོན་དེའི་ཤར་ངོས་བྲག་དཀར་རྩེ་ཞེས་པའི་རི་སྟེང་དུའང་ཐོས་པ་ཡོད་གསུངས། དེ་ནས་རོང་སྟོན་གྱི་བཀའ་བཞིན་སློབ་མའི་གཙོ་བོ་བཀྲ་ཤིས་རྣམ་རྒྱལ་གྱིས་ཚོགས་ཆེན་འདུ་ཁང་གི་ཐིག་བཏབ། འདུ་ཁང་ཀ་བ་ལྔ་བཅུ་ང་དྲུག་ནང་རྟེན་གཙོ་ཐུབ་པ་གངས་ཅན་གཙོ་རྒྱལ་ཞེས་ཟངས་ཁལ་དགུ་བརྒྱ་ལས་བསྐྲུན་པའི་ལུག་མ་བོད་གངས་ཅན་ན་གྲགས་པ་ཞིག་དང་རོང་སྟོན་སྐུ་འཚོ་བཞུགས་སྐབས་གསུང་བྱོན་པའི་འདྲ་སྐུ། ཡང་འདྲ་སྐུ་ནས་འཛིན་མ་ཞེས་རབ་གནས་གནང་སྐབས་མཆོད་འབྲུ་ཕྱག་གིས་བཟུང་གནང་བ་ཞིག མཁྱེན་རབ་ཆོས་རྗེའི་དངུལ་གདུང་ཐོག་ཚད་མ། རོང་[page 174] སྟོང་གྱི་ཞལ་འདོན་ཕྱག་དཔེ་གསེར་ཆོས་བརྒྱད་སྟོང་པ། སངས་རྒྱས་འོད་སྲུང་གི་རིང་སྲེལ་བཞུགས་པའི་ཐུབ་པ་གཙོ་འཁོར་གསུམ་སོགས་རྟེན་དང་བརྟེན་པ་བཅས་དང་། དགེ་འདུན་ཞལ་གྲངས་བརྒྱད་བརྒྱ་ལྷག་གིས་ས་སྐྱ་སྐུ་ཚར་ལུགས་ཕྱག་བཞེད་མཛད་པའི་ས་སྐྱའི་གདན་ས་གསུམ་གྱི་ཡ་རྒྱལ་ཞིག་ཡིན་གསུངས། སྔོན་རྒྱ་རོང་ཁང་ཚན། གླིང་ཁང་ཚན། ཚ་བ་ཁང་ཚན། ལ་མདོ་ཁང་ཚན། ཏྲི་ཧོར་ཁང་ཚན་བཅས་ཁང་ཚན་ལྔ་དང་། བཅོ་བརྒྱད་གསང་ཆེན་གྲྭ་ཚང་ལ་རྒྱུད་སྡེ་ཁག་དང་། གཟིམ་འོག་མཐོང་སྨོན་གྲྭ་ཚང་ལ་མདོ་ཕྱོགས་ཕྱག་བཞེད་ཀྱིས་མདོ་སྔགས་གྲྭ་ཚང་གཉིས། བླ་བྲང་གསུམ་ནི་གཟིམ་ཁང་གོང་སྟེ་རོང་སྟོན་གྱི་གཟིམ་ཁང་དང་། གཟིམ་ཁང་འོག་ནི་བཀྲ་ཤིས་རྣམ་རྒྱལ་གྱི་གཟིམ་ཁང་། མཁྱེན་རབ་ཆོས་རྗེའི་གཟིམས་ཁང་བཅོ་བརྒྱད་བླ་བྲང་བཅས་བླ་བྲང་གསུམ། གཞན་ཡང་ཉ་ར་ཁང་ཚན་དང་། སྟོང་ར་ཁང་ཚན་ཞེས་པའི་རྗེས་ཤུལ་སོགས་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་ཐུབ་པ་གངས་ཅན་གཙོ་རྒྱལ་མའི་སྐུ་ཚབ་གསེར་ཟངས་ཀྱི་ཐུབ་པའི་སྐུ་བརྙན་དང་མཁྱེན་རབ་ཆོས་རྗེའི་དངུལ་གདུང་གི་སྐུ་ཚབ། མགོན་ཁང་ནང་མགོན་པོ་གུར་ལ་སོགས་པའི་ལྷ་སྲུང་ཁག གཞན་ཡང་ཙན་དན་གྱི་གདུང་རྟེན་སོགས་རྟེན་དང་བརྟེན་པ་ཇི་སྙེད་གསར་བཞེངས་གནང་བ་དང་། རོང་སྟོན་དང་བཀྲ་ཤིས་རྣམ་རྒྱལ་གྱི་ཞབས་རྗེས། བྱམས་ཁང་གསར་བཞེངས་གནང་བ། རོང་སྟོན་གྱི་ཆོས་ཁྲི། རོང་སྟོན་གྱི་ཕྱིའི་རྟེན་འབུམ་མོ་ཆེའང་སྔོན་གྱི་ཞབས་རྭའི་སྟེང་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད། ཡང་དགོན་དེ་ནས་ཅུང་ཟད་ཙམ་ཡར་འཛེགས་ན་རིན་ཆེན་སྡིངས་ཏེ་རིན་སྡིངས་ཇོ་དགོན་གྱི་རྗེས་ཤུལ་འང་མཇལ་རྒྱུ་ཡོད།

དཔལ་ལྡན་རྩེ།

མཚན་གཞན་ལ་འཕུར་ལྡན་རྩེའང་ཞུ། བསོད་ནམས་སྒང་ནས་སྤྱི་ལེ་དྲུག་ཙམ་སོང་ན་བྱང་རྩེ་རི་གདོང་དང་དེ་ནས་ཡར་[page 175] འཛེགས་ན་བྱང་རྩེ་ཞེས་པའི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་དར་ཆེན་བློ་གྲོས་རྒྱལ་མཚན་ཞུ་བས་ཕྱག་བཏབ་གནང་མཛད། འཕུར་ལྡན་རྩེ་ཞེས་པ་ནི། དར་ཆེན་བློ་གྲོས་རྒྱལ་མཚན་ཐོག་མར་དགོན་དེ་དང་ཉེ་བའི་སྟོང་རྩེ་རི་སྟེང་ཞེས་པར་བཞུགས་སྐབས་འབྲས་སྤང་ནང་མགོན་པོ་ཞལ་གྱི་སྐུ་བརྙན་ཞིག་ཡོད་པ་དེས་ང་དཔལ་ལྡན་རྩེར་འགྲོ་གི་ཡིན་ཞེས་གསུང་བྱོན་པ་ལྟར་ད་ལྟའི་དགོན་ཆགས་ཡུལ་དུ་འཕུར་ཕེབས་སྟབས་དཔལ་ལྡན་རྩེ་ཞེས་པའི་མཚན་དེ་ལྟར་བྱུང་གསུངས། ཐོག་མར་གྲྭ་པ་གྲངས་དྲུག་ཡོད་པའི་ཕོ་དགོན་ཞིག་ཡིན་པ་ལ་རྗེས་སུ་རིམ་བཞིན་བཙུན་དགོན་དུ་འགྱུར། བཙུན་མ་བཞི་བཅུ་ལྷག་གིས་ས་སྐྱ་ཚར་ལུགས་ཕྱག་བཞེད་གནང་གི་ཡོད། འཕན་པོ་ན་ལེནྡྲའི་ཁོངས་ཡིན། སྔོན་འདུ་ཁང་ཀ་བ་དྲུག་ནང་རྟེན་གཙོ་གོང་གསལ་རྡོ་ནག་མགོན་པོ་སོར་བཞི་ཙམ་བྱས་པ་དེ་དང་། ས་པཎ་གྱི་སྐུ་བརྙན་རྟེན་དང་བརྟེན་པ་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་གྱང་རོའི་སྟེང་ཉམས་གསོ་གནང་བའི་འདུ་ཁང་ནང་སྔོན་གྱི་དགོན་པོའི་སྐུ་བརྙན་བྱིན་ཅན་དེ་ཉིད་དང་། གུ་རུ་དང་། ས་པཎ། མཁའ་སྤྱོད་མ་སོགས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

རག་མ་བྱམས་ཁང་།

དཔལ་ལྡན་རྩེ་ནས་སྤྱི་ལེ་༡༥ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་རག་མའི་ནང་ཕྱིན། དེ་ནས་མདུད་ཞེས་པའི་གྲོང་གི་བྱང་ངོས་འཁོར་ལམ་ནས་རྐང་ཐང་མར་ཆུ་ཚོད་ཕྱེད་ཙམ་འཛེགས་ན་རག་མ་གྲོང་གི་རྗེས་ཤུལ་གཡང་ཟར་ཅན་གྱི་འོག་ཏུ་བྱམས་ཁང་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་བསྟན་པ་ཕྱི་དར་སྐབས་བསྟན་པའི་མེ་རོ་གསོ་མཁན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ་གཙོ་བོ་བཞིའི་ནང་གི་བྱམས་པའི་སྤྲུལ་པ་སྣ་རྣམ་རྡོ་རྗེ་དབང་ཕྱུག་ཞུ་བས་སྤྱི་ལོའི་དུས་རབས་བཅུ་གཅིག་པར་དགོན་དེ་ཕྱག་འདེབས་གནང་བ་དང་དུས་མཚུངས་འཕན་པོའི་བྱམས་པ་སྤུན་གསུམ་སྟེ། རག་མ་སྙན་ལེགས་བྱམས་པ་དང་། གློ་པ་སྟོད་སྤྱན་ལེགས་བྱམས་པ། རྒྱལ་ལྷ་ཁང་ཤངས་[page 176] ལེགས་བྱམས་པ་བཅས་བྱམས་པ་སྤུན་གསུམ་བཞེངས་གནང་མཛད། དེའང་སྣ་རྣམ་རྡོ་རྗེ་དབང་ཕྱུག་གིས་བྱམས་པ་སྤུན་གསུམ་བཞེངས་པར་བྱེད་པའི་སྐུ་རྒྱུ་སྨན་འདམ་གྲབས་གནང་ནས་ས་ཕུད་རྡོ་ཕུད་ཀྱིས་ན་མོ་ཐུབ་པ་ཞེས་པ་བཞེངས་གནང་མཛད་པས་བྱིན་རླབས་ཀྱི་རྟགས་ཐོན། དེ་ནས་བྱམས་པ་བཞེངས་པའི་སྐབས་སུའང་བྱམས་པས་བྱམས་པ་བཞེངས། བྱམས་པ་བྱམས་པར་ཐིམ་ཞེས་པའི་ངོ་མཚར་ཆེ་བའི་གསུང་རྒྱུན་དང་། གཞན་ཡང་“རག་མ་བདུད་ཀྱི་ལུང་པ། ཁ་གནོན་རྒྱལ་བ་བྱམས་པ”སོགས་གསུངས་སྲོལ་ཡོད། རག་མ་བྱམས་པ་ནི། འཇིམ་གྱི་བྱམས་པ་ཐོག་སོ་ཉིས་ཐོག་ཅན་གཟུངས་སུ་ཇོ་བོ་རྗེའི་ཕྱག་ཚ་ཕུལ་བ་ཞིག་དང་དེའི་འོག་ཏུ་བྱམས་པའི་ཁྲུད་ཆུ་ཞེས་ཆུ་མིག་ངོ་མཚར་ཆེ་བ་ཞིག་དང་། བྱམས་ཁང་གི་འོག་ཏུ་རྣམ་རྒྱལ་མཆོད་རྟེན་ཞིག་བཅས་སོགས་མཇལ་རྒྱུ་ཡོད། སྔོན་རྒྱལ་ལྷ་ཁང་གི་ཁོངས་ཡིན་སྟབས་སྐུ་གཉེར་རེ་རྒྱལ་ལྷ་ཁང་ནས་གཏོང་གནང་དགོས། བྱམས་ཁང་གི་ཉེ་འགྲམ་དུ་མཚམས་ཁང་ཤར་ནུབ་ཅེས་མཚམས་ཁང་གཉིས་ཡོད་པར་རྟག་ཏུ་སྐུ་མཚམས་བཞུགས་མཁན་ཡོད། ལོ་ལྟར་བོད་ཟླ་༡ཚེས་༡༥ཉིན་བྱམས་པ་སྤུན་གསུམ་མཇལ་བ་ཞེས་ཉིན་གཅིག་ལ་བྱམས་པ་སྤུན་གསུམ་མཇལ་ཐུབ་པ་དགོས་ཞེས་བོད་ཟླ་དང་པོའི་ཚེས་བཅུ་བཞིའི་མཚན་ཕྱེད་ཙམ་ནས་ཚེས་བཅོ་ལྔའི་ས་སྲིབ་བར་བྱམས་པ་མཇལ་ཏུ་ཡོང་། རག་མ་བ་ཚོས་བྱམས་པ་མཇལ་ཚར་རྗེས་སྒོར་གཞས་རྒྱབ་ནས་རྒྱལ་བ་བྱམས་པར་གླུ་བྲོའི་མཆོད་པ་འབུད་སྲོལ་ཡོད། བོད་ཟླ་བཞི་པའི་ཚེས་བརྒྱད་ལ་བྱམས་ཁང་ཚ་ཙ་ཞེས་སྡེ་འབངས་ཀྱིས་ས་ཚ་འདེབས་པ་དང་། རག་མ་རྫོང་ནས་དེའི་རིང་ཇ་ཐུག་སྟེར་བ་རེད། དེ་ནས་ས་ཚ་འཁྲབ་པ་ཞེས་གྲོང་གི་ཕ་རྒན་ཚོས་གཟབ་མཆོར་སྤྲས་ཏེ་བྲོ་གར་འཁྲབ། རག་མ་རྫོང་ནི་ཐོག་མར་བྱམས་ཁང་གི་བྲག་སྟེང་དུ་ཡོད་པ་ལ་ཇུན་གར་དུས་མེ་སྒྱོགས་ཀྱིས་གཏོར་བ་དང་། རྗེས་སུ་ལྷོ་ངོས་ཀྱི་རི་ལའང་སོག་རི་སྤུངས་པ་ཞེས་ཀྱང་ཐོགས།

ད་ལྟ་སྔོན་གྱི་བྱམས་ཁང་གི་གྱང་རོའི་སྟེང་གསར་བཞེངས་གནང་བའི་[page 177] ནང་སྔོན་གྱི་བྱམས་པའི་ཞབས་པུད་སྟེང་བཞེངས་གནང་བའི་བྱམས་པ་དང་། རྟ་རའི་ཐོག་ཀ་ཞེས་རག་མ་རྫོང་གི་རྟ་འདོགས་སར་གསར་སྐྲུན་འདུ་ཁང་ཀ་དྲུག་ནང་ཇོ་བོ་དང་གཡས་སུ་གུ་རུ་སྣང་སྲིད་གཟིལ་གནོན་དང་གཡོན་དུ་རྗེ་ཚེ་འཛིན་མ་སོགས་མཇལ་རྒྱུ་ཡོད།

གྲུབ་རྒྱལ་དགོན།

མཚན་གཞན་ལ་གྲུབ་དགོན་བྱང་ཆུབ་གླིང་ངམ་ལྡེབས་དགོན་ཡང་ཞུ། རག་མ་བྱམས་ཁང་ནས་སྤྱི་ལེ་༡༥ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ཤར་ངོས་སུ་སོང་ན་གྲུབ་རྒྱལ་ཞེས་པའི་ནང་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་ན་ལེནྡྲ་ཕྱག་འདེབས་དགོས་དགོངས་པ་ལ་རྟེན་འབྲེལ་མ་འགྲིག་ཅེས་གསུང་སྲོལ་ཡོད། ཐོག་མར་ས་ལུགས་ཕྱག་བཞེད་མཛད་པ་ལ་རྒྱལ་དབང་ལྔ་པའི་དུས་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། གསང་ཕུ་བླ་ཁག་བཅུའི་ཁོངས་ཀྱང་ཡིན། སྔོན་དགེ་འདུན་ཉི་ཤུ་སྐོར་ཡོད། འདུ་ཁང་ཀ་བ་བརྒྱད་ཀྱི་ནང་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་མི་ཚད་མ་དང་། ཤཱཀྱ་མཆོག་ལྡན་དང་། ལེགས་པའི་ཤེས་རབ་ཀྱི་སྐུ་བརྙན་དང་། དེའི་འོག་གི་འདུ་ཁང་ཀ་བཞི་གདུང་བརྒྱད་ནང་འཇིགས་བྱེད་ལྷ་བཅུ་གསུམ་དང་། དཀོར་བདག་བསེ་ཁྲབ་པ་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ལོ་ཙཱ་དགོན།

གྲུབ་རྒྱལ་དགོན་ནས་སྤྱི་ལེ་བཞི་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་པ་ཚབ་ཅེས་པའི་ཡུལ་དུ་སོང་ན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་འཕགས་ཡུལ་དཔལ་ལྡན་ཟླ་བ་གྲགས་པའི་བུ་སློབ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པས་ཕྱག་བཏབ་གནང་མཛད། དེ་ནས་རིམ་བཞིན་རང་སྒྲོལ་གྱི་[page 178] སྒྲུབ་གྲྭ་ཕོ་མོ་ཇི་སྙེད་ཅིག་བྱོན་པ་དང་། དགོན་དེའི་ལྟག་ཏུ་མཆོད་རྟེན་ལྔ་ཡོད་པའི་ཤར་ནས་རྩིས་པའི་མཆོད་རྟེན་དང་པོའི་ནང་ཤ་ར་བའི་ཕྱག་རྗེས་དང་། ལྔ་པའི་ནང་པ་ཚབ་ཀྱི་སྐུ་གདུང་བཞུགས་ཞེས་གསུངས། རྭ་སྒྲེང་རྒྱལ་ཐོག་སྐབས་ལའང་ཉམས་གསོ་གནང་། སྔོན་བཙུན་མ་ཉི་ཤུ་སྐོར་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པ་རེད། ད་ལྟ་འདུ་ཁང་གསར་བཞེངས་གནང་བའི་ནང་རྟེན་གཙོ་ཇོ་བོ་གངས་ཅན་གཙོ་རྒྱལ་མ་སོགས་འཇིམ་གྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། དགོན་དེའི་རྒྱབ་རིའི་ལྡེབས་སུ་བྱ་རྒོད་ཀྱི་འབྱིབས་འདྲ་བའི་རྡོ་ཞིག་ཡོད་པ་དེ་ནི་རྒྱ་གར་ནས་འཕུར་ཡོང་བའི་བྱ་རྒོད་ཅིག་ཐོག་མར་གྲོག་རིང་སྒང་དུ་བབས་རྩིས་བྱས་པ་དེ་ནས་ད་ལྟའི་གནས་དེར་བབས་པས་དགོན་དེ་ཆགས་ཞེས་གསུངས། པ་ཚབ་ཉི་མ་གྲགས་པ་དང་དགེ་བཤེས་ཤ་ར་བ། པོ་ཏོ་བ་བཅས་གསུམ་རྒྱ་གར་དུ་ཆོས་ཞུ་བར་ཕེབས་ཏེ་ཚུར་ཕེབས་པ་ན་སྐུ་ན་བགྲེས་པ་པ་ཚབ་གནས་དེར་བཞུགས། འབྲིང་བ་ཤ་ར་བ་ཤར་དགོན་བཏབ་ཏེ་དེར་བཞུགས། ཆུང་བ་པོ་ཏོ་བས་པོ་ཏོ་དགོན་བཏབ་ཅེས་གསུངས།

རྒྱལ་ལྷ་ཁང་།

མཚན་གཞན་ལ་རྒྱལ་སྟོད་དགོན་ནམ། རྒྱལ་ལུག་ལྟད་ལྷ་ཁང་། ཞང་ལུག་ལྟད་གསེར་གྱི་ལྷ་ཁང་སོགས་གསུང་སྲོལ་མི་འདྲ་བ་ཡོད། ལོ་ཙཱ་དགོན་ནས་མུད་མཐུད་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་ཙམ་སོང་ན་ལྷ་ཁང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོ་༡༠༡༢ཙམ་དུ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ཕྱག་འདེབས་གནང་མཛད། དེའང་ཞང་སྣ་ནམ་ཐོག་མར་གཉེན་ཆེན་ཐང་ལྷའི་སྒྲུབ་ཕུག་ཏུ་སྒྲུབ་པ་བསྐྱོན་བཞིན་པའི་སྐབས་དྲོད་རླུང་ལ་རང་དབང་ཐོབ་སྟབས་ཐང་ལྷའི་གངས་རི་བཞུར་བས། ཐང་ལྷས་སེང་གེའི་འོ་མ་ཞལ་དཀར་གང་ཕུལ་ནས་ཁྱེད་འདིར་བཞུགས་ན་ང་ཡི་གངས་རི་བཞུར་བ་འདུག་པས་ཕེབས་པར་ཞུ་ཞེས་ཞུས། དེ་[page 179] ནས་ཞང་སྣ་ནམ་སྒྲུབ་ཕུག་ཏུ་གསུང་གཏོར་གནང་བ་བཞིན་པའི་སྐབས་བྱ་རོག་གཅིག་གིས་མཆོད་ཆས་གན་ཏ་ད་ལྟའི་དགོན་ཆགས་ཡུལ་གྱི་རྒྱབ་རིའི་སྟེང་ཁྱེར་སོང་བས་ད་ངའི་དགོན་པ་གནས་འདིར་འདེབས་དགོས་ཡིན་པ་རེད་ཅེས་གསུངས་ཏེ་ཐོག་མར་བྱམས་ཁང་བཞེངས་གནང་མཛད། གནམ་མཚོའི་གཞིས་བདག་རྡོ་རྗེ་གཡུ་སྒྲོན་མས་ཀྱང་ཞང་སྣ་ནམ་ལ་གཡུའི་ཆིབས་སྒ་ཞིག་ཕུལ་གནང་བ་བྱམས་ཁང་གི་ཀ་བའི་འོག་ཏུ་ཡོད་ཅེས་གསུངས། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བྱམས་པ་སྤུན་གསུམ་བཞེངས་གནང་བའི་ནང་བྱམས་པ་དེ་ཁྱད་དུ་འཕགས་པ་སེམས་པ་གསུམ་རྩེག་ཞེས་ཞུ་བས་སེམས་དཔའ་གསུམ་རྩེག་ཞུ་བ་ནི་སྔོན་གནས་དེའི་ལུག་རྫི་ཞིག་ལུག་འཚོ་བར་འགྲོ་སྐབས་ལུ་གུ་ལ་ཞེས་པར་རྡོ་ཕ་བོང་ཞིག་ཡོད་པ་དེར་སླེབས་སྐབས་མ་མོ་ཞིག་གིས་ལུ་གུར་འོ་མ་སྟེར་བའི་ཚུལ་མཐོང་བ་དང་། ཡང་མར་ལོག་ཡོང་དུས་ཀྱང་དེ་ལྟར་མཐོང་བ་ཞང་སྣ་ནམ་ལ་ཞུས་པས་ཞང་གིས་རྡོ་དེ་བཤགས་གནང་བས་དེའི་ནང་ནས་གསེར་གྱི་བྱམས་པ་ཁྲུ་གང་ཙམ་ཞིག་ཐོན་པས་དེ་བྱམས་པའི་གཟུངས་སུ་ཕུལ་བས་གཅིག བྱམས་པ་གཞན་དང་མི་འདྲ་བ་བཞེངས་བཞུགས་པས་གཉིས། བྱམས་པ་བཞེངས་བསྒྲུབས་རྗེས་ཞང་སྣ་ནམ་བྱམས་པར་ཐིམས་པས་གསུམ་བཅས་སེམས་དཔའ་གསུམ་ལྡན་ཞུ་བ་དེ་ལྟར་བྱུང་། གོང་གསལ་ལུང་བསྟན་མཁན་གྱི་ལུག་མ་མོ་དེའི་སྐུ་གདུང་བཞུགས་པའི་མཆོད་རྟེན་ཞིག་བཞེངས་གནང་བ་ལ་མ་མོའི་མཆོད་རྟེན་ཞེས་ཀྱང་ཟེར། དེ་རྗེས་ད་ལྟའི་དགོན་དེ་བཞེངས་གནང་མཛད། སྔོན་འདུ་ཁང་ཀ་བ་སོ་དྲུག་གི་མགོན་ཁང་ནང་གཡུ་སྒྲོན་མ་གཙོ་འཁོར་གསུམ། མགོན་ཆོས་ལྷ་རྣམ། བཀའ་སྲུང་ཡང་དགོན་ཆོས་རྒྱལ་བཅས་ཡོད། ཡང་དགོན་ཆོས་རྒྱལ་ཞེས་པ་ནི། གླང་དར་དུས་ཆོས་བློན་ཁྲང་ཁ་བན་ཆུང་ཞེས་པ་གསོན་པགས་བཤུས་པས་དེ་བཙན་དུ་སྐྱེས་ཏེ་འཕན་པོའི་མདའ་རུ་གནས་ཏེ་སེམས་ཅན་ལ་གནོད་པ་ཆེན་པོ་བསྐྱལ་བས་ཇོ་བོ་རྗེས་དམ་ལ་བཏགས་གནང་ནས་དགོན་དེའི་དཀོར་བདག་ཏུ་བཀོད་ཅེས་གསུངས། འདུ་ཁང་སྦུག་གི་དྲི་[page 180] གཙང་ཁང་ནང་བཀའ་གདམས་མཆོད་རྟེན་ཐོག་སོ་ཉི་ཐོག ལི་མའི་སྨན་བླ་བདེ་གཤེགས་བརྒྱད། དེའི་ཞོགས་སུ་བཀའ་འགྱུར་ལྷ་ཁང་། འདུ་ཁང་ནང་ལི་མའི་ཇོ་བོ་ཤཱཀྱ་མུ་ནི། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་བཞུགས་སུ་གསོལ་ཡོད། སྔོན་དགེ་འདུན་སུམ་བརྒྱ་སྐོར་གྱིས་དགེ་ལྡན་ཕྱག་བཞེད་མཛད། ལོ་ལྟར་བོད་ཟླ་༣ཚེས་༨ནས་ཟླ་༤ཚེས་༡༥བར་རྒྱུད་སྡེ་བརྒྱད་ཀྱི་སྒྲུབ་ཆོས་ཚུགས། རྒྱུད་སྡེ་བརྒྱད་ཅེས་པ་ནི། སྤྱིར་རྒྱུད་སྡེ་བཞིའི་སྟེང་ཚེ་དཔག་མེད། ཀུན་རིག ཐུགས་རྗེ་ཆེན་པོ། སྨན་བླ་བཅས་བརྒྱད་པོའི་རྡུལ་མཚོན་དཀྱིལ་འཁོར་གྲལ་འགོ་སོ་སོར་ཡོད། བོད་ཟླ་༤ཚེས་༡༤.༡༥སོ་སོར་གཙོ་བོ་རྡོ་རྗེ་འཇིགས་བྱེད་དང་མགོན་ཆོས་ཆོས་ལྷ་རྣམ་བཀའ་སྲུང་བཅས་ཀྱི་གར་འཆམ། ཚེས་༡༦ཉིན་གོས་སྐུ་གཤམ་པ་སོགས་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་བཅས་མཇལ་རྒྱུ་ཡོད། དགོན་དེར་རྡོ་རིང་ཞིག་ཡོད་པ་དེ་ནི་ཇུན་གར་དམག་དུས་བྱམས་པ་གཏོར་རྩིས་བྱས་ཏེ་དབུ་བཏུམས་ནས་བཞག་པ་ལ་དབུ་སྐྲ་སྐྱེས་པས་ཡ་མཚན་སྐྱེས་ཏེ་དགོན་པ་མ་གཏོར་བ་དང་རྡོ་རིང་དེའང་ཕུལ་ཞེས་ཟེར། ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་ཀོ་ཐང་ཞེས་པར་ར་ལུང་དགོན་ལྟག་འོག་ཅེས་བཙུན་དགོན་གཉིས་ཀྱི་རྗེས་ཤུལ་གྱང་གོག་ཡོད་སར་ད་ལྟ་གསར་བཞེངས་མཆོད་རྟེན་ཞིག་མཇལ་རྒྱུ་ཡོད།

སྤྱན་ལེགས་བྱམས་ཁང་།

རྒྱལ་སྟོད་ནས་སྤྱི་ལེ་བདུན་ཙན་འཁོར་ལམ་བརྒྱུད་ནུབ་བྱང་མཚམས་སུ་བསྐྱོད་ན་སྤྱན་ལེགས་གྲོང་དབུས་སུ་བྱམས་ཁང་དེ་མཇལ་རྒྱུ་ཡོད། བྱམས་ཁང་དེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པར་དབུས་གཙང་གི་མཁས་པ་མི་བཅུའི་གྲས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སློབ་མ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་བླ་མ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་མཆོག་[page 181] ནས་ཕྱག་བཏབ་གནང་མཛད། ཞང་སྣ་ནམ་རྡོ་རྗེས་ཉིན་གཅིག་ལ་འཕན་པོའི་བྱམས་པ་སྤུན་གསུམ་བཞེངས་གནང་བ་ལ་རྭག་མ་དང་རྒྱལ་གྱི་བྱམས་པ་ཐོག་སོ་ཉིས་ཐོག་དང་། སྤྱན་ལེགས་བྱམས་པ་ཐོག་སོ་གསུམ་ཐོག་ཅན་བཞེངས་གནང་མཛད། སྤྱན་ལེགས་བྱམས་པ་སྤྲུལ་སྐུའི་ཆ་བྱད་ཡིན་དོན་ནི་རིགས་ལྔ་ཐེངས་གསུམ་ཕུལ་ཀྱང་མ་བཞེས་སྟབས་དེའི་ས་ཡིས་བྱམས་ཁང་དེ་དང་ཉེ་བའི་ལྟད་སྟེང་སྒང་ཞེས་པར་རིགས་ལྔ་ལྷ་ཁང་ཞེས་པ་ཞིག་བཞེངས་གནང་མཛད། སྔོན་གྱི་སྤྱན་ལེགས་བྱམས་པ་ནི་ཐོག་སོ་གསུམ་ཐོག་ཅན། བྱམས་པ་སྤུན་གསུམ་ནང་ནས་བྱམས་པ་འདི་སྤྱན་ལེགས་པས་སྤྱན་ལེགས་བྱམས་པ་ཞེས་དང་། ད་དུང་འཁོར་ཉེ་སྲས་བརྒྱད་དང་། རྩིག་ལྡེབས་སུ་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད། སྔོན་རྒྱལ་སྟོད་ཀྱི་ཁོངས་ཡིན།

ད་ལྟ་བྱམས་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་བྱམས་པའི་སྐུ་ཚབ་ཐོག་སོ་གསུམ་ཐོག་ཅན་གསར་བཞེངས་གནང་བ་དང་། རྩིག་ལྡེབས་སུ་སྔོན་གྱི་སྐུ་བརྙན་གྱི་རྗེས་ཤུལ་དང་། ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ཡང་བྱམས་ཁང་དེ་ནས་རྐང་ཐང་མར་ཆུ་ཚོད་གཅིག་མ་ཟིན་ཙམ་སོང་ན་རྒྱལ་སྟོད་ཡང་དགོན་རིན་པོ་ཆེའི་རི་ཁྲོད་ཡང་དགོན་རི་ཁྲོད་ཅེས་པ་དང་། གངས་རྒྱ་རི་ཁྲོད། ཐར་པ་གླིང་བཙུན་དགོན། ཉི་མ་དབྲག་དགོན་པ་དང་རི་ཁྲོད་ཀྱི་རྗེས་ཤུལ་སོགས་མཇལ་རྒྱུ་ཡོད།

སེ་སྨུག་དགོན།

སེ་སྨུག་ཅེས་པ་ནི། གནས་དེར་ཤིང་སེ་བ་སྨུག་པོ་མང་པོ་སྐྱེས་ཡོད་སྟབས་སེ་སྨུག་ཅེས་པ་དེ་ལྟར་ཐོགས། སྤྱན་ལེགས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་ཤར་ངོས་ཀྱི་རི་ལྡེབས་སུ་སྤྱི་ལེ་ལྔ་ཙམ་སོང་ན་ཀླུ་སྟོད་ཅེས་པའི་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ཐོག་མར་རི་སྟེང་དུ་ཕྱག་འདེབས་གནང་མཛད་པ་ལ་རྗེས་སུ་ད་ལྟའི་གནས་དེར་སྤོས་གནང་མཛད། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གི་སྐུའི་[page 182] སྐྱེ་བ་འཕགས་པ་བྱང་ཆུབ་ཚུལ་ཁྲིམས་གཉེན་ཆེན་ཐང་ལྷའི་ཁོངས་སེང་དུ་བཞུགས་སྐབས་སེང་གེའི་འོ་མ་བཞོས་པའི་འོ་མས་རིལ་བུ་སྒྲིལ་གནང་མཛད་པ་ལ་རྗེས་སུ་རྒྱལ་སྟོད་གྲྭ་ཚང་གི་གཡང་སྒམ་ནང་དུ་ཡོད་པ་ལ་ཆར་འབེབས་གནང་སྐབས་ཀྱང་གཡང་སྒམ་ནང་ནས་རིལ་བུ་བཏོན་ནས་ཀླུ་བརྒྱད་ཅེས་པའི་མཚོའི་ནང་མཚོ་རྫས་བཏབ་སྟེ་ཆར་འབེབས་གནང་ན་ཆར་པ་ཕྲན་ཙམ་མ་བབས་པ་གཏན་ནས་མེད་ཅེས་ཟེར། དགོན་དེའི་འོག་གི་གྲོག་རོང་ནང་རྡོའི་མགོན་པོ་ཕྱག་དྲུག་ཅིག་ཡོད་པ་དེ་ནི་ད་ལྟའི་དགོན་དེ་ཕྱག་འདེབས་པའི་ལུང་བསྟན་མཁན་དེ་ཡིན་པ་དང་། དེའང་ཐོག་མའི་དགོན་རི་སྟེང་ནས་ད་ལྟའི་གནས་དེར་སྤོས་ཡོང་དུས་རྡོའི་མགོན་པོ་ཨ་ནི་ཞིག་གི་རྒྱབ་ཏུ་འཁུར་ནས་ཡོང་སྟེ་ད་ལྟའི་མགོན་པོ་ཡོད་ས་དེར་ངལ་གསོ་བརྒྱབ་ཏེ་ཆུ་བཏུང་། དེ་ནས་སླར་ཡང་འཁུར་ཡོང་རྩིས་བྱེད་སྐབས་མགོན་པོ་མ་ཐེག ད་ནང་ཐེག་པ་ལ་ད་ལྟ་མ་ཐེག་པ་ཅི་ཡིན་ཞེས་ཆིག་ལབས་བརྒྱབ་པས། མགོན་པོའི་སྐུ་བརྙན་གྱིས་ང་གྲོང་ནང་ཁྱེར་ཏེ་ཅི་བྱེད་དེ་ལས་འདིར་ཞོགས། དགོན་ཕ་ཀིར་ཐོབས་ཞེས་གསུང་བྱོན། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་བཙུན་མ་ཉེར་བདུན་ཙན་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད། རྒྱལ་སྟོད་གྲྭ་ཚང་གི་ཁོངས་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་རྗེ་ཡབ་སྲས་གསུམ་དང་། མགོན་ཁང་ནང་ལྷ་མགོན་ཆོས་གསུམ་དང་། དགྲ་ལྷ་སྣེའུ་ཀླུ་བདུད་བཙན་རྒོད་དང་། འབྲོག་བཙན་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ན་མོ་དགོན།

མཚན་གཞན་ལ་ན་མོ་ཐུབ་པ་ལྷ་ཁང་ཞེས་ཟེར། སེ་སྨུག་དགོན་ནས་སྤྱི་ལེ་བདུན་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་མར་ཡོང་དུས་ན་མོ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེར་ལྷ་ཁང་གཅིག་ཡོད་པ་དེར་ཐུབ་པ་གསུང་བྱོན་མ་ཞིག་ཡོད། དེ་ནི་ཞང་སྣ་ནམ་རྡོ་རྗེས་འཕན་པོར་[page 183] བྱམསཔ་སྤུན་གསུམ་བཞེངས་པ་གནང་སྐབས་ས་ཕུད་རྡོ་ཕུད་ཀྱིས་བཞེངས་གནང་བ་ཡིན་ཞེས་གསུངས། སྔོན་ལྷ་ཁང་དེར་སྐུ་གཉེར་ཨ་ནི་ཞིག་ཡོད་པ་ལ་ཉིན་ཞིག་ཨ་ནིའི་བ་ཕྱུགས་རྐུན་མས་ཁྲིད་འགྲོ་སྐབས། ཐུབ་པས་ཨ་ནི་ཨ་ནི་བ་ཕྱུགས་རྐུན་མས་ཁྲིད་འགྲི་གི་འདུག་ཅེས་གསུང་བྱོན་ཟེར། སྔོན་ཐུབ་པ་ལྷ་ཁང་དེར་སྐུ་གཉེར་གྲོང་མི་རེས་མོས་ཀྱིས་བྱེད་སྲོལ་ཡོད། རྒྱལ་སྟོད་ཀྱི་ཁོངས་ཡིན། འཕན་པོའི་བྱམས་པ་སྤུན་གསུམ་མཇལ་རྗེས་ཐུབ་པ་དེ་མ་མཇལ་ན་གོས་ལ་གོང་བ་མེད་པ་དང་གཅིག་མཚུངས་ཡིན་ཞེས་ཟེར།

ད་ལྟ་སྔོན་གྱི་ལྷ་ཁང་དེའི་ཤུལ་དུ་ལྷ་ཁང་དང་ཐུབ་པ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྣེ་མོ་དགོན།

མཚན་རྒྱས་པར་སྣེ་མོ་ཇོ་གདན་དགོན་ཞེས་ཞུ། ན་མོ་ཐུབ་པ་ལྷ་ཁང་ནས་སྤྱི་ལེ་བཅུ་ཙམ་སོང་ན་སྣེ་མོ་གྲོང་དུ་འབྱོར་ཞིང་གྲོང་དེའི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ཇོ་བོ་རྗེའི་སློབ་མ་ཇོ་གདན་བཟོད་པ་རྒྱ་མཚོས་སྤྱི་ལོ་༡༡༤༨ལོར་ཕྱག་འདེབས་གནང་མཛད། ཐོག་མར་ས་སྐྱ་ངོར་ལུགས་ཕྱག་བཞེད་མཛད་པ་ལ་རྗེས་སུ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་གཙོ་བོ་འབུམ་ནག་ཟིལ་པ་ཅན་ཞེས་གསེར་དངུལ་འདྲེས་མས་བྲིས་པ་དང་། ཤྭ་བ་དགོན་པའི་རྒྱ་གར་ཆུ་མིག་ཅེས་པ་ནས་འབུམ་ཚར་གསུམ་བཏོན་གནང་མཛད་པ་ལ་གཅིག་རྭ་སྒྲེང་དགོན་དང་། གཅིག་པོ་ཏོ་དགོན། གཅིག་དགོན་དེར་བཞུགས་ཞེས་གསུངས་པ་དེ་དང་། རྒྱལ་བ་བྱམས་པ་ཐོག་ཚད་མ་དང་འབྲེལ་བའི་དུས་གསུམ་སངས་རྒྱས། ཇོ་གདན་བཟོད་པ་རྒྱ་མཚོའི་གདུང་རྟེན་ཤོག་འདམ་ལ་གྲང་གསེར་བྱུག་པ་དང་། མཚལ་གྱི་དྲ་ཕྱེད་བཀོད་པ་ཐོག་སོ་གཅིག་མ་ཟིན་ཙམ་དང་། དགེ་འདུན་སུམ་ཅུ་སྐོར་གྱིས་ས་དགེ་གཉིས་ཀ་ཕྱག་བཞེད་མཛད་པ་རེད། དགོན་དེའི་རྡོ་གཅལ་དུ་ཇོ་བོ་རྗེའི་འབྲལ་མེད་མཆོད་རྟེན་ཞེས་བཀའ་གདམས་ལུགས་[page 184] ཀྱི་མཆོད་རྟེན་ཐོག་སོ་ལྔ་ཙམ་ཞིག་གི་ཁྲིས་སུ་ཤུག་སྡོང་ཆེན་པོ་ཞིག་བཅས་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་རྒྱལ་བ་བྱམས་པའི་སྐུ་བརྙན་དང་ཇོ་གདན་བཟོད་པ་རྒྱ་ཚོའི་སྐུ་ཤ་ཚལ་བུ་བཞུགས་པའི་འཇིམ་གྱི་མཆོད་རྟེན་སྔོན་གྱི་དེའི་ཚད་དང་། མགོན་ཁང་ནང་སྨན་འདམ་གྱི་མགོན་པོ་གུར་དང་། མགོན་པོ་ཕྱག་དྲུག་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གཟིམ་ཁུག་དགོན།

མཚན་གཞན་ལ་ཀརྨ་གླིང་ཡང་ཞུ། སྣེ་མོ་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་གཉིས་ཙམ་བྲག་དཀར་ཞོལ་ཏེ་སྔོན་གྱི་ཟ་དམ་རྫོང་ཤུལ་ནས་གཟིམས་ཁུག་ནང་སོང་ན་དགོན་དེར་འབྱོར། དགོན་དེ་ནི་ཐོག་མར་ཀརྨ་པ་སྐུ་ཕྲེང་དང་པོས་ཕྱག་འདེབས་གནང་མཛད། ཀ་རྨ་པ་སྐུ་ཕྲེང་དང་པོ་གནས་དེར་ཕེབས་ནས་ནུབ་གཅིག་གཟིམས་སྐབས་མནལ་སྤྲོ་པོ་ཁུག་སྟབས་རྗེས་སུ་དགོན་དེར་གཟིམས་ཁུག་ཅེས་ཐོགས། ཐོག་མར་ད་ལྟའི་དགོན་དེའི་ལྟག་ཏུ་ཀརྨ་གླིང་ཞེས་པར་དབྱར་ཁ་བཞུགས་ས་དང་། དགུན་ཁའི་བཞུགས་གནས་ནི་ད་ལྟའི་དགོན་གནས་ཡུལ་དེར་ཡིན། ཐོག་མར་ཀརྨ་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ་ཇུན་གར་དམག་དུས་གཏོར་སྐྱོན་ཆེན་པོ་བྱུང་། དགོན་དེ་ཐོག་མར་ཕོ་དགོན་ཡིན་པ་ལ་དེ་རྗེས་ཟ་དམ་རྫོང་དང་གུང་པོ་ཆེ་བའི་པཱ་ལགས་ཀྱིས་ཡུལ་འདིར་བུ་མོ་མང་པོ་འདུག་པས་བཙུན་དགོན་དགོས་མཁོ་ཆེ་བར་གཟིགས་ཏེ་བཙུན་དགོན་ཏུ་བསྒྱུར་བའི་ལོ་རྒྱུས་ཀྱང་ཡོད། སྔོན་འདུ་ཁང་ཀ་དྲུག་ནང་རྟེན་གཙོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། མགོན་པོ་ཕྱག་དྲུག སྲུང་མ་གཡུ་སྒྲོན་མ་བཅས་དང་། བཙུན་མ་བཞི་བཅུ་སྐོར་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་ཀྱི་ཡོད། ལོ་ལྟར་བོད་ཟླ་༡༡ཚེས་༡༥ཉིན་མ་ཎིའི་གྲོལ་དབྱངས་ཞེས་པའི་བཀའ་དབང་ཡང་གནས་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གྱང་གོག་སྟེང་གསར་བཞེངས་གནང་བའི་ནང་[page 185] སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་དེའི་འོག་ཏུ་གྲོག་རོང་ནང་ཞེས་པར་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་བརྒྱད་ཡོད་པའི་སྐུ་ཚབ་ཀྱང་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

བསམ་གཏན་སྟེང་།

མཚན་རྒྱས་པར་འབྲས་སྤྱིའི་དགོན་ལག་དབོན་དགོན་བསམ་གླིང་ཞེས་ཞུ། གཟིམས་ཁུག་དགོན་ནས་སྤྱི་ལེ་བཞི་ཙམ་སོང་ན་ལྷ་ལུང་ནང་དང་དེ་ནས་རི་འདེབས་སུ་སྤྱི་ལེ་གཉིས་གསུམ་ཙམ་འཛེགས་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་ཕ་དམ་པ་སངས་རྒྱས་ཀྱིས་དགོན་དེའི་རྒྱབ་རི་རྩེ་རིང་པ་ཞེས་པ་དེ་རྗེ་བཙུན་སྒྲོལ་མའི་དབྱིབས་འདྲ་བར་གཟིགས་ཏེ་དེའི་སྐུ་པང་ནང་དགོན་དེ་ཕྱག་འདེབས་གནང་མཛད། ཐོག་མར་གཙང་དགོན་ཡིན་པ་ལ་ཇུན་གར་དམག་དུས་དགོན་དེ་དང་ཉེ་བར་ཇོ་དགོན་དགོན་པ་སག་ཅེས་པ་དང་བཅས་གཏོར་སྐྱོན་ཆེན་པོ་བྱུང་། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་དབོན་དགོན་དུ་བསྒྱུར་གནང་ཏེ་སེ་ཁྱིམ་པ་བཅུ་གཉིས་ལས་གྲུབ་པའི་དབོན་པོའི་གྲྭ་པ་བཅུ་གཉིས་འཛུགས་གནང་མཛད། ས་དགེ་གཉིས་ཀ་ཕྱག་བཞེད་གནང་གི་ཡོད་ལ་འབི་ལུང་དགེ་བཤེས་ཞུ་བ་བླ་མར་བསྟེན་གནང་ནས་གཅོད་ཚོགས་ཀྱང་གཏོང་སྲོལ་ཡོད། སྔོན་འདུ་ཁང་ཀ་བ་བརྒྱད་ཀྱི་ནང་འཇིམ་གྱི་ཇོ་བོ་དང་། གསེར་ཟངས་ཀྱི་ཕ་དམ་པ་སངས་རྒྱས་ཀྱི་སྐུ་བརྙན་སོགས་བཞུགས་སུ་གསོལ་ཡོད། འཚོ་རྟེན་གཙོ་བོ་བསོད་སྙོམས་དང་། སྤྱི་ཞིང་སོན་ཁལ་གཉིས་ཙམ་ཡོད་པ་ལ་དེའི་ས་བོག་ནི་མཁར་རྩེ་རྫོང་དུ་སྐྱེལ་དགོས། ལོ་ལྟར་ཁྱིམ་དུད་གཉིས་རེ་བྱས་ཏེ་བོད་ཟླ་༡༡ཚེས་༡༢ནས་འགོ་བཙུགས་ཏེ་ཉིན་བཅུ་གཉིས་ཙམ་རིང་གཏོང་སྒོ་གཏོང་དགོས།

ད་ལྟ་སྔོན་གྱི་སྡེ་པ་ཚང་ཞེས་པར་གསར་བཞེངས་གནང་བའི་འདུ་ཁང་ནང་སྟོན་པའི་སྐུ་བརྙན་དང་། གུ་རུ་རིན་པོ་ཆེའི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ཡང་དགོན་དེ་ནས་གཡས་ངོས་སུ་རྐང་ཐང་མར་ཆུ་[page 186] ཚོད་སྐར་མ་ཁ་ཤས་སོང་ན་དགོན་པ་སག་ཅེས་པའི་བཙུན་དགོན་གྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

དགོན་པ་གསར་པ།

མཚན་རྒྱས་པར་དགོན་གསར་དཔལ་ལྡན་ཆོས་གྲྭ་ཞེས་ཞུ། ལྷ་ལུང་ནང་ནས་སྤྱི་ལེ་བཅུ་གཅིག་ཙམ་འཁོར་ལམ་བརྒྱུད་སོང་ན་དགོན་དེར་སླེབས། དགོན་དེ་ནི་སྤྱི་ལེ་༡༩༥༤ལོར་སེར་བྱེས་དགེ་བཤེས་འཇམ་དཔལ་འཇིགས་མེད་ཀྱིས་ཕྱག་འདེབས་གནང་མཛད། དགེ་བཤེས་འཇམ་དཔལ་འཇིགས་མེད་ནི་ཨ་མས་སྟོད་གངས་རིན་པོ་ཆེར་བསྐྱུར་བ་དང་། དགུང་ལོ་༡༦ལ་ལྷ་སར་ཨ་མ་འཚོལ་དུ་ཕེབས། དེ་ནས་ཉང་བྲན་ཕུར་སྐུ་མཚམས་སུ་བཞུགས་པ་དང་དེ་རྗེས་སེར་བྱེས་གྲྭ་ཚང་དུ་ཆོས་བཞུགས་གནང་། ཕྱག་དཔེ་འགྲན་ཟླ་བྲལ་བས་རྟགས་གསལ་གྱི་ཁ་གཏད་སུས་ཀྱང་མ་ཆོག འོན་ཀྱང་དགེ་བཤེས་གཏོང་གནང་མི་ཐུབ་མ་དང་། རྭ་སྒྲེང་དམག་སོགས་ཀྱིས་དགོན་པར་ཞུགས་མ་ཐུབ་པར་གནས་ངེས་མེད་དུ་ཕེབས་ཏེ་མཐར་དགོན་དེ་ཕྱག་བཏབ་གནང་མཛད། དེ་ནས་ཟད་དུག་ཕོགས་པ་དང་དུག་ཕུལ་མཁན་མཁྱེན་ཀྱང་རྩད་གཅོད་མ་གནང་། འོན་ཀྱང་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུས་གསོལ་སྨན་ཕུལ་གནང་བས་སྙུན་གཞི་དྭངས། གཟིམས་སྤྱོད་ནང་དུག་སྦྲུལ་གསོན་པོ་མཐོང་རྒྱུ་བྱུང་ཞེས་གསུངས《སྣ་ཐག་རང་མགོ》ཞེས་པའི་ལྗགས་རྩོམ་ཡང་གནང་ཡོད། དེ་ནས་བཟུང་སྨན་རྩིས་ཁང་ནས་ལོ་ལྟར་གསོལ་ཕོག་འབྲུ་ཁལ་བརྒྱ་རེ་འབུལ་སྲོལ་ཆགས། མཐར་དགུང་ལོ་སོ་བདུན་ཐོག་རྭ་སྒྲེང་དུ་སྐུ་གཤེགས། སྔོན་འདུ་ཁང་ཀ་བཞིའི་ནང་རྗེ་ཡབ་སྲས་གསུམ་དང་ཞོལ་བཀྲས་ཁང་ནས་ཕུལ་བའི་ཇོ་བོའི་སྐུ་བརྙན། དགེ་འདུན་ཞལ་གྲངས་བཅུ་དགུ་སྐོར་གྱིས་མདོ་ཆོག་དང་གཞུང་ཆེན་མོར་ཐོས་བསམ་མཛད་དེ་ཆོས་རའང་ཚོགས་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་གསར་བཞེངས་གནང་བའི་འདུ་ཁང་ཀ་[page 187] བཞིའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ལྷ་མོ་ཁང་།

དགོན་པོ་གསར་པ་ནས་སྤྱི་ལེ་གཅིག་གཉིས་ཙམ་འཁོར་ལམ་བརྒྱུད་སོང་ན་ལན་པོ་གྲོང་(ཡིག་ཐོག་ཏུ་ཉན་པོ་ཞེས་བྲིས)གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། ལན་པོ་ཞེས་པ་ནི། རྗེ་ཙོང་ཁ་པ་གནས་དེར་ཕེབས་ཏེ་བཞུགས་སྐབས་བཀོག་སྐྱིད་ཕྱུག་པོས་སྦྱིན་བདག་མཛད། བཀོག་སྐྱིད་ཕྱུག་པོའི་ནང་གི་ཨ་མ་བུ་ཁྲིད་ཅེས་པས་སྟོད་འགག་ཅིག་བཟོས་ནས་རྗེ་ཙོང་ཁ་པར་ཕུལ་བས། རྗེ་ཙོང་ཁ་པས་དེ་བཞེས་ནས་ཨ་མ། འདི་ང་ལ་ལན་ལོད་འདུག་གམ་ཞེས་གསུང་པར། ཨ་མས་ལན་པོ་འདུག་ཅེས་ཞུས་པས་ད་འོ་ན་ས་འདིར་ལན་པོ་ཞེས་ཐོགས་གསུངས་པས་དེ་ནས་བཟུང་ཡུལ་དེར་ལན་པོ་ཞེས་འབོད། ཡང་རྗེ་ཙོང་ཁ་པ་ཚེམས་བསྙུན་ནས་བཞུགས་སྐབས་བཀོག་སྐྱིད་ཀྱི་ཁྱིམ་དུ་ཚེམས་བཀོག་གནང་ནས་སྤྲོ་པོ་བྱུང་སྟབས་ཁྱིམ་དེར་བཀོག་སྐྱིད་ཅེས་བཏགས་གནང་མཛད་པས་ད་ལྟའང་མིང་དེ་གཉིས་དེ་ལྟར་འབོད་ཀྱི་ཡོད། ལྷ་མོ་ཁང་ནི། ཉན་པོ་ཤཱཀྱ་རྒྱལ་མཚན་གྱིས་འཛིན་སྐྱོང་གནང་། སྔོན་ལྷ་ཁང་དེའི་སྦུག་གི་ཀ་བ་གཉིས་ནང་ས་དགེ་གཉིས་ཀྱི་སྲུང་མ་དུད་སོལ་མ་དང་། དམག་ཟོར་མ་ཡོད། དགོན་དེར་ས་དགེ་གཉིས་ཡོད་པས་གཡས་ངོས་སུ་དགེ་ལུགས་དང་། གཡོན་ངོས་སུ་ས་སྐྱ་ཡིན། ས་སྐྱའི་ལྷ་ཁང་ནང་གསེར་གདུང་ཞིག་དང་དངུལ་གདུང་ཞིག་ཡོད། ཕྱི་ལ་མཆོད་རྟེན་དཀར་པོ་ཞིག་ཡོད་པ་དེ་ལ་དཀར་པོ་ཆིག་ཐུབ་ཅེས་ཟེར། གསེར་གདུང་དང་དངུལ་གདུང་གི་བར་དུ་ཉེན་ཆེན་བསོད་ནམས་བརྟན་པའི་སྐུ་གདུང་བཞུགས་པའི་ས་འབུར་ཞིག་ཀྱང་ཡོད། ཡུལ་ལྷ་གསུམ་ཡོད་པ་ནི་ཕོ་ལྷ་ཞང་པོ་དང་། སྤོ་བོ་སྐྲ་དཀར། བྲག་ནག་གདོང་བཙན་བཅས་གསུམ་ནི་གུ་རུས་བདམས་འདོག་གནང་བའི་ལྷ་ཡིན་ཟེར། སྔོན་ཉན་པོ་གྲོང་ཡོངས་ལ་ལྕགས་རི་དང་། ལྕགས་རིའི་བར་མཚམས་[page 188] སུ་ཚྭ་ཁང་རེ་ཡོད་པ་དེའི་ནང་ཡོད་པའི་ཚྭ་ནི་ཉན་པོ་འཇམ་དབྱངས་ཀྱི་ཕྱག་ཚྭ་ཡིན་ཞེས་ཟེར། སྔོན་བོད་ཟླ་༡༡ཚེས་༢༨.༣༠བར་དགེ་ལུགས་པས་ཆོས་རྒྱལ་དང་། ས་སྐྱ་བས་ལྷ་མོའི་སྒོ་ནས་གར་འཆམ་བསྐྱོན་སྲོལ་ཡོད།

ད་ལྟ་ལྷ་མོ་ཁང་སྔོན་གྱི་དེ་གའི་ནང་ལྷ་མོའི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ཕུ་ལ་ཕྱིན་ན་ས་སྐྱའི་བཙུན་དགོན་མགོན་ཁང་ཞེས་པ་དང་། ཁྲོ་མོ་བྲག་ཅེས་པའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད།

ཤར་དགོན།

མཚན་རྒྱས་པར་འཕན་ཡུལ་གང་ཤར་དག་སྣང་དགོན་ནམ་ཁྲི་རྒལ་སྒང་ཞེས་སོགས་ཞུ། ཉན་པོ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་ཙམ་སོང་ན་དགོན་དེར་སླེབས། དགོན་དེ་ནི་ཤ་ར་བ་ཡོན་ཏན་གྲགས་ཀྱིས་ཕྱག་འདེབས་གནང་མཛད། ཤ་ར་བ་ཡོན་ཏན་གྲགས་ནི། སྤྱི་ལོ་༡༠༧༠ལོར་སྐུ་འཁྲུངས་༡༡༤༢ལོར་སྐུ་གཤེགས། སྐུ་གཞོན་ནུའི་དུས་ཡབ་ཡུམ་ནས་ཁྱིམ་ཐབས་བསུ་བར་བརྩམས་ཀྱང་མ་ཆགས་པར་དགུང་ལོ་བཅུ་དགུའི་ཐོག་པོ་ཏོ་བའི་སྤྱན་སྔར་རབ་ཏུ་བྱུང་། མཚན་ལ་ཡོན་ཏན་གྲགས་སུ་གསོལ། མདོ་རྒྱུད་ཡོངས་ལ་གསན་བསམ་མཛད་དེ་རྣམ་སྤྱོད་འགྲན་ཟླ་བྲལ་བ་བྱུང་། རྒྱལ་པོ་དགེ་བ་དཔལ་གྱི་སྤྲུལ་པ་ཡིན་ཞེས་གྲགས། པ་ཚབ་ལོ་ཙཱ་བའི་དབུ་མའི་འཕྲིན་ལས་སྤེལ་བའི་གྲོགས་དན་མཛད། ཇོ་བོའི་བྱང་ཆུང་ལམ་སྒྲོན་ལ་བརྟེན་ནས་སེམས་བསྐྱེད་ལུགས་གཉིས་གཅིག་པའི་གྲུབ་མཐའ་མཛད། པོ་ཏོ་བ་གཤེགས་རྗེས་པོ་ཏོ་བའི་སློབ་མ་ཕལ་ཆེར་ཁོང་ལ་འདུས་པས་ཚོགས་པ་གསུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་བྱུང་། བཤད་པ་ཕལ་ཆེར་གཞུང་ཆེན་པོ་ཁོ་ན་མཛད། སློབ་མ་འཕྲིན་ལས་ཅན་མང་པོ་བྱུང་བའི་ནང་བྱང་ཆུབ་སེམས་ཀྱི་བཀའ་བབས་སྟབས་ཀ་བ། རྟོགས་པའི་བཀའ་བབས་རོང་སྟོན་ཤེས་འོད། འཕྲིན་ལས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས། ལོངས་སྤྱོད་ཀྱི་བཀའ་[page 189] བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་སོགས་བྱུང་། ཐོག་མར་ཁྲི་རྒལ་སྒང་ཞེས་ཕོ་དགོན་ཡིན་པ་ལ་སྔོན་བུ་མོ་གསུམ་གནས་དེར་གནས་སྐོར་དུ་ཕེབས་ཏེ་གནས་ཚང་གཡར་མཁན་མ་བྱུང་སྟབས་དགོན་དེ་མོ་དགོན་དུ་འགྱུར་བ་ཤོག་ཅེས་སྨོན་ལམ་བཏབ་པས་མཐར་མོ་དགོན་དུ་འགྱུར་ཞེས་ཟེར། གནས་མོ་སྤུན་གསུམ་ཟེར་བའི་མཆོད་རྟེན་གསུམ་ཡང་དེ་གསུམ་གྱི་མཆོད་རྟེན་ཡིན་ཟེར། བཙུན་དགོན་དེ་གྲགས་ཆེ་བ་ནི་གནས་དེར་བྱིན་ཅན་གྱི་མཆོད་རྟེན་ཧ་ཅང་མང་པོ་ཡོད་སྟབས་སུས་ཀྱང་གྲངས་ཀ་མི་ཐེབས་ཟེར། མཆོད་རྟེན་ཕལ་ཆེ་བར་སྐྱེས་བུ་དམ་པ་ཚོའི་སྐུ་གདུང་དང་། སྐུ་རུས། རྟེན་རྫས་སོགས་བཞུགས་སུ་གསོལ་བ་ཤ་སྟག་ཡིན། དེའང་དགེ་བའི་བཤེས་གཉེན་ཤ་ར་བའི་གདུང་རྟེན་མཆོད་རྟེན་རྒྱ་ཕིབས་ཅན་དང་དེའི་མདུན་དུ་མཆོད་པ་སྣ་ལྔ་ཚང་བའི་མཆོད་རྟེན་ཁ་བ་མི་ཆགས་པ། དེའི་གཡོན་དུ་ཤ་ར་བའི་ལྕམ་སྲིང་ཨ་མ་ར་གཅིག་མར་གྲགས་པའི་ར་གཅིག་གི་ཞོས་དགེ་འདུན་སྟོང་ཕྲག་བརྒྱད་ལ་ཞོ་སྟོན་འདྲེན་ཞེས་པ་དེའི་སྐུ་གདུང་དང་ཞོ་ཁོག དེའི་ཤར་དུ་མཁའ་འགྲོ་མ་ནམ་མཁའ་འབུམ་དང་ཤེས་རབ་འབུམ་གཉིས་ཀྱིས་ཤ་ར་བ་སྙུན་པའི་དུས་སུ་རྒྱ་གར་ནས་ཨ་རུ་ར་གསེར་འདོག་རྣམ་རྒྱལ་གསོས་པ་བདུན་ཕྱི་དྲོ་གཅིག་ལ་བླངས་ནས། གཅིག་ཤ་ར་བ་ལ་ཕུལ་བས་སྙུན་ལས་དྭངས། གཞན་རྣམས་རྗེས་འཇུག་ལ་ནད་ཀྱི་གཉེན་པོར་མཁའ་འགྲོ་རྣམ་གཉིས་ཀྱི་སྐུ་གདུང་དང་ལྷན་དུ་གསུམ་རེ་བཞུགས། དེའི་ཤར་དུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐུ་རུས་བཞུགས་པའི་མཆོད་རྟེན། དེའི་ཤར་དུ་ཇོ་གདན་བཟོད་པ་རྒྱ་མཚོའི་སྐུ་གདུང་བཞུགས་པའི་མཆོད་རྟེན། དེའི་ཤར་དུ་ཕ་དམ་པ་སངས་རྒྱས་ཀྱི་སྤྲུལ་པ་ཀུན་མཁྱེན་རོང་པོའི་ཚེམས་དང་། རིང་བསྲེལ་བཞུགས་པའི་མཆོད་རྟེན། དེའི་ནུབ་བྱང་དུ་གླང་ཐང་པའི་ཐུགས་དམ་ཐང་སྐུ་ཕྱག་ནས་མ་ཞེས་བཞུགས་པའི་མཆོད་རྟེན། དེའི་ནུབ་ཏུ་ཤ་ར་བའི་བཀའ་བབས་རམ་ལྡིང་མ་འབྱུང་གནས་རྡོ་རྗེའི་རིང་བསྲེལ་བཞུགས་པའི་མཆོད་རྟེན། དེའི་ཤར་དུ་སྐུ་རིམ་མཆེད་བཞིའི་མཆོད་རྟེན། དེའི་ཤར་དུ་སྒྲུབ་[page 190] ཐོབ་དབུས་སྨྱོན་པ་ཀུན་དགའ་བཟང་པོའི་མཆོད་རྟེན། དེའི་བྱང་དུ་ཀུན་མཁྱེན་རྒྱལ་བ་ཆེན་པོའི་གདུང་རུས་བཞུགས་པའི་མཆོད་རྟེན། སྐུ་རིམ་མཆེད་བཞིའི་མཆོད་རྟེན་དེའི་ཤར་དུ་གྲུབ་ཐོབ་དབུས་སྨྱོན་པ་ཀུན་དགའ་བཟང་པོའི་མཆོད་རྟེན། དེའི་བྱང་དུ་ཀུན་མཁྱེན་རྒྱལ་བ་ཆེན་པོའི་གདུང་རུས་བཞུགས་པའི་མཆོད་རྟེན། སྐུ་རིམ་མཆོད་བཞིའི་བྱང་ཤར་དུ་རྒྱ་གར་གྱི་ས་སྣ་རྡོ་སྣ་ལས་གྲུབ་པའི་མཆོད་རྟེན། དེའི་ཤར་དུ་ནཱ་རོ་པའི་གསོལ་ལྷུང་བེེཊཱུརྱ་ལས་གྲུབ་པའི་ནང་དུ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རིང་བསྲེལ་བྲེ་གང་བཞུགས་པའི་མཆོད་རྟེན། དེའི་མདུན་ན་པོ་ཏོ་བའི་ཉེ་གནས་གྲུབ་པ་ཐོབ་པ་གསུམ་གྱི་མཆོད་རྟེན། དེའི་བྱང་ཤར་དུ་པོ་ཏོ་བ་ཡབ་སྲས་ཀྱི་མཆོད་རྟེན། དེའི་མདུན་དུ་མཉམ་མེད་དྭགས་པོ་ལྷ་རྗེའི་བླ་མ་རྒྱ་ལྕགས་རི་གོང་ཁ་བ་ཆེན་པོ་ཆོས་ཁྲིའི་ཐོག་ཏུ་སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་བཞུགས་པའི་མཆོད་རྟེན། དེའི་མདུན་དུ་གཏུམ་སྟོན་བློ་གྲོས་གྲགས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན། དེའི་མདུན་དུ་བླ་མ་བྲག་ནག་པའི་མཆོད་རྟེན། དེའི་མདུན་དུ་བླ་མ་དག་ཆས་པའི་མཆོད་རྟེན། དེའི་ལྷོ་རུ་སྣེའུ་ཟུར་པ་ཡེ་ཤེས་འབར་བའི་རིང་བསྲེལ་བཞུགས་པའི་མཆོད་རྟེན། དེའི་ནུབ་ཏུ་ཕུ་ཆུང་བའི་རིང་བསྲེལ་བཞུགས་པའི་མཆོད་རྟེན། དེའི་ནུབ་ཏུ་ཆོས་དབྱིངས་རང་གྲོལ་གྱི་མཆོད་རྟེན། དེའི་མདུན་དུ་གནས་མོའམ་བུ་མོ་སྤུན་གསུམ་གྱི་མཆོད་རྟེན། དེའི་ནུབ་ཏུ་ཁ་རག་སྒོམ་ཆུང་བློ་གྲོས་དབང་ཕྱུག་གི་རིང་བསྲེལ་བཞུགས་པའི་མཆོད་རྟེན། དེའི་ལྷོ་ནུབ་ཏུ་གནས་བརྟན་དཀའུ་བའི་མཆོད་རྟེན། དེའི་ནུབ་ཏུ་མཚུངས་མེད་ཆོས་རྗེའི་མཆོད་རྟེན། དེའི་གཡས་ཟུར་ན་བླ་མ་བན་རོགས་པའི་མཆོད་རྟེན། དེའི་ནུབ་ཏུ་དྲུང་གནས་ཀུན་དགའ་བསམ་གཏན་གྱི་མཆོད་རྟེན། དེའི་རྒྱབ་ཤར་ན་བྱ་བཏང་ཚེ་གཅིག་སྲེབ་པའི་མཆོད་རྟེན། དེའི་བྱང་ན་བྱ་བཟང་པའི་མཆོད་རྟེན། དེའི་བྱང་ན་དབུས་རས་པ། མཁྱེན་རབ་མཆོག་གྲུབ་བཟང་པོ། ཤཱཀྱ་འོད་མཆོག དབེན་ཤར་སྔ་མ། ཞོལ་རྒྱལ་བ་བཅས་ཀྱི་མཆོད་རྟེན། དྲུང་གནས་ཀུན་བསམ་པའི་ནུབ་ཏུ་[page 191] ཁུན་པོ་བསམ་གྲུབ་རྒྱལ་མཚན་གྱི་མཆོད་རྟེན། དེའི་ནུབ་ཏུ་དགེ་བཤེས་བློ་བཟང་དར་རྒྱས། དེའི་ནུབ་ཏུ་ཐར་པ་དབབ་བརྩེགས་ཀྱི་མཆོད་རྟེན། དེའི་ནུབ་ཏུ་འགྲོ་མགོན་རྡོ་རྗེ་པའི་མཆོད་རྟེན། དེའི་ཞོགས་སུ་བྲག་རྒྱབ་ཀུན་སྤངས་པའི་མཆོད་རྟེན། དེའི་ནུབ་བྱང་དུ་སྐལ་བའི་མར་མེ་བཞུགས་པའི་མཆོད་རྟེན། དེའི་ནུབ་ཏུ་གྲུབ་ཐོབ་ཊ་མ་རུ་པའི་སྐུ་གདུང་བཞུགས་པའི་མཆོད་རྟེན་སོགས་མཆོད་རྟེན་ཇི་སྙེད་དང་། གཞན་ཡང་འདུ་ཁང་ནང་ཨ་རང་བྱོན། ཆུ་མིག་ཡན་ལག་བརྒྱད་ལྡན་གྱི་མདུན་ངོས་སུ་ཕ་བོང་ཞིག་པ་ཐོག་རྒྱབ་པ་ལས་ཐོན་པའི་ཤ་ར་བའི་འདྲ་སྐུ་རང་བྱོན་མཐོ་གང་ཙམ་གྱིས་གཙོས་རྟེན་སྐུ་ཇི་སྙེད། གཞན་ཡང་སྐོར་ལམ་དུ་རང་བྱོན་སྣ་ཚོགས་སོགས་མཇལ་རྒྱུ་ཡོད།

ད་ལྟ་གཙོ་བའི་མཆོད་རྟེན་རྣམས་ཉམས་གསོ་ཞུས་པ་དང་། གསར་བཞེངས་གནང་བ་ཉི་བརྒྱ་སྐོར་ཡོད་ཅེས་གསུངས།

སྣ་མཁར་དགོན།

ཤར་དགོན་པ་ནས་མུ་མཐུད་སྤྱི་ལེ་བདུན་ཙམ་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་མདུན་གྲོང་ཞེས་པར་འབྱོར། དེ་ནས་རྐང་ཐང་མར་ཆུ་ཚོད་ཕྱེད་ཙམ་ཡར་འཛེགས་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་དགོན་དེའི་གཡས་ངོས་ཀྱི་སྒྲུབ་གདན་སྒང་ཞེས་པར་སྒྲུབ་པ་པོ་དྲུག་སྒྲུབ་པ་བསྐྱོན་ནས་བཞུགས་པའི་སྒྲུབ་ཁང་ཆུང་ཆུང་ཞིག་ཡོད་པ་ལ་རྗེས་སུ་ད་ལྟའི་དགོན་གནས་ཡུལ་དེར་ས་སྐྱ་པཎ་ཆེན་ཤཱཀྱ་མཆོག་གི་དངོས་སློབ་པཎ་ཆེན་རྡོ་རྒྱལ་བས་ཕྱག་བཏབ་གནང་མཛད་ཅེས་ཟེར། སྔོན་སྟག་ལུང་དགོན་གྱི་དགོན་ལག་ཡིན། སྔོན་འདུ་ཁང་ཀ་བ་བཅུའི་ནང་རྟེན་གཙོ་སྤྱན་རས་གཟིགས་ཕྱག་བཞི་པ་ཞིག་དང་། སྟག་ལུང་ཐང་པའི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད། བཙུན་མ་དྲུག་ཅུ་སྐོར་གྱིས་སྟག་ལུང་བཀའ་བརྒྱུད་ཕྱག་བཞེད་མཛད་ཀྱི་ཡོད། ལོ་ལྟར་བོད་ཟླ་༡༡ཚེས་༡-༡༡བར་མཎིའི་སྒྲུབ་ཞག་དང་ཟླ་4ནང་སངས་རྒྱས་རབས་བདུན་ཞེས་ཚོགས་གནང་སྲོལ་ཡོད།

[page 192]

ད་ལྟ་སྔོན་གྱི་འདུ་ཁང་གྱི་གྱང་རོའི་སྟེང་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

འབྲི་ལུང་དགོན།

སྣ་མཁར་དགོན་ནས་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བརྒྱད་ཙམ་སོང་ན་བཙུན་དགོན་དེར་སླེབས་ཀྱི་རེད། འབྲི་ལུང་ཞེས་པ་ནི། སྒྲུབ་ཐོབ་དབུས་སྨྱོན་པ་གང་སར་གནས་སྐོར་དུ་ཕེབས་ནས་མཐར་འབྲི་ཞིག་གིས་ལུང་བསྟན་པ་ལྟར་གནས་དེར་བཞུགས་སྟབས་འབྲི་ལུང་པ་ཞེས་པ་དེ་ལྟར་བྱུང་གསུངས། ཐོག་མར་སྟག་ལུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ་སྤྱི་ལོ་༡༩༣༥ཙམ་ལ་བྲག་རྒྱབ་རིན་པོ་ཆེ་གནས་དེར་བཞུགས་པ་ནས་བཟུང་བཙུན་མ་སུམ་ཅུ་སོ་གཉིས་སྐོར་གྱིས་དགེ་ལུགས་ཕྱག་བཞེད་མཛད་པས་དགའ་ལྡན་ཆོས་འཁོར་གླིང་གི་དགོན་ལག་ཏུ་འགྱུར།

རྒྱ་གྲགས་དགོན།

མཚན་རྒྱས་པར་རྒྱ་གྲགས་བསམ་གཏན་ཐེག་མཆོག་གླིང་ཞེས་ཞུ། འབྲི་ལུང་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་གཉིས་ཙམ་སོང་ན་ཀུ་རུ་གྲོང་ཞེས་པར་འབྱོར་ཞིང་དེ་ནས་འཁོར་ལམ་ཡོད་ཀྱང་གཟར་ཟུག་ཆེ་བས་རྐང་ཐང་མར་ཆུ་ཚོད་ཕྱེད་ཙམ་སོང་ན་དགོན་དེར་འབྱོར། དགོན་དེ་ནི་ཕ་དམ་པ་སངས་རྒྱས་ཀྱི་ཕྱག་བཏབ་གནང་མཛད། ཐོག་མར་ཕོ་དགོན་ཡིན་པ་ལ་རྗེས་སུ་བཙུན་དགོན་དུ་འགྱུར། སྟག་ལུང་དགོན་གྱི་དགོན་ལག་ཡིན་པས་སྟག་ལུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་རེད། སྔོན་བཙུན་མ་བརྒྱད་ཅུ་སྐོར་གྱིས་ཞི་བྱེད་ཁྲོ་མ་ནག་མོ་དང་དང་ལྟུང་བཤགས་ཀྱི་ཆོ་ག་སོགས་གསུང་སྲོལ་ཡོད། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ནང་ཕ་དམ་པ་སངས་རྒྱས་དང་། དམ་པ་ལུགས་ཟུང་མ། དམ་པ་གཏེར་སྟོན་མ་སོགས་བཞུགས། དམ་པ་གཏེར་སྟོན་མ་ནི་དམ་པ་བྲག་ཕུག་ནས་གཏེར་སྟོན་གནང་བ་རེད་ཅེས་ཞུ།

[page 193]

ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྣེའུ་ཟུར་དགོན།

རྒྱ་གྲགས་དགོན་ནས་སྤྱི་ལེ་བཅུ་ཙམ་འཁོར་ལམ་བརྒྱུད་སོང་ན་དགོན་དེར་སླེབས་ཀྱི་རེད། སྣེའུ་ཟུར་དགོན་ནི། ཐོག་མར་ད་ལྟའི་དགོན་དེའི་ལྟག་ཏུ་དགེ་འདུན་ཉིས་སྟོང་སྐོར་བྱུང་བའི་དགོན་ཞིག་ཡོད་པ་ལ་ད་ལྟའི་དགོན་དེ་ནི་ཕྱིས་སུ་གསར་བཞེངས་གནང་སྟེ་སྣེའུ་ཟུར་དགོན་ཞེས་འབོད་པ་ཡིན། དགེ་བཤེས་སྣེའུ་ཟུར་པ་ནི། དཔྲལ་སྡེའི་ཕྱོགས་སུ་ཐོད་པ་སྒང་ཞེས་པར་ཨ་མ་ར་གཅིག་མ་ཞེས་པར་འཁྲུངས། ཨ་མ་ར་གཅིག་མ་ཞེས་པ་ནི། ར་གཅིག་ལས་མེད་ཀྱང་དེའི་འོ་མས་དགེ་འདུན་མང་པོར་གསོལ་ཞོ་ཕུལ་ཐུབ་ཅེས་གསུངས། སྣེའུ་ཟུར་པ་སྐུ་ན་ཆུང་དུས་ནས་འཇིག་རྟེན་གྱི་བྱ་བར་མི་གཡེང་བར་ཆོས་སྤྱོད་ཁོ་ནའི་སྤྱོད་ལམ་བཟུང་། དགེ་བཤེས་པོ་ཏོ་བའི་དྲུང་ནས་བསྙེན་པར་རྫོགས། དེ་རྗེས་རྭ་སྒྲེང་དུ་ཕེབས་ནས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། གནས་དེར་མི་ལོ་བཞི་བཅུའི་རིང་སྐུ་མཚམས་མཛད། ཐུན་མཚམས་སུ་ཕྱག་ཚ་འབུམ་གཅིག་བཏབ་གནང་ནས་འབུམ་མོ་ཆེ་ཞེས་པའི་མཆོད་རྟེན་བཞེངས། མཐར་དགུང་ལོ་བདུན་ཅུ་དོན་གསུམ་ཐོག་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུ་སྐབས་དབུའི་སྤྱི་བོ་ནས་འོད་དཀར་པོ་ནམ་མཁར་སོང་བ་ཀུན་གྱིས་མཐོང་། རྗེ་བཙུན་མི་ལ་སྟོད་དུ་བཞུགས་སྐབས་གསན་པས་བོད་ཀྱི་རྣལ་འབྱོར་པའི་ནང་ནས་སྣེའུ་ཟུར་པ་ལས་ལྷག་པ་ཞིག་མ་བྱུང་གསུངས། ད་ལྟ་འབུམ་ལོ་ཆེ་དང་དགེ་བཤེས་རིན་ཆེན་སྒང་པ། ཚར་རོང་ཇོ་དམ་པ། གཙང་སྨྱོན་སྔ་ཕྱི་གཉིས། ཨ་མ་ར་གཅིག་མ་སོགས་ཀྱི་མཆོད་རྟེན་གསར་བཞེངས་གནང་བའི་ཉེ་འགྲམ་དུ། འདུ་ཁང་ཀ་བ་བཅུ་དྲུག་ཅན་གསར་བཞེངས་གནང་བའི་ནང་སྣེའུ་ཟུར་པའི་སྐུ་བརྙན་སོགས་རྟེན་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།[page 194]

རིན་ཆེན་བྲག

སྣེའུ་ཟུར་ནས་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་ཙམ་ཤར་ངོས་སུ་སོང་ན་སྒང་པ་གྲོང་ཚོའི་རྒྱབ་རིའི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་རྒྱལ་བ་འབྲོམ་སྟོན་པས་རྭ་སྒྲེང་ཕྱག་བཏབ་གནང་རྗེས་དགོན་དེ་ཕྱག་བཏབ་གནང་མཛད། སྔོན་འདུ་ཁང་ཀ་བ་སོ་གཉིས་ནང་རྟེན་གཙོ་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་དང་། མགོན་ཁང་ནང་ཡིད་དམ་རྡོ་རྗེ་འཇིགས་བྱེད་སྐུ་སྨད་མིས་བཞེངས་པ་ལ་སྐུ་སྟོད་རང་བཞིན་དུ་ཕེབས་པ། སྐུ་རྒྱུའི་ས་མཐེབ་སྐྱུ་རེར་ཡ་མ་ར་ཛྷ་འབུམ་རེ་བསགས་གནང་བ། གསོལ་ཁ་དུས་ཐོག་ཏུ་མ་ཕུལ་ཕྱིན་ཕྱག་ཚན་གྱིས་རང་སྒྲ་སྒྲོག་པ་ཞེས་པ་དང་། དགེ་འདུན་སོ་བཞི་ཙམ་གྱིས་རི་བོ་དགེ་ལུགས་ཕྱག་བཞེད་མཛད་པ་ཡིན། དང་ཐོག་ཚེ་སྨོན་གླིང་གི་ཁོངས་ཡིན་པ་ལ་རྗེས་སུ་གཞུང་དགོན་དུ་འགྱུར།

ད་ལྟ་སྔོན་གྱི་འདུ་ཁང་གི་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བཞིའི་ནང་རྗེ་ཡབ་སྲས་གསུམ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

པོ་ཏོ་དགོན།

རིན་ཆེན་བྲག་ནས་སྤྱི་ལེ་ལྔ་ཙམ་འཁོར་ལམ་བརྒྱུད་ཕུ་ལ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་དགེ་བཤེས་པོ་ཏོ་བས་ཕྱག་བཏབ་གནང་མཛད། པོ་ཏོ་བ་ཞུ་བ་ནི་རི་བོ་པོ་ཏོའི་སྟེང་དུ་དགོན་པ་ཕྱག་བཏབ་གནས་བས་བླ་མའི་མཚན་ལ་པོ་ཏོ་བ་ཞུ་བ་དང་བླ་མིང་དགོན་པར་ཐོགས་པས་དགོན་པོའི་མཚན་ལའང་པོ་ཏོ་དགོན་ཞེས་ཟེར། དགེ་བཤེས་པོ་ཏོ་བ་ནི་སྤྱི་ལོ་༡༠༢༧ལོར་འཕན་ཡུལ་སྤྲས་ཀྱི་པའོ་ཐང་ཞེས་པར་འཁྲུངས། དེ་ནས་བྲག་རྒྱབ་དགོན་དུ་གཉེར་པ་གནང་། དེ་ནས་བྱང་རྭ་སྒྲེང་དུ་ཕེབས་ཏེ་འབྲོམ་སྟོན་པའི་མདུན་ནས་གསན་བསམ་མཛད། ༡༡༠༥ལོར་དགོངས་པ་རྫོགས་ཁར་ངའི་ཕུང་པོ་བཞུར་འབུལ་གྱིས་ལ་སྨར་གདུང་མ་བཞེངས། མཐར་ངའི་དགོན་འདི་མོ་དགོན་དུ་འགྱུར་ཞེས་གསུངས། སྔོན་འདུ་ཁང་ཀ་བ་བཅུ་དྲུག་ནང་ཤར་[page 195] ལིའི་གདུང་རྟེན་མི་ཚད་མ་བདུན་དང་། བྱམས་པ་སྤུན་གསུམ་ཐོག་སོ་ཉིས་ཐོག པོ་ཏོ་བའི་ཐུགས་དམ་གྱི་རྟེན་ཨ་རང་བྱོན་དང་མགོན་པོའི་བླ་རྡོ་སོགས་རྟེན་གསུམ་ཁྱད་པར་ཅན་དུ་མ་མཇལ་རྒྱུ་ཡོད། སྔོན་བཙུན་མ་དགུ་བཅུ་ལྷག་ཙམ་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད། ཐོག་མར་རྩེ་རྣམ་རྒྱལ་གྲྭ་ཚང་གིས་ཁོངས་ཡིན་པ་ལ་རྗེས་སུ་དགའ་ལྡན་ཆོས་འཁོར་གླིང་གི་དགོན་ལག་ཏུ་གྱུར།

ད་ལྟ་སྔོན་གྱི་གྱང་གོག་སྟེང་ཉམས་གསོ་གནང་བའི་འདུ་ཁང་ནང་བྱམས་པ་མི་ཚད་མ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་ལྷོ་ངོས་ཀྱི་སྤང་སྟེང་དུ་མཆོད་རྟེན་ལྔ་ཡོད་པ་དེ་ནི་རྒྱ་གར་ནས་དུང་དཀར་ཞིག་གནས་དེར་འཕུར་ཕེབས་པས་དེར་པོ་ཏོ་བས་མཆོད་རྟེན་གསུམ་བཏབ་ཞེས་གསུངས།

བྲག་རྒྱབ་དགོན།

མཚན་རྒྱས་པར་བྲག་རྒྱབ་བྱང་ཆུབ་གླིང་ཞེས་ཞུ། པོ་ཏོ་དགོན་ནས་མར་ལམ་སྤྱི་ལེ་བཞི་ལྔ་ཙམ་གྱི་ས་ན་རི་ཁུག་ཤིང་ཚར་པའི་གསེབ་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱི་བཞུགས་གནས་དབྱར་ས་དགུན་ས་གཉིས་ཡོད་པ་ལ་གཡར་ས་པོ་ཏོ་དགོན་དང་། དགུན་ས་དགོན་དེར་ཡིན་ཞེས་གསུངས། སྐབས་ཤིག་རིང་ཉམས་རྒུད་དུ་སོང་ཡང་བྲག་རྒྱབ་བླ་མ་བློ་བཟང་ཆོས་འཕེལ་ཞུ་བས་ཉམས་གསོ་གནང་ནས་དགེ་འདུན་སུམ་ཅུ་བར་འཕེལ། རི་བོ་དགེ་ལུགས་ཕྱག་བཞེད་མཛད་པར་གྱུར། སེར་སྨད་མི་ཉག་ཁང་ཚན་གྱི་ཁོངས་ཡིན། སྔོན་འདུ་ཁང་ཀ་བཞིའི་ནང་རྒྱལ་བ་བྱམས་པ་ཐོག་ཚད་མ་སོགས་རྟེན་གསུམ་དང་། དགེ་སློང་བརྒྱད་གྲྭ་གཅིག་གིས་གཞི་གསུམ་གྱི་ཕྱག་བཞེད་མཛད་དེ་བཞུགས་པ་ཡིན། ད་ལྟ་སྔོན་གྱི་གྱང་གོག་སྟེང་ཉམས་གསོ་གནང་བའི་ནང་བྲག་རྒྱབ་རིན་པོ་ཆེའི་སྐུ་བརྙན་དང་། དཔལ་ལྡན་ལྷ་མོ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 196]
སྟག་ལུང་དགོན།

མཚན་རྒྱས་པར་རྡོ་རྗེ་གདན་སྟག་ལུང་དགོན་ཞེས་ཞུ། རིན་ཆེན་བྲག་ནས་ཆག་ལ་རྒྱབ་སྟེ་སྤྱི་ལེ་སུམ་ཅུ་སོ་བརྒྱད་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། ཆག་ལ་ཞེས་པ་ནི། དམེ་གེ་རྒྱལ་པོའི་སྐུ་གདུང་ལྷ་ས་ནས་སྒོ་ཁྲིར་བཏེགས་ཏེ་གདན་དྲངས་པས་གོ་ལ་ཞེས་པ་དེ་ལྟར་ཐོགས། ཆག་ལའི་སྟེང་ནས་སྒོ་ཁྲི་ཆག་པས་ཆག་ལ་ཞེས་པ་དེ་ལྟར་བྱུང་། དེ་ནས་སྒྲོག་ལའི་སྟེང་ནས་སྒོ་ཆག་པ་དེ་སྒྲོག་པས་སྒྲོག་ལ་ཞེས་པ་སོགས་ས་མིང་བྱུང་ཚུལ་དེ་ལྟར་ཡིན་ཞེས་གསུངས། དམེ་གེ་ནི་དང་ཐོག་ཕག་གྲུའི་སློབ་མ་ཡིན་པ་ལ་རྗེས་སུ་སྐྱ་ས་བབས་ཏེ་འབྱོར་ཆེན་ཞིག་ཏུ་གྱུར། དམེ་གེ་ཞེས་པའི་ཡུལ་གྱི་རྒྱལ་པོ་ལྟ་བུ་བྱས་པས་དམེ་གེ་རྒྱལ་པོ་ཞེས་པའི་མིང་དེ་ལྟར་བྱུང་། ཁོ་དབང་ཐང་ཆེ་བས་མི་སེར་རྣམས་བསྐུལ་ཏེ་མདུན་རི་དམའ་རུ་ཏོཏང་འཇུག་པས་མི་སེར་རྣམ་དཀའ་ངལ་མི་བཟོད་པ་བྱུང་མཚམས་རྒན་མོ་ཞིག་གིས་“རི་སྐེ་ལས་དཔོན་སྐེ་སླ”ཞེས་བཤད་པས་དེའི་དོན་མི་སེར་གྱིས་ཤེས་ཏེ་དམེ་གེ་མཚན་མོ་ལྷ་ཆུ་ཞེས་པ་བརྒལ་སྐབས་བཞོན་རྟ་ནག་པོ་ཞིག་ཡོད་པ་དེའི་མིག་བཀབ་པས་མི་རྟ་གཉིས་ཀ་ལྷ་ཆུ་ལ་ནུབ་ཏེ་ཕུང་པོ་ལྷ་ས་བར་དུ་འཁྱེར། དེ་ནས་ཕུང་པོ་སྒོ་ཁྲིར་བཏེགས་ཏེ་དམེ་གེ་བར་དུ་དབོར། དམེ་གེས་ཡིད་དམ་ཕྱག་རྡོར་འགྲུབ་ཅེས་བཞུར་འབུལ་སྐབས་དུ་བའི་ནང་ནས་འཇའ་ཞིག་ཐོན་ཏེ་ནམ་མཁར་འཕུར་བས་དམེ་གེའི་ཆུང་མས་ཁྱོད་ང་བཞག་སྟེ་འགྲོའམ་ཞེས་སྤང་གདན་གཡུགས་པས་སྐྱེ་གནས་སུ་འགྲོ་མི་ཐུབ་པར་འཇིག་རྟེན་གྱི་ལྷར་སྐྱེས་ཏེ་འགྲོ་བ་སེམས་ཅན་ལ་གནོད་པ་ཆེན་པོ་བསྐྱེལ། ཉིན་ཞིག་དམེ་གེར་ནམ་མཁའ་ནས་ཕྱག་རྡོར་ཞལ་གཟིགས་ཚུལ་བྱུང་བས་ཞིབ་པར་མཇལ་དུས་རང་གི་བླ་མ་ཕག་གྲུ་ཡིན་པས་ཁྱོད་ཀྱིས་འགྲོ་བ་སེམས་ཅན་ལ་གནོད་ཆེན་པོ་སྐྱེལ་ནས་བྱུང་ཞེས་དམ་འདོགས་གནང་བ་སོགས་ཀྱི་གསུང་སྲོལ་ཡོད།

སྟག་ལུང་ཞེས་པ་ནི། ཕག་གྲུས་གང་གི་སློབ་མ་ཐང་པ་བཀྲ་ཤིས་དཔལ་[page 197] ལ་ཁྱེད་ཀྱི་གདུལ་བྱ་བྲག་སྒམ་འདྲ་བའི་འོག་ཏུ་རྒྱལ་པོ་ཁྲི་ལ་བཞུགས་འདྲ་ཞིག་ཡོད་པས་དེར་སོང་ཞེས་གསུངས་པ་ལྟར་གནས་དེར་ཕེབས་པས་བླ་མས་གསུངས་པ་ལྟར་གྱི་བྲག་དེ་ལྟར་གཟིགས་པ་དང་དེའི་འོག་ཏུ་སྟག་ཅིག་ཉལ་ནས་ཡོད་པས། ད་ངའི་དགོན་པ་འདིར་འདེབས་ཅེས་གསུངས་པས་རྗེས་སུ་དགོན་མིང་དུ་སྟག་ལུང་ཞེས་ཐོགས། སྟག་ལུང་ཐང་པ་ནི་སྤྱི་ལོ་༡༡༤༢ལོར་འཁྲུངས་ཤིང་༡༡༨༠ལོར་ཐོག་མར་ཆོས་ཁང་དམར་པོ་བཏབ། རབ་ཏུ་བྱུང་ཕྱིན་ཁྱིམ་པའི་ཁང་པར་མི་བྱོན་ལ་ཤ་ཆང་མི་གསོལ། སྐ་རགས་མི་བཤིགས་པ། གླིང་གསེབ་ཏུ་བུད་མེད་བཞག་སྡོད་མི་ཆོག་པ་སོགས་འདུལ་བའི་བཅའ་ཁྲིམས་ཤིན་ཏུ་ཟབ། དགེ་འདུན་གསུམ་སྟོང་ཙམ་བར་འཕེལ། སྐུ་ཕྲེང་གཉིས་པ་ཐང་པ་སྐུ་ཡལ་བས་ཆོས་ཁང་དམར་འཁྱིལ་མ་ཞེས་པ་བཏབ། བོད་ལ་འཁྱིལ་མ་གསུམ་ཡོད་པ་ནི། ཁམས་རྫ་ཁོག་དགོན་གྱི་ལྷ་ཁང་ནག་འཁྱིལ་མ་དང་ཁམས་རི་བོ་ཆེའི་ལྷ་ཁང་ཁྲ་འཁྱིལ་མ། བྱང་སྟག་ལུང་གི་ཆོས་ཁང་དམར་འཁྱིལ་མ་བཅས་གསུམ་ཡིན། ངག་དབང་རྣམ་རྒྱལ་ཞེས་པས་སྟག་ལུང་གྲྭ་ཚང་བཏབ། ཐང་པ་སྐུ་ཕྲེང་གསུམ་པའི་དུས་དགོན་དེར་ལྕགས་རི་དང་བཅས་འདུ་ལོངས་ཤིན་ཏུ་རྒྱས་པ་བྱུང་། སྔོན་ཆོས་ཁང་དམར་འཁྱིལ་གྱི་འདུ་ཁང་ཀ་བ་བརྒྱད་ཅུའི་ནང་རྒྱལ་བ་རྡོ་རྗེ་འཆང་དང་། སྟོན་པ་འབུམ་སྐུ་མ་ཞེས་པ་དང་། འབྲོམ་སྟོན་གྱི་འཇིམ་སྐུར་དབུ་སྐྲ་འཁྲུངས་པ། ཇུན་གར་དུས་མ་བཏོར་ཞེས་རྟེན་སྐུ་བྱིན་ཅན་ཇི་སྙེད་བཞུགས། སྔོན་དགེ་འདུན་ལྔ་བརྒྱ་ལྷག་གིས་སྟག་ལུང་བཀའ་བརྒྱུད་ཕྱག་བཞེད་དང་། ལོ་ལྟར་བོད་ཟླ་༤ཚོས་༡༠.༡༡.༡༢བཅས་གསུམ་ལ་གླིང་ཞེས་པའི་ནང་རྡོ་རྗེ་ཕུར་བུའི་གར་འཆམ། གྲྭ་ཚང་འབག་འཆམ་ཞེས་སྲུང་མ་ཡོངས་རྫོགས་ཀྱི་འཆམ། མདོ་སྔགས་གཉིས་ཀ་ཕྱག་བཞེད་མཛད་པ་ལ་གྲྭ་ཚང་ནི་འདུལ་བའི་སྐོར་ཡིན། གཞན་ཡང་སྔོན་སངས་རྒྱས་ཀྱི་ཚེམས་བཞུགས་པའི་གྲང་གསེར་གྱི་གསེར་གདུང་བཞུགས་སྟབས་སྟག་ལུང་རྡོ་རྗེ་གདན་ཞུ་དོན་དེ་ལྟར་ཡིན་གསུངས། ཐོག་མར་ཁང་ཚན་བདུན་བྱུང་སྐད་ལ་རྗེས་སུ་སོག་པོ་ཁང་[page 198] ཚན་དང་། ཚ་བ། ཁང་ཚན་ཞེས་པ་གཉིས་ལས་མེད།

ད་ལྟ་དར་ཁང་གསར་ཞེས་པ་དང་། བླ་བྲང་། བཀྲ་ཤིས་ཁང་གསར་ཞེས་པ་སོགས་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ལྷག་ཙམ་སོང་ན་གྲིབ་ལུང་ཞེས་པ་དང་། སེ་བ་ལུང་དགོན་ཞེས་པ་མཇལ་རྒྱུ་ཡོད། དགོན་དེ་གཉིས་ནི་སྔོན་གྲྭ་ཚང་གི་གྲྭ་ཆུང་ངག་དབང་དཔལ་འབྱོར་ཞེས་པ་དང་། གངས་བཞར་ཞེས་པ་གཉིས་ཀྱིས་ངོས་གཉིས་ཀྱིས་དགོན་རེ་འདེབས་གསུངས་ཏེ་ངག་དབང་དཔལ་འབྱོར་གྱིས་གྲིབ་ལུང་དགོན་དང་། གངས་བཞར་གྱིས་སེ་བ་ལུང་དགོན་བཏབ་ཅེས་གསུངས། ཡང་སྟག་ལུང་ནས་ཕོ་མདོ་བར་ཡོང་དུས་བྱང་ངོས་བྲག་ལྡེབས་སུ་ཐང་པ་རིན་པོ་ཆེ་བཞུགས་མྱོང་བའི་གསེར་གླིང་རྒོད་ཚང་ཞེས་པ་དེ་བྲག་ལྡེབས་གཡང་གཟར་ཅན་དུ་ངོ་མཚར་ཆེ་བ་མཇལ་རྒྱུ་ཡོད།

རྭ་སྒྲེང་དགོན།

མཚན་རྒྱས་པར་རྭ་སྒྲེང་དགེ་འཕེལ་གླིང་ཞེས་ཞུ། སྟག་ལུང་དགོན་ནས་ཕོ་མདོ་ཟམ་པ་ཐོན་ཏེ་སྤྱི་ལེ་༣༩ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། རྭ་སྒྲེང་ཞེས་པ་ནི་ཇོ་བོ་རྗེས། “རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ། ཆོས་ཀྱི་སྒོ་མོ་ཡིན་པར་གསུངས། ཉོན་མོངས་རྡུལ་བྲལ་ཆོས་ཀྱི་སྒོ། སྲིད་རྩེའི་མཐར་ཐུག་སྒྲེང་བར་བྱེད”ཅེས་མཚན་དེ་ལྟར་བྱུང་། དགོན་དེ་ནི་སྤྱི་ལོ་༡༠༥༦ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཕྱག་འདེབས་གནང་མཛད། བཀའ་གདམས་པའི་གདན་ས་གཙོ་བོ་ཡིན། འབྲོམ་སྟོན་པ་ནི་སྤྱི་ལོ་༡༠༠༤ལོར་སྟོད་ལུང་ཕུར་སྐུ་འཁྲུངས། སྐུ་ན་གཞོན་དུས་ཁམས་འདན་མའི་བླ་མ་སེ་བཙུན་གྱི་ཞབས་ལ་གཏུགས། བླ་མའི་ཞབས་ཕྱི་སྒྲུབ་བཞིན་སློབ་གཉེར་ཡང་མཛད། སྐུ་རྒྱབ་ཏུ་གཡག་གྲོད་ནང་འོ་མ་བླུགས་ཏེ་དཀྲོག་པ་དང་། ཕྱག་གིས་རང་འཐག་བསྐོར་བཞིན་ཕྱག་དཔེ་[page 199] གཟིགས། གཞན་ཡང་རྟ་གཡོག་ཐབ་གཡོག་སོགས་གནང་ཞོར་དུ་སློབ་གཉེར་མཛད་ཅིང་ལོ་ལྔ་ཙམ་སྐུ་ངལ་ཁྱད་དུ་བསད། དེ་ནས་སྔོན་གྱི་ལས་སྨོན་གྱིས་ཇོ་བོ་རྗེ་མངའ་རིས་སུ་བྱོན་པ་གསན་ནས་བྱང་ལམ་བརྒྱུད་ཕེབས་ཞོར་རྭ་སྒྲེང་དུ་ཕེབས། སྐབས་དེར་ས་དེའི་མིང་ལ་ཞང་ལུང་ཞེས་ཟེར། ད་ལྟའི་དགོན་འདབས་ཀྱི་མཆོད་རྟེན་རྟེན་མཁར་འབུམ་པའི་ཤུལ་དུ་ཞང་ཕྲང་ཀ་བེར་ཆུང་གི་རྫོང་ཆགས་ཡོད། ཕྲང་ཀ་བེར་ཆུང་གིས་འབྲོམ་ལ་ཁྱེད་ཁམས་ཀྱི་བླ་མ་འབྲོམ་སྟོན་ཞུ་བ་དེ་ཡིན་ནམ་ཞེས་ཞུས་པར། འབྲོམ་གྱིས་ཡིན་ཀྱང་སྲིད་ཅེས་གསུངས། རྫོང་དཔོན་ཕྲང་ཀ་བེར་ཆུང་གིས་ས་འདི་ལྟ་བུ་ལེགས་པ་ཞིག་ཡོད་པས་ཁྱེད་ཀྱིས་ས་འདིར་དགོན་པ་ཞིག་འདེབས་གནང་ན་སྦྱིན་བདག་ང་ཡིས་ཞུ་ཆོག་ཅེས་ཞུས་པར། འབྲོམ་གྱིས་ད་ལྟ་ང་དགོན་པ་འདེབས་ཁོམས་མེད། མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་འགྲོ་དགོས། མར་སླེབས་མཚམས་དགོན་པ་བཏབ་ཆོག་ལ་སྐབས་དེར་རྟེན་འབྲེལ་གྱི་དབང་གིས་རྟེན་དང་བརྟེན་པ་བཅས་འོང་ཞེས་གསུངས། དེ་ནས་འབྲོམ་མངའ་རིས་སུ་ཕེབས་ཏེ་ཇོ་བོ་དང་མཇལ། མཇལ་མ་ཐག་ཏུ་ཕ་བུ་འཕྲད་པ་བཞིན་སྤྱན་ཆབ་ཀྱང་བསིལ། ཇོ་བོས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་མན་ངག་མང་པོ་གནང་། དེ་ནས་ཇོ་བོ་དང་ལྷན་དུ་སྙེ་ཐང་དུ་ཕེབས། སྐབས་དེར་བོད་ལ་ཆོས་ལོག་པ་མང་དུ་ཁྱབ་ཡོད་པས་འབྲོམ་གྱིས་བོད་དུ་རྒྱལ་བའི་དགོངས་པ་ཇི་བཞིན་གྱི་ཆོས་ཤིག་གསུངས་པར་ཞུ་ཞུས་པས། ཇོ་བོས་བྱང་ཆུབ་ལམ་སྒྲོན་མཛད། དེ་ནས་འབྲོམ་གྱིས་ང་ལ་བྱང་ཕྱོགས་ཞང་ལུང་ཞེས་པར་སྦྱིན་བདག་ཕྲང་ཀ་བེར་ཆུང་ཞེས་པ་ཞིག་ཡོད་པས་དེ་ན་དགོན་པ་བཏབ་ཆོག་གམ་ཞེས་ཞུས་པར། ཇོ་བོས་ང་ལ་རྗེ་བཙུན་སྒྲོལ་མས“འདི་ནས་བྱང་ཕྱོགས་སུ། རྭ་སྒྲེང་གནས་རྣམ་ཞེས་བྱ་ཞིང་། རྡོ་རྗེ་གདན་དང་མཚུངས་པ་ཡིན”ཞེས་པའི་ལུང་བསྟན་པ་ནི་ད་ལྟ་ཁྱེད་ཀྱིས་བཤད་པ་དེར་གོ་བས་དེ་ལྟར་ལེགས་ཞེས་གསུངས་ནས་ཇོ་བོའི་ཐུགས་དམ་གྱི་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེ། གཡུལ་རྒྱལ་སྒྲོལ་མ། གསེར་གླིང་པའི་གདུང་རྟེན། ཇོ་བོའི་ཤངས་ཁྲག་[page 200] གིས་བྲིས་གནང་བའི་ཞལ་ཐང་དབུ་ཡོམ་སོགས་འབྲོམ་ལ་གནང་། ཇོ་བོ་སྙེ་ཐང་དུ་དགོངས་པ་རྫོགས་རྗེས་འབྲོམ་གྱིས་རྟེན་རྣམས་དྲེའུ་ལ་བཀལ་ནས་ཕེབས་པས་ད་ལྟའི་གཟིམས་ཁང་དབུ་རྩེ་ཀ་གཉིས་མ་ཞེས་ཇོ་བོ་བཞུགས་ས་དེར་ཆུ་མིག་ཅིག་གི་སྟེང་དུ་ཚེར་མ་དམར་པོ་ཞིག་སྐྱེས་ནས་ཡོད་པ་དེར་ཕེབས་སྐབས་དྲེའུས་ཉལ་ནས་མི་འགྲོ་བས་འབྲོམ་གྱིས་གདུལ་བྱ་གནས་འདིར་འདུག་གསུངས་ནས་ཐོག་མར་གསང་འདུས་ཀྱི་ཐིག་བཏབ། དེའི་སྟེང་གཟིམས་ཆུང་དབུ་རྩེ་དེ་ཉིད་བཞེངས། གཡས་གཡོན་གྱི་ཀ་བ་གཉིས་པོ་ནི་ཀླུ་གསེར་ལྡན་མ་དང་གཡུ་ལྡན་མ་ཞེས་པས་ཕུལ་ཞེས་གསུངས་དེ་ནས་འདུ་ཁང་འཁྱམས་སྟོད་ཀ་བ་བཅུ་གཉིས་བཞེངས། འཁྱམས་སྨད་བྱེད་པོ་ལས་ཀྱིས་འོང་ཞེས་གསུངས། ཇོ་བོའི་ཞབས་ཆུ་ནི་ཆུ་བོ་ཡན་ལག་བརྒྱད་ལྡན་ཚང་བའི་བསྟན་པའི་ཆུ་མིག་རིང་མོ་ཞེས་སུ་གྲགས། རྗེས་སུ་འདུ་ཁང་ཀ་བ་བརྒྱ་དང་བརྒྱད་བཅུ་ཙམ་ཆགས། ཇོ་བོ་འཇམ་དཔལ་རྡོ་རྗེ་རྟེན་གྱི་གཙོ་བོར་བཞུགས། དགེ་འདུན་ཞལ་གྲངས་ལྔ་བརྒྱ་སྐོར་གྱིས་བཀའ་གདམས་ཕྱག་བཞེད་མཛད་པ་ནས་རིམ་བཞིན་དགེ་ལུགས་ཕྱག་བཞེད་མཛད་པར་གྱུར། རྗེ་ཙོང་ཁ་པས་དགོན་དེའི་ལྟག་གི་རྗེ་བཙུན་རེད་མདའ་བའི་སྒྲུབ་ཕུག་གི་འོག་ཏུ་ཡང་དགོན་རི་ཁྲོད་ཅེས་པར་བྱང་ཆུབ་ལམ་རིམ་ཆེན་པོ་མཛད། དགོན་པ་གོང་གི་ས་ཁྲིག་དམར་པོ་ཞེས་པའི་སྟེང་དུ་ཡོན་ཏན་གཞི་གྱུར་ལྗགས་རྩོམ་མཛད། དགོན་དེའི་རྒྱབ་རི་ངོ་མཚར་ཅན་གྱི་ཤུག་པ་དེ་དག་ནི་སྔོན་ཆོས་རྒྱལ་སྲོང་བཙན་གྱི་དབུ་སྐྲ་འབྲེག་སྟེ་ཐུགས་སྨོན་དང་བཅས་གཏོར་གནང་ནས་སྐྱེས་པ་ཡིན་ཞེས་གསུངས་པས་དེ་དག་ལའང་གསེར་ལྡན། ཟངས་ལྡན། ཤེལ་ལྡན། གཡུ་ལྡན་སོགས་མིང་གྲགས་ཅན་བསྡོམ་པས་ཤུག་པ་ཉི་ཁྲི་ཆིག་སྟོང་ཙམ་ཡོད་ཅེས་གསུངས། གཞན་ཡང་བོད་ཟླ་དང་པོའི་ཚེས་བཅོ་ལྔར་བྱ་ཟླ་མཆོད་པ་ཞེས་ཡིད་དམ་འཇིགས་བྱེད་ཀྱི་སྒོ་ནས་སྤྱི་བསྐངས། བོད་ཟླ་བཞི་པའི་ཚེས་བཅོ་ལྔར་ཁུ་བྱུག་མཆོད་པ་ཞེས་གར་འཆམ་སྣ་ཚོགས། བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་ཉ་དྲུག་མཆོད་པ། [page 201] བོད་ཟླ་བདུན་པའི་ཚེས་བཅོ་ལྔར་མེ་ཏོག་མཆོད་པ་སོགས་ལོ་ལྟར་འཆར་ཅན། ལུག་ལོ་ནམ་ཡིན་ལ་རྭ་སྒྲེང་ཕ་བོང་ཐང་ཞེས་པ་དེར་མཁའ་འགྲོ་གསང་བ་ཡི་ཤེས་ཞེས་མཁའ་འགྲོ་འབུམ་གྱི་དུས་ཆེན་ཡིན་པས་དེར་བསྐོར་བ་རྒྱག་སྲོལ་ཡོད།

ད་ལྟ་གཟིམས་ཆུང་དབུ་རྩེ་གསར་བཞེངས་གནང་བའི་ནང་སྔོན་གྱི་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་མཛད་པ། ཨ་རང་བྱོན། འབྲོམ་གྱིས་བྲིས་གནང་བའི་མཎི་རྡོ་བརྐོས། ཆུ་མིག་ཡན་ལག་བརྒྱད་ལྡན་སོགས་མཇལ་རྒྱུ་ཡོད།

བསམ་གཏན་གླིང་དགོན།

མཚན་རྒྱས་པར་གནས་མཆོག་རྭ་སྒྲེང་བསམ་གཏན་གླིང་ཞེས་ཞུ། འདིར་འཁོར་ལམ་མེད་པས་རྭ་སྒྲེང་ནས་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་ཤར་ངོས་སུ་སོང་ན་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་རྗེ་ཙོང་ཁ་པར་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་པ་ལྟར་འཇམ་དཀར་བ་དཔལ་ལྡན་བཟང་པོ་དང་། རྟོགས་ལྡན་བྱང་སེམས། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟེན་བཟང་སྐྱོང་བ་བཅས་དབུས་པ་བཞི་དང་། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་དགེ་བཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་བཅས་མདོ་སྨད་པ་བཞི་བཅས་ཐོག་མར་རྫ་སྟེང་ཅེས་པར་བཞུགས་སྐབས་ཨ་དཀར་པོའི་ཆར་བབས། དེ་ནས་ད་ལྟའི་དགོན་གནས་བསམ་གཏན་གླིང་དུ་ཕེབས་ནས་དབུས་སུ་རྗེ་ཉིད་དང་། གཡས་གཡོན་དུ་འཁོར་དག་པ་རྣམ་བརྒྱད་བཞུགས་པའི་སྒྲུབ་ཕུག་ཡོད། རྗེ་ཙོང་ཁ་བ་བདེ་མཆོག་དྲིལ་བུ་སྐུ་ལྔའི་སྐུ་མཚམས་དམ་པོར་མཛད་པའི་སྐབས་བདེ་མཆོག་གི་ཡུམ་རྡོ་རྗེ་ཕག་མོ་ཞལ་གཟིགས་ནས་ཁྱོད་ཀྱིས་གནས་འདིར་མོ་དགོན་ཞིག་འདེབས་དགོས་གསུངས་པར་རྗེ་ཙོང་ཁ་པས་ཕོ་དགོན་འདེབས་དགོས་ཞེས་ཞུས་པས་ད་འོ་ན་ང་གཉིས་སུ་མགྱོགས་འགྲན་ཏེ་སུ་མགྱོགས་ཀྱང་དེའི་འདོད་པ་ལྟར་བགྱིས་གསུངས་པ་ལྟར་ལོངས་སྤྱོད་མཛའ་[page 202] མོའི་ཐོག་ཅེས་པའི་སྤང་སྡིངས་ནས་སུ་མགྱོགས་འགྲན། རྗེ་ཙོང་ཁ་པས་རྒོད་ཐང་དཀར་ཞིག་ལ་སྤྲུལ་ནས་ཡར་བྱོན་སྐབས། རྡོ་རྗེ་ཕག་མོས་ཉི་ཟེར་ལ་ཆིབས་ཏེ་ཞབས་རྗེས་བཞག་སྟེ་མར་ཕེབས་པ་དང་། རྗེ་ཁྱོད་སྐུ་ལས་ཁག་ཨེ་སོང་ཞེས་ཞུས། རྗེ་ཙོང་ཁ་པས་རྡོ་རྗེ་ཕག་མོ་སྔོན་ལ་བྱོན་འདུག་པས་ད་ནི་ཁྱེད་ཀྱི་ཐུགས་འདུན་བཞིན་མོ་དགོན་འདེབས། དགོན་པའི་མཚན་ལ་བསམ་གཏན་གླིང་ཞེས་ཞུ་གསུངས་ནས་རྟེན་དུ་བྱེ་མ་ཨ་ཀྲོང་གི་རྗེ་ང་འདྲ་མ་དང་། རྩ་རི་བསྐོར་བའི་ཕྱག་འཁར། ལྷུང་གཟེད། ཞ་ཐུལ། གཏེར་དུང་སོགས་འཇོག་གནང་མཛད། སྔོན་འདུ་ཁང་ཀ་བ་ཉེར་བཞིའི་ནང་རྗེ་ཙོང་ཁ་བའི་སྒྲུབ་ཕུག་དང་གོང་གསལ་གྱི་ནང་རྟེན་དེ་དག རྡོ་རྗེ་གཡུ་སྒྲོན་མའི་བླ་རྡོ་སོགས་རྟེན་སྐུ་ཇི་སྙེད་མཇལ་རྒྱུ་ཡོད། ད་དུང་འོག་ཏུ་ཨ་ར་པ་ཙའི་ཆུ་མིག་དང་རྫ་སྟེང་སྒང་ཞེས་པར་ཨ་ཡིག་གི་རང་བྱོན་དང་། ཆོས་གོས་རྣམ་སྦྱར་གྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་རྗེ་ཙོང་ཁ་པའི་སྒྲུབ་ཕུག་དང་། རྗེ་ཙོང་ཁ་པ་དང་། རྡོ་རྗེ་ཕག་མོའི་ཞབས་རྗེས། རྡོ་རྗེ་གཡུ་སྒྲོན་མའི་བླ་རྡོ། གཞན་ཡང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མང་པོ་མཇལ་རྒྱུ་ཡོད།

ཇོ་གདན་དགོན།

རྭ་སྒྲེང་ནས་ཕོ་མདོ་བརྒྱུད་ངར་སྨད་དང་། དེ་ནས་ངར་སྟོད་བར་སྤྱི་ལེ་ཉི་ཤུ་རྩ་བརྒྱད་ཙམ་སོང་ན་ངར་སྟོད་གྲོང་གི་རྒྱབ་རེའི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཇོ་གདན་ཞེས་པ་ནི། སྔོན་དགོན་དེར་ནང་རྟེན་དུ་ཇོ་བོ་རྗེའི་བཞུགས་གདན་རི་དྭགས་ཀྲི་ནའི་པགས་པ་ཞིག་ཡོད་པས་མཚན་དེ་ལྟར་བྱུང་། དགོན་ཕྱག་འདེབས་པ་པོ་ནི་འབྲོམ་སྟོན་པ་ཡིན། དེའང་སྔོན་ངར་སྟོད་ཀྱི་རྫོང་དཔོན་སྡེ་པ་འོད་འཇོ་ཞེས་པས་འབྲོམ་རིན་པོ་ཆེར། ཁྱེད་ཀྱིས་ངའི་གཅེན་པོ་ཕྲང་ཀ་བེར་ཆུང་གིས་ཞུས་པ་ལྟར་རྭ་སྒྲེང་དགོན་པ་[page 203] ཕྱག་འདེབས་གནང་འདུག ད་ནི་ངའི་ལུང་པའི་ཕུ་འདིར་ཡང་དགོན་པ་ཞིག་ཕྱག་འདེབས་པར་ཞུ་ཞུས་པས། འབྲོམ་གྱིས་ཁྱེད་ཀྱི་རེ་འདོད་ལྟར་དགོན་ཞིག་འདེབས་ཆོག་ཀྱང་ང་ལ་ནང་རྟེན་འཇོག་རྒྱུ་མེད་ཅེས་གསུངས་པས། རྫོང་དཔོན་གྱིས་ངའི་བླ་མའི་བཞུགས་གདན་ཞིག་ཡོད་པས་དེ་ཕུལ་ཆོག་ཞུས་པས་ཇོ་གདན་ཞེས་པ་དེ་ལྟར་བྱུང་། སྔོན་རྭ་སྒྲེང་དགོན་གྱི་དགོན་ལག་ཡིན་པས་དགེ་འདུན་དགུ་གྲྭ་རེ་རྭ་སྒྲེང་ནས་གཏོང་གནང་དགོས།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ངར། ཞེས་པ་ནི་ཡུལ་ལྷའི་མིང་ཡིན། དེའང་ལྷ་གཡག་སྤུན་གསུམ་ཡོད་པས་ངར་ལྷ་གཡག་པོ་ནི་ལྷ་གཡག་དཀར་པོ་ཞིག་དང་། འགོང་རོང་གཡག་པོ་ནི་གཡག་ཁམས་པ་ཞིག ཞོལ་ལྷ་གཡག་པོ་ནི་གཡག་ཁྲ་ཁྲ་ཞིག་བཅས་གསུམ་ཡོད་པ་ལ་ཚང་མ་བཙུན་པའི་གཟུགས་བརྙན་ཡིན། ངར་ལྷ་གཡག་པོ་ནི་ཞབས་ལ་སྤེན་མ་ཟུག་སྟབས་གནས་དེར་ལུས། གཅིག་འགོང་རོང་ཞེས་པར་ཡོད། གཅིག་ཡུལ་ལྔའི་ནང་ཡོད། དེ་དག་གི་གནས་རི་གསུམ་པོ་ནི་ཕན་ཚུན་གཅིག་གིས་གཅིག་མཐོང་གི་ཡོད་ཅེས་ཟེར།

འབེན་རྫ་དགོན།

ངར་སྨད་ནས་སྤྱི་ལེ་ཙམ་སོང་ན་འབེན་རྫ་གྲོང་གི་རི་ཁུག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་དགེ་བཤེས་འབེན་ཀུན་མཁྱེན་གྱིས་ཕྱག་འདེབས་གནང་མཛད། འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་ཁོངས་ཡིན། སྔོན་ཚོགས་ཁང་ཀ་བ་བཅུ་དྲུག་ནང་རྟེན་གཙོ་ཐུབ་དབང་གི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་གོག་སྟེང་ཉམས་གསོ་གནང་བའི་ནང་སྟོན་པའི་སྐུ་བརྙན་དང་། མགོན་པོ་དམར་ནག་གི་འཁོར་བཤན་པ་རང་འཁོར་མ་ར་གཉེན་སྟག་དང་མ་ཧཱ་ཏྲི་ཏ་བཅས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགེ་བཤེས་འབེན་ནི་ཐོག་མར་ཇག་པ་ཡིན་པ་ལ་ཉིན་གཅིག་རྒད་མོ་ཞིག[page 204] དང་ཐུག་པས་རྒས་མོས་འབེན་ཇག་པ་ཐུག་ན་ཅུ་བྱེད་ཅེས་རྒད་མོ་ས་ལ་འགྱེལ་བས་དེ་ནས་བཟུང་ངེས་འབྱུང་སྐྱེས་ཏེ་ཆོས་གནང་ཞེས་ཟེར།

ཡང་རོང་པོ་སྒང་ཞེས་པའི་གྲོང་གི་ཆུ་བོའི་ཕ་རིར་བཀའ་གདམས་བཀའ་དབང་དགོན་ཞེས་པ་དེ་ལྷོ་ངོས་རི་ལྡེབས་སུ་མཇལ་རྒྱུ་ཡོད། ཡང་དབུ་སྣའི་གྲོང་ཞེས་པའི་རྒྱབ་རིར་མངའ་རིས་པ་བསོད་ནམས་རིན་ཆེན་གྱིས་ཕྱག་བཏབ་གནང་བའི་སྤེན་ཀ་དགོན་ཞེས་ཤིང་སྤེན་མའི་ཀ་བ་ཅན་གྱི་དགོན་དེ་མཇལ་རྒྱུ་ཡོད།།[page 205]

མལ་གྲོ་གོང་དཀར་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

རྩེ་ཞོལ། རྫོང་རྩེ། ཡང་རི་སྒར། འབྲི་གུང་མཐིལ། གཏེར་སྒྲོ། ཆོས་ལུང་། མ་ར། ཞྭ་ལྷ་ཁང་། ཨ་ཡང་དགོན། ༡༠ ཐང་སྐྱབས། ༡༡ ཀ་ཚལ། ༡༢ རུ་ཐོག་དགོན། ༡༣ རིན་ཆེན་གླིང་། ༡༤ སྤངས་ས་དགོན་པ། ༡༥ མཁར་སྐྱ། ༡༦ འཆད་ཀ། ༡༧ རྒྱལ་སྟེང་དགོན། ༡༨ དག་པ་དགོན། ༡༩ ཐེག་ཆེན་བཤད་སྒྲུབ་གླིང་། ༢༠ རབ་རྒྱས་གླིང་། ༢༡ ཀོང་པོ་བ་ལ། ༢༢ ཉི་མ་ལྕང་ར། ༢༣ གཡའ་མ་རི་རི་ཁྲོད། ○མལ་གྲོ་གོང་དཀར་རྫོང་།[page 206]

མལ་གྲོ་གོང་དཀར་རྫོང་།

མལ་གྲོ་གུང་དཀར་ཞེས་པ་ནི། ཀླུ་མལ་གྲོ་གཟིལ་ཆེན་གྱི་གནས་ཡིན་པས་ཀླུ་མིང་ཡུལ་ལ་ཐོགས་པའམ། ཡང་བཤད་སྲོལ་གཞན་ཞིག་ལ་སྔོན་ཡུལ་དེའི་མི་ཚང་ཞིག་གིས་རྗེ་ཙོང་ཁ་པར་མལ་གཟན་བཙུགས་ཕྲུག་ཅིག་ཕུག་བར་རྗེ་ཙོང་ཁ་པས་དེ་བཞེས་ཏེ་དེ་ནུབ་གཟིམ་སྤྲོ་པོ་བྱུང་བ་དང་ཟླ་བ་ཤར་བས་གུང་དཀར་པོ་ཡིན་སྟབས“མལ་གྲོ་གུང་ཡང་དཀར”ཞེས་གསུངས་པས་མལ་གྲོ་གུང་དཀར་ཞེས་པའི་མིང་དེ་ནས་བྱུང་ཞེས་ཀྱང་ཟེར་བའི་སྔར་མིང་རང་སོར་བཞག་པ་ཞིག་ཡིན། ད་ལྟའི་མལ་གྲོ་གུང་དཀར་རྫོང་གནས་ཡུལ་ནི་སྔོན་གྱི་མལ་གྲོ་གུང་དཀར་རྫོང་དང་ཉེ་བར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༥༥༡༢དང་ས་ཞིང་མུའུ་ཁྲི་.༦༣རྩྭ་ཐང་མུའུ་ཁྲི་.གླིང་ག་མུའུ་ཁྲི་༤༢མི་འབོར་ཁྲི་.བཅས་ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༠༠༠ལྷག་ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།

རྩེ་ཞོལ་དགོན།

མཚན་རྒྱས་པར་དབུ་རུ་ཀླུངས་ཤོད་རྩེ་བ་རྡོ་རྗེ་དབྱིངས་ཀྱི་སྐར་ཆུང་ཕོ་བྲང་ཞེས་ཞུ། འབེན་རྫ་དགོན་ནས་སྤྱི་ལེ་༢༣ཙམ་མུ་མཐུད་སོང་ན་རྩེ་ཞོལ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ཆོས་རྒྱལ་ཁྲི་སྲོང་གི་སྲས་མུ་ནེ་བཙན་པོས་ཕྱག་འདེབས་གནང་མཛད། བསམ་ཡས་གཙུག་ལག་ཁང་མ་བཞེངས་གོང་མཐའ་འདུལ་གྱི་གཙུག་ལག་ཁང་ཡིན། འབྲི་གུང་དགོན་སྡེ་ཁག་གི་མ་དགོན་ཡིན། འབྲི་གུང་ཆེ་ཚང་ཆུང་ཚང་[page 207] གཉིས་ཀ་གནས་དེར་ཕེབས། སྔོན་གྲྭ་པ་༢༥ལ་བླ་བྲང་གོང་འོག་གཉིས་ནས་གསོལ་ཕོག་གནང་། འབྲི་གུང་བླ་བྲང་གོང་འོག་གཉིས་ཀྱི་སྐྱབས་མགོན་དབྱར་ཁ་ཡང་རི་སྒར་དང་། དགུན་ཁ་རྫོང་རྩེ། དཔྱད་ཀ་གནས་དེ་བཅས་སོ་སོར་བཞུགས་པ་ཡིན། ད་ལྟ་སྔོན་རྒྱལ་པོ་དོན་གྲུབ་བཞུགས་གནས་སུ་གསར་བཞེངས་གནང་བའི་ནང་སངས་རྒྱས་དགུང་ལོ་བརྒྱད་ཀྱི་སྐུ་ཚད་དང་། བརྒྱད་པ་དོན་གྲུབ་ཀྱི་སྐུ་བརྙན་སོགས་གསར་བཞེངས་གནང་བ་དང་། སངས་རྒྱས་ཞལ་བཞུགས་སྐབས་ཀྱི་རི་དྭགས་ཀྲི་ཎའི་པགས་པ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ཆུ་ཕར་ཐོན་ན་དྲུང་ཚུལ་བཀྲས་པ་དང་དཔལ་འབྱོར་རྒྱལ་མཚན་པས་བཏབ་པའི་བྱམས་པ་གླིང་དགོན་ཞེས་པ་མཇལ་རྒྱུ་ཡོད།

རྫོང་རྩེ་དགོན།

མཚན་རྒྱས་པར་འབྲི་གུང་རྫོང་གསར་བཀྲ་ཤིས་སྟག་རྫོང་ཞེས་ཞུ། རྩེ་ཞོལ་ནས་སྤྱི་ལེ་༢༣ཙམ་སོང་ན་རྫོང་ཞོལ་གྲོང་གི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་འབྲི་གུང་བླ་རྒྱུད་ཆོས་རྒྱལ་ཕུན་ཚོགས་ཞེས་པས་ཕྱག་འདེབས་གནང་མཛད། ཐོག་མར་འབྲི་གུང་རྫོང་ཆུ་ཕ་རིའི་རྣམ་རྒྱལ་ཆོས་རྫོང་ཞེས་པར་ཡོད་པ་ལ་ཇུན་གར་དམག་གིས་གཏོར་རྗེས་ད་ལྟའི་གནས་དེར་སྤོས་གནང་མཛད། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ནང་རྟེན་གཙོ་སངས་རྒྱས་རབས་བདུན་གྱི་སྐུ་བརྙན་མི་ཚད་མ་དང་། སྨན་འདམ་གྱི་རྩ་གསུམ་སྐུ་བརྙན་མི་ཚད་མ། དགེ་འདུན་ལྔ་བཅུ་སྐོར་གྱིས་འབྲི་གུང་བཀའ་བརྒྱུད་ཕྱག་བཞེད་མཛད་པའི་ཐོག་ཐུན་མོང་མ་ཡིན་པ་བླ་གྲྭ་བཅོ་བརྒྱད་ཀྱིས་བོད་ཟླ་༡༢ཚེས་༨ནས་༢༩བར་ཞག་ཉེར་གཅིག་རིང་གཤིན་རྗེ་ཚེ་བདག་གི་སྒོ་ནས་སྒྲུབ་པ་གནང་དགོས། སྐབས་དེར་གཏོར་མའང་ལྕགས་ཐག་གྱིས་བཏགས་དགོས་པ་ནི་གཏོར་མ་གང་སར་འཕུར་མི་འགྲོ་བའི་ཆེད་དུ་ཡིན་ཞེས་གསུངས། གྲྭ་པ་སོ་སོས་ཀྱང་གཏོར་ཆུང་མང་པོ་བཟོས་ཏེ་རེས་བསྐོར་གྱིས་ཞལ་ཕུ་གནང་དགོས། གཏོར་ཆུང་དེ་ཚོས་མཚོན་འགོག་ཐུབ་ཅེས་དང་། སེ་ར་[page 208] གཏོང་སྐབས་མེ་མདའི་ནང་བླུགས་ཏེ་ནམ་མཁར་བརྒྱབ་ན་སྤྲིན་ནག་འཐོར་བ། གསོལ་ཞག་གིས་རྨ་ལ་ཕན་པ། གདོན་འདྲེ་འགོག་པ། གཞན་ཡང་རག་ཏཱ་དང་བདུད་རྩིའི་ཁ་དོག་ཀྱང་འགྱུར་འགྲོ་བ་སོགས་འོང་ཞེས་གསུངས།

ད་ལྟ་སྔོན་གྱི་འདུ་ཁང་གི་རྩིག་གདན་སྟེང་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཉི་མ་ལྕང་རྭ་བཤད་གྲྭ།

རྫོང་རྩེ་དགོན་ནས་སྤྱི་ལེ་གཉིས་ཙམ་དང་། འབྲི་གུང་མཐིལ་དང་ཞྭ་ལྷ་ཁང་དུ་འགྲོ་སའི་གསུམ་མདོར་ཉི་མ་ལྕང་རྭ་བཤད་གྲྭའི་ཁང་ཤུལ་ཡོད། སྔོན་ཉི་མ་ལྕང་རྭ་བཤད་གྲྭར་སློབ་མ་གྲངས་བཞི་བཅུ་སྐོར་ཡོད། སློབ་མའི་ཡོང་ཁུངས་ནི་ཡང་རི་སྒར་དང་། འབྲི་གུང་མཐིལ། ཀ་ཚལ་དགོན། རྫོང་རྩེ་དགོན། བེ་མུ་དགོན། མཁལ་རྡིལ་དགོན་སོགས་དང་། གཞན་ཡང་བོད་སྤྱི་དང་འབྲུག་པ་སོགས་ནས་འདུས་ཏེ་གཞུང་ཆེན་ཀ་པོད་དྲུག་གི་བཤད་གྲྭ་དང་། སྙན་སུམ་དག་བཅས་སློབ་ཁྲིད་གནང་བ་ཡིན། དེའང་འདུ་ཁང་ཀ་བ་བཅུ་དྲུག་ནང་བཀའ་ཆོས་གསན་རྗེས་སྐྱོར་སྦྱོང་ཁང་ནང་སླར་ཡང་སྐྱོར་དཔོན་གྱིས་ཁྲིད་སྐྱོར་བསྐྱོན། དེ་ནས་སྤང་དང་ཉི་མ་དྲོ་ས་སོགས་སུ་ཚོ་ཚོ་བྱས་ནས་བགྲོ་གླེང་དང་། སླར་ཡང་དགེ་རྒན་ལ་བཀའ་འདྲི་ཞུས་ཏེ་གཏིང་དཔོག་པར་བྱེད། དེ་ནས་དགོང་དྲོ་སྲོད་འཁོར་སྔ་ཆར་དགེ་སྐུལ་དང་ལག་རྒྱུག་པས་སྐོར་གཡེང་བྱེད། གྲྭ་ཤག་ནང་སོལ་མེ་ལས་ཐབ་མེ་སྤོར་མི་ཆོག་ རུང་ཁང་ནང་མ་བྱན་གཉིས་ཡོད་པས་གསོལ་ཇ་དུས་ཐོག་ཏུ་བཏང་རྗེས་ཁོག་ལྟིར་མེ་ཕོར་འཁྱེར་ཏེ་ཇ་དང་མེ་འདག་འཐེན་དགོས། ཞོགས་པ་ཐོ་རེངས་ནས་བཞུན་མར་སྤར་ཏེ་ཉི་དྲོད་བར་སྐྱོར་སྦྱང་བྱེད་དགོས། དེ་ནས་མཁར་རྔ་བརྡུང་རྗེས་བཀའ་ཆོས་ཚོགས། དེ་ལྟར་ལོ་ལྔ་སློབ་གཉེར་བྱས་ན་ཉི་ལྕང་བཤད་གྲྭ་ཐོན་པ་ཡིན།[page 209]

ཡང་རི་སྒར།

མཚན་རྒྱས་པར་ཡང་སྒར་དགོན་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་ཞེས་ཞུ། ཉི་མ་ལྕང་རྭ་ནས་སྤྱི་ལེ་༡༠ཙམ་འབྲི་གུང་ནང་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་འབྲི་གུང་གདན་རབས་བཅུ་བདུན་པ་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་མཛད། ཐོག་མར་གནས་དེར་དགའ་ཚལ་སྤྲོ་ལུང་ཞེས་གཞིས་ཀ་ཞིག་ཡོད་པ་དེ་རྗེས་སུ་དགོན་དུ་བསྒྱུར། ཡང་རི་སྒར་ཞེས་པ་ནི། དང་ཐོག་འབྲི་གུང་མཐིལ་ཡང་རི་སྒར་ཞེས་པའི་མཚམས་སྦྱོར་ཁང་ཞིག་ཡོད་པ་རྗེས་སུ་གནས་དེར་སྤོས་པས་མཚན་དེ་ལྟར་ཐོགས། སྒར་ཞེས་པ་ནི། གནས་ངེས་མེད་དུ་སྒར་བཏབ་ནས་ཕེབས་པས་ཡིན། སྔོན་མགོན་དེར་ཨ་ཕྱིའི་དཀོར་མཛོད་ཀ་བ་བཅུ་གཉིས་དང་། ལྷ་ཆེན་ཁང་ཀ་བ་བཞི། གདན་རབས་ཁང་ཀ་བ་དྲུག དངུལ་གདུང་ཁང་ཀ་བ་བརྒྱད། ཁྱབ་འཇུག་ཁང་ཀ་བ་ཉེར་བཞི། འདུ་ཁང་ཀ་བ་ཞེ་བརྒྱད་བཅས་ཐོག་སོ་ལྔ་ཐོག་དང་། ཕོ་བྲང་རྒྱ་ཁྱོན་ཀ་བ་ཉི་བརྒྱ་དྲུག་བཅུ་ཙམ་ཡོད་གསུངས། རྟེན་གཙོར་ཐུབ་དབང་ཁམས་གསུམ་གཟིལ་གནོན་ནི་འབྲི་གུང་མཐིལ་ཇུན་གར་དུས་གཏོར་བཤིག་སོང་སྐབས་ཆུ་ལ་བསྐྱུར་བ་རྗེས་སུ་གནས་དེར་བཞུགས་པས་མཚན་ལའང་ཐུབ་པ་ཆུ་གདན་མ་ཞེས་ཞུ། སྔོན་དགོན་དེར་དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར་གྱིས་འབྲི་གུང་བཀའ་བརྒྱུད་ཕྱག་བཞེད་ཀྱིས། བོད་ཟླ་བཞི་པའི་ནང་ཆོས་སྲུང་སྐོར་གྱི་གར་འཆམ་སོགས་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་ཡང་རི་སྒར་དགོན་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་བཅུ་གཉིས་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གཡའ་མ་རི་རི་ཁྲོད།

མཚན་རྒྱས་པར་གཡའ་རི་མི་འགྱུར་བདེ་གླིང་ཞེས་ཞུ། ཡང་རི་སྒར་དགོན་ནས་རྐང་ཐང་མར་ཆུ་ཚོད་སྐར་༢༤ཙམ་ཤར་ལྷོའི་[page 210] མཚམས་ཀྱི་རི་འདབས་སུ་སོང་ན་རི་ཁྲོད་དེར་སླེབས་ཀྱི་རེད། རི་ཁྲོད་དེ་ནི་རྗེ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ་དགུང་ལོ་ལྔ་བཅུར་ཕེབས་སྐབས་ཕྱག་བཏབ་གནང་མཛད། ཉི་མ་ལྕང་རྭ་བཤད་གྲྭའང་ཐོག་མར་གནས་དེར་ཆགས། དགོན་དེའི་རྒྱབ་རི་གླང་ཆེན་སྟེང་ནོར་བུ་བཀའ་འདྲ་ཡོད་པ་ལ་རི་ཁྲོད་དེ་གླང་ཆེན་གྱི་སྣ་ལྕོག་སྟེང་ཆགས་པས་མཚན་སྙན་ཆེན་པོ་བྱུང་དོན་དེ་ལྟར་ཡིན་གསུངས། དགོན་དེའི་གཡས་གཡོན་མཐའ་འཁོར་དུ་ལྗོན་ཤིང་སྣ་ཚོགས་དང་འདབ་ཆགས་སྣ་ཚོགས་གནས་པ། མདུན་ངོས་སྤང་ལྗོངས་སྟེང་མེ་ཏོག་སྣ་ཚོགས་བཞད་པ། དྭངས་གཙང་གི་ཆུ་བོ་དལ་གྱི་བབས་པ། དབྱར་བསིལ་ལ་དགུན་དྲོ་བ། ལྷག་པར་དུ་མགོན་པོ་ཕྱག་བཞིས་སྐུ་གཉེར་ལ་ང་གང་དུ་ཐིམ་གསུངས་པར། མགོན་པོ་བྲག་ལ་ཐིམ་ཞེས་ཞུས་པས་མགོན་པོ་བྲག་ལ་ཐིམ་པ་དང་། སླར་ཡང་གསུང་ལན་མང་བྱོན་པའི་ལོ་རྒྱུས་ཡོད། ཡང་རི་སྒར་དགོན་གྱི་ལས་སྣེ་ཡོངས་རྫོགས་ཐོན་རྗེས་རི་ཁྲོད་དེར་བཞུགས་ཆོག་པ་ཡིན།

ད་ལྟ་སྔོན་གྱི་ཤུལ་དེར་གསར་བཞེངས་གནང་བའི་རི་ཁྲོད་ནང་། རྗེ་འཕྲིན་ལས་བཟང་པོ་དང་། རྗེ་རྡོ་རྗེ་རྒྱལ་པོ། མགོན་པོ་ཕྱག་བཞི་པ། ཨ་ཕྱི་ཆོས་སྒྲོན། རྩིའུ་དམར་པོ་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

འབྲི་གུང་མཐིལ།

མཚན་རྒྱས་པར་འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང་ཞེས་ཞུ། འབྲི་གུང་ཞེས་པ་ནི། སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་འབྲི་ཡིས་ངུར་སྒྲ་སྒྲོག་ནས་ལུང་བསྟན་པའི་ཚུལ་བྱུང་བས་འབྲི་ངུར་ཞེས་པ་དེ་རིམ་བཞིན་འབྲི་གུང་ཞེས་པའི་སྒྲར་འགྱུར་ཞེས་གསུངས།

ཡང་རི་སྒར་ནས་སྤྱི་ལེ་༢༦ཙམ་དང་ལྷ་ས་ནས་སྤྱི་ལེ་༡༤༠ཙམ་སོང་ན་དགོན་དེར་ལསླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་སྐྱོབ་པ་འཇིག་རྟེན་གསུམ་མགོན་དགུང་ལོ་སོ་བདུན་ལོ་སྟེ་སྤྱི་ལོ་༡༡༧༩ལོར་ཕྱག་བཏབ་གནང་མཛད།[page 211] དེའི་ཆོས་བརྒྱུད་དར་སྤེལ་བྱུང་བ་ལ་འབྲི་གུང་བཀའ་བརྒྱུད་ཅེས་ཞུ། དགུང་ལོ་ཉི་ཤུ་རྩ་ལྔར་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་མཇལ་ཏེ་ལོ་བདུན་ཙམ་ཕག་གྲུའི་ཞབས་ལ་གཏུགས། ཕག་གྲུའི་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་པ་ཞིག་སྐྱོབ་པ་འཇིག་རྟེན་མགོན་པོའི་ཐུགས་ཀར་ཐིམ་པ་སློབ་མ་ཀུན་གྱིས་གཟིགས། ཕག་གྲུའི་མཚན་ལ་རིན་ཆེན་དཔལ་ཞེས་གསོལ། འཇིག་རྟེན་གསུམ་མགོན་ནི་སློབ་མ་རྣམས་ཀྱིས་གསོལ། སྐྱོབ་པ་འཇིག་རྟེན་མགོན་གྱིས་ཐོག་མར་དགོན་དེ་ད་ལྟའི་དགོན་ཆགས་ཡུལ་གྱི་ཕུ་ལ་ཀླུ་ཕྲང་ཞེས་པར་འདེབས་དགོས་དགོངས་པ་ལ་བུད་མེད་ཅིག་དང་ཐུག་པས་ཁྱོད་གང་དུ་འགྲོའམ་གསུངས་པས། ང་དགོན་པར་འགྲོ་ཞེས་ཞུས། ཅི་བྱེད་དུ་འགྲོ་ཞེས་གསུངས་པར་སྣོད་སྐྱེལ་དུ་འགྲོ་ཞེས་ཞུས་པར། གནོད་སྐྱེལ་དུ་འགྲོ་བའི་སྒྲར་གསན་ནས་འདིར་མི་འདེབས་དགོངས་སྟེ་ཕྱིར་ཕེབས། དེ་ནས་ད་ལྟའི་གནས་དེར་ཕག་གྲུའི་སློབ་མ་ཞིག་བཞུགས་པའི་རི་ཁྲོད་ཅིག་ཡོད་པ་གཟིགས་ཏེ་སྐུ་ཕྱག་དང་བཅས་དེར་ཕེབས་དགོས་དགོངས། སྤྲུལ་པའི་འབྲི་ཞིག་གི་ངུར་སྒྲ་དང་བཅས་གཡས་སྐོར་དུ་སོང་བས་དགོན་པ་དེར་འདེབས་དགོས་པའི་བརྡ་རུ་གཟིགས། ད་ལྟའང་ས་དེར་འབྲི་ངུར་ཞེས་ཟེར། མི་ཉག་སྒོམ་ཆེན་གྱིས་ཉེ་གནས་ལ་དེ་རིང་སྒོ་མ་ཕྱེ་གསུངས་ཀྱང་ཉེ་གནས་ཀྱིས་སྒོ་ཕྱེས་པས་དེ་ནས་བཟུང་རི་ཁྲོད་དེ་སྐྱོབ་པ་འཇིག་རྟེན་མགོན་ལ་ཕུལ། འབྲི་གུང་གདན་རབས་བཅུ་པ་ཆོས་ཀྱི་རྒྱལ་པོའི་དུས་རྗེ་ཙོང་ཁ་པའང་གནས་དེར་བཞུགས་ཏེ་ནཱ་རོ་ཆོས་དྲུག་དང་། བྱང་སེམས་ཀྱི་སྡོམ་པ། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་སོགས་ཞུ་གནང་མཛད། ཙོང་ཁའི་ཕུག་ཅེས་པ་ད་ལྟའང་མཇལ་རྒྱུ་ཡོད། འབྲི་གུང་བཀའ་བརྒྱུད་དེ་ལྟར་འཕེལ་རྒྱས་བྱུང་སྟེ་དབྱར་གནས་སྐབས་དགེ་སློང་འབུམ་ཕྲག་གི་ཚུལ་ཤིང་བླངས་པ་སོགས་འདུ་གྲངས་རྒྱས་པས་ཚོགས་ཆོས་ཀྱི་སྐབས་སུ་མདུན་རིའི་རྩེར་མཁར་རྔ་ཉི་མ་འབྲུག་གྲགས་ཞེས་པ་བརྡུངས་པས་ཕྱོགས་མཚམས་ནས་དགེ་འདུན་ཀུན་འདུས་པར་གྲགས། ད་ལྟའང་རི་རྩེར་བྲག་ངོས་ཤིག་ཏུ་མཁར་རྔ་འདོགས་བྱེད་ཀྱི་ལྕགས་ཐག་དུམ་བུ་གཉིས[page 212] མཐོང་རྒྱུ་ཡོད། དགོན་གྱི་དབྱིབས་ཀྱང་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་དབྱིབས་འདྲ་ལ། སྔོན་ཆོས་ཁང་དང་འདུ་ཁང་སོགས་སུ་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་བ་ལས་རྗེ་སྐྱོབ་པ་འཇིག་རྟེན་མགོན་གྱི་དབུ་ཐོད་ལ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་རང་བྱོན་གསལ་བར་བཞུགས་པའི་མཆོད་རྟེན་འཛམ་གླིང་རྒྱན་གཅིག་ཅེས་པ་ནི། ས་འདམ་གྱི་མཆོད་རྟེན་ཐོག་སོ་གསུམ་ཐོག་ཅན་ཞིག་ཡིན་ལ་དེའི་ས་ཁུ་རྒྱ་ཇ་ལས་གྲུབ་པ། གྲང་གསེར་བ་ཀོའི་སྲབ་ཐུག་ཙམ་ཡོད་པ། འཛམ་གླིང་རྒྱན་ཞེས་མཚན་གསོལ་དོན་ནི་བལ་ཡུལ་གྱི་རྒྱལ་པོ་འོད་ཟེར་གོ་ཆ་ཡིས་བཙན་དན་གོ་ཤི་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་མདའ་ཚད་མ་ཞིག་ནང་དུས་གསུམ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པ་ཞིག་གཟུངས་སུ་ཡོད་སྟབས་མཚན་དེ་ལྟར་བྱུང་བ་སོགས་མཇལ་རྒྱུ་ཡོད།

ད་ལྟ་ཆོས་ཁང་བཀྲ་ཤིས་སྒོ་མང་དང་འཛམ་གླིང་རྒྱན་གཅིག གསེར་ཁང་། ཨ་ཕྱི་ལྷ་ཁང་སོགས་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་ནུབ་ངོས་རི་ལྡེབས་སུ་སོང་ན་རྟེན་འཕྱག་སྒང་ཞེས་པའི་དུར་ཁྲོད་གྲགས་ཅན་དེ་ཡོད། དུར་ཁྲོད་དེ་ནི་གུ་རུ་རིན་པོ་ཆེས་ཁྲོ་མའི་ལྟེ་བར་གནས་པའི་དུར་ཁྲོད་ཅེས་གུ་རུ་རིན་པོ་ཆེ་བྱོན་མྱོང་བ་དང་། དེ་རྗེས་རྗེ་སྐྱོབ་པ་འཇིག་རྟེན་མགོན་འཁོར་ཉུང་འདུས་དང་བཅས་གནས་དེར་ཕེབས་ཏེ་སློབ་མ་རྣམས་ལ་རྫུ་འཕྲུལ་རེ་བསྟན་དགོས་གསུངས་པར་ལ་ལས་རྒྱ་གར་ནས་ཨ་རུ་རློན་པ་བཞེས་ཏེ་བླ་མར་ཕུལ། ལ་ལས་ཁོག་སྟོད་ལ་མེ་འབར། ཁོག་སྨད་ནས་ཆུ་འཁོལ་བ་སོགས་མཛད། བྱ་མ་རྒན་པོ་བཀྲ་ཤིས་ཅེས་པས་ཀྱང་ཉི་ཟེར་ལ་ཀྱོག་འགེལ་བ་སོགས་མཛད། བུ་སློབ་རིན་ཆེན་གྲགས་ཞེས་པ་རྫུ་འཕྲུལ་བསྟན་མི་ནུས་པའི་ངང་དགོངས་པ་རྫོགས་པའི་ཚུལ་བསྟན་པས་རྗེ་སྐྱོབ་པ་འཇིག་རྟེན་མགོན་གྱིས་ཕྱག་འཁར་བཙུགས་ཏེ་མི་རྟག་པའི་མགུར་གསུངས། རྟོགས་ལྡན་གྱིས་ཁྲམ་རྒྱབ་པས་ཡུང་དཀར་གྱི་སྐྱལ་པ་བཤགས་པ་ལྟར་རིང་སྲེལ་[page 213] འཕྱག་མས་འཕྱག་རྒྱུ་ཐོན་པས་རྟེན་འཕྱག་སྒང་ཞེས་པའི་མཚན་དེ་ལྟར་བྱུང་། དུར་ཁྲོད་ཀྱི་དཀྱིལ་དུ་དུར་རྡོ་འཇའ་ཟུག་མ་ཞེས་པ་ཞིག་ཡོད་པ་དེ་ནི་མཁའ་འགྲོ་མ་རྣམས་ཀྱིས་རྒྱ་གར་སིལ་བ་ཚལ་གྱི་དུར་ཁྲོད་ནས་གདན་དྲངས་པ་དང་། རྒྱ་གར་ཁྱི་སྤྱང་གིས་རྗེས་སྙེགས་ཏེ་དེར་ཐིམ་ཞེས་དང་། གཞན་ཡང་དུར་རྡོ་གསུང་བྱོན་མ་དང་། ཕྱོགས་བཞིར་རྡོ་བཞི་ཡོད་པ་མཁའ་འགྲོ་མ་བཞི། རྗེ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད།

ཡང་འབྲི་གུང་མཐིལ་ནས་རྐང་ཐང་མར་ཉིན་གཅིག་ཙམ་སོང་ན་ཚ་ཡུག་གམ་ཚ་འུག་ཅེས་པར་སྐྱོབ་པ་འཇིག་རྟེན་མགོན་པོ་དགུང་ལོ་བཞི་བཅུ་ཕེབས་སྐབས་མཚམས་སུ་བཞུགས་སའི་སྒྲུབ་ཕུག་རྡོ་རྗེ་ལྷོ་དཀར་ཞེས་པར་རང་བྱོན་དང་སྐུ་རྗེས་ངོ་མཚར་ཆེ་བ་མཇལ་རྒྱུ་ཡོད།།

གཏེར་སྒྲོ་དགོན།

གཏེར་སྒྲོ་ཞེས་པ་ནི། གནས་དེའི་ཚོགས་ཁང་དབུ་རྩེ་ལ་སོགས་པའི་བྲག་རི་རྣམས་མདོག་དཀར་ལ་གནམ་དུ་འཕྱོ་བས་བྱ་ཏི་པའི་སྒྲོ་དང་འདྲ་བས་ཏི་སྒྲོ་ཞེས་དང་། ཡང་གནས་དེར་ནོར་དང་ཆོས་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པས་བྱུར་བུར་གཏམས་པའི་སྒྲོམ་དང་འདྲ་བས་གཏེར་སྒྲོམ་ཞེས་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། འབྲི་གུང་མཐིལ་ནས་མར་ཡོང་དུས་སྤྱི་ལེ་༡༠ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་རེབ་ནང་ཞེས་པར་སོང་ན་བཙུན་དགོན་དེར་སླེབས་ཀྱི་རེད། རེབ་ཅེས་པ་ནི་གུ་རུ་རིན་པོ་ཆེ་དང་ཇོ་མོ་མཚོ་རྒྱལ་ལ་བསམ་ཡས་སུ་བདུད་བློན་རྣམས་གྱིས་བར་ཆད་བརྩམས་པར་གུ་རུ་ཡབ་ཡུམ་འོད་ཀྱི་ད་ལེར་བཞུགས་ནས་བྱང་ཕྱོགས་སུ་བྱོན་པས་ད་ལྟའི་གཏེར་སྒྲོའི་ཐད་ཀར་རབ་རིབ་ཀྱིས་ཡལ་སོང་བས་རིབ་ནང་ཞེས་པའི་མིང་དེ་ལྟར་བྱུང་བ་ཡིན། ཐོག་མར་གནས་དེར་གཟའ་དང་། ཀླུ་བདུད་ནག་མོ། དམ་སྲི་སོགས་ཀྱིས་འཛིན་པའི་བདུད་ལུང་ཞིག་ཡོད་པ་ལ་གུ་རུ་པདྨ་འབྱུང་གནས་གནས་དེར་ཕེབས་ནས་ལྷ་འདྲེ་རྣམས་དམ་འདོགས་གནང་སྟེ་ལུང་པ་བྱང་བལྟ་[page 214] དེ་ལྷོ་བལྟ་དང་། བདུད་ལུང་དེ་ཆོས་ལུང་ལ་བསྒྱུར་གནང་མཛད། ཡུལ་དེའི་ཕུ་རུ་ཆུ་ཚོད་ཕྱེད་ཙམ་སོང་ན་བདུད་འདུལ་ཕུག་ཅེས་པའི་གུ་རུའི་སྒྲུབ་ཕུག་དང་། མཐའ་འཁོར་དུ་འཁའ་འགྲོ་བྱེ་བའི་དབུ་སྐྲ་ཞེས་ཤུག་པ་མང་པོ་ཡོད། ད་ལྟའི་ཆུ་ཚན་ཆགས་ཡུལ་དེར་ཐོག་མར་ཀླུ་བདུད་ནག་པོས་བདུད་ཆུ་བསྐྱིལ་ཡོད་པ་ལ། གུ་རུས་ཨ་ཕྱི་ཆོས་སྒྲོན་ལ་ཁྱེད་ཀྱི་བདུད་ཆུ་འདི་གཤོངས་ཤིག་གསུངས་པར། ཨ་ཕྱིས་མེ་ལོང་གིས་བྲག་བཤགས་ཀྱང་ཆུ་བཤངས་མི་ཐུབ་པས་གུ་རུས་ཁྱོད་བུད་མེད་ཀྱིས་ལས་དེ་ཙམ་ལས་ཅི་འོང་གསུངས་ཏེ་རྡོ་རྗེ་གཡུགས་གནང་བས་བྲག་བརྟོལ་ཏེ་ཆུ་བཤངས། སེམས་ཅན་གྱི་ནད་ལ་ཕན་པའི་ཆུ་ཚན་དེ་བཞག་གནང་མཛད། ཆུ་ཚན་དེ་ནི་རྡོ་སོལ་དང་། མུ་ཟི་ནག་པོ། ཅོང་ཞི་དཀར་པོ་སོགས་ལས་གྲུབ་པ་དང་། ཆུའི་ཚ་ཚད་ནི་ཧྲེ་ཧྲི་ཏུའུ་༤༠ཡན་རྒྱུན་འཁྱོངས་ཐུབ། ཆུ་ཚན་དེ་ལ་བཞུགས་པས་སྨུག་པོ་དང་། སྙིང་། ཚད་པ། གྲང་བ། མཁྲིས་པ། ཕོ་བ། མཆིན་པ། རླུང་། མཁལ་མ། སྐེད་པ། དྲེག་གྲུམ། ཆུ་སེར། ཞ་རེངས། རྩ་དཀར། པགས་ནད་མཛེ་སོགས་འཇོམ་ཞེས་དང་། ཡང་དེ་དང་ཉེ་བར་ཤྭ་བ་ཆུ་ཚན་ཞེས་སྔོན་ཤྭ་བ་རྐང་པ་ཆག་པ་ཞིག་ཆུ་དེས་དྲག་སྐྱེད་བྱུང་བའི་ཆུ་ཚན་ཞིག་ཡོད་པ་དེ་ལ་རུས་པ་ཆག་སྐྱོན་བྱུང་རིགས་རྣམས་ལ་ཕན་པ་ཡིན་ཞེས་གསུངས། ཐོག་མར་འདུ་ཁང་ཆུང་ངུ་ཞིག་ལས་མེད་པ་དང་། དེ་རྗེས་གནས་དེར་སྒྲུབ་པ་ཕོ་མོ་མང་པོ་བཞུགས་ཀྱང་འདུ་ཁང་མེད་ཅིང་བསྙེན་བསྐུར་མང་ཇ་སོགས་བྱུང་ན་ཧོམ་ཁུང་གདོང་ཞེས་ད་ལྟའི་འདུ་ཁང་གནས་ཡུལ་དེར་ཚོགས་ནས་བསྔོ་སྨོན་སོགས་གནང་བ་ཡིན། དེ་རྗེས་བདུད་འདུལ་རིན་པོ་ཆེས་འདུ་ཁང་ཆུང་ངུ་ཞིག་བཞེངས་གནང་བ་དང་། གྲུབ་དབང་ངག་དབང་རིན་པོ་ཆེ་བྱོན་ཏེ་ཡང་ཟབ་ཀྱི་ཉམས་ལེན་དར་རྒྱས་ཆེ་བ་བྱུང་། དེ་རྗེས་གདན་རབས་སོ་བཞི་པ་དཀོན་མཆོག་བསྟན་འཛིན་ཞི་བའི་བློ་གྲོས་གྱིས་འདུ་ཁང་སྟེང་འོག་བར་གསུམ་རྒྱ་ཆེར་བཏང་གནང་སྟེ་སྤྱི་པ་ཐོག་མར་ཚུགས། རྟེན་གཙོ་གུ་རུ་མཚན་བརྒྱད་དང་། རྗེ་སྐྱོབ་པ། དུས་གསུམ་སངས་རྒྱས། [page 215] བསྟན་སྲུང་ཨ་ཕྱི་སོགས་ཀྱི་སྐུ་བརྙན་མང་པོ་བཞུགས་པ་མཇལ་རྒྱུ་ཡོད།

ད་ལྟ་ནི་སྔོན་གྱི་འདུ་ཁང་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་གཡས་གཡོན་དུ་བཙུན་ཤག ཆུ་ཚན་ཁར་འགྲུལ་ཁང་ལེགས་ཉེས་སྣ་ཚོགས་ཡོད་པ་བཅས།

ཆོས་ལུང་དགོན།

ཉི་མ་ལྕང་རྭ་ནས་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ཙམ་སོང་ན་ཆོས་ལུང་མདོ་བརྒྱུད་བྱང་ངོས་ཀྱི་རི་ཁུག་ཏུ་བཙུན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོ་༡༢༡༥ལོར་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་གྱི་ཐུགས་སྲས་ཆོས་སྐུ་རིན་པོ་ཆེ་ཞུ་བས་ཕྱག་བཏབ་གནང་མཛད། དེའང་སྐྱོབ་པ་རིན་པོ་ཆེས་སློབ་མ་རྣམས་ལ་འདྲ་སྐུ་རེ་གནང་སྟེ་ཁྱེད་ཚོ་མི་རེས་དགོན་རེ་འདེབས་དགོས་གསུངས་པ་ཇི་བཞིན་ཆོས་སྐུ་རིན་པོ་ཆེས་དགོན་དེ་ཉིད་བཏབ་གནང་མཛད། དེ་རྗེས་འབྲི་གུང་གཡུ་སྒྲ་སྤྲུལ་སྐུ་རིམ་བྱོན་གྱིས་ཡང་རི་སྒར་བླ་བྲང་དང་བཅས་སྐྱོང་གནང་མཛད་པས་ཡང་རི་སྒར་གྱི་དགོན་ལག་ཏུ་འགྱུར། སྔོན་འདུ་ཁང་ཀ་བ་བརྒྱད་ཀྱི་ནང་རྟེན་གཙོ་སྐྱོབ་པ་རིན་པོ་ཆེའི་འདྲ་སྐུ་མདའ་ཚད་མ་དང་། ཕག་གྲུའི་འདྲ་སྐུ་གསུང་བྱོན་མ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ། བཙུན་མ་བརྒྱ་སྐོར་གྱིས་འབྲི་གུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ཡིན།

ད་ལྟ་གསར་བཞེངས་འདུ་ཁང་ནང་ཚེ་དཔག་མེད་དང་། མཁན་སློབ་ཆོས་གསུམ་ཀུན་མཁྱེན་འཇིགས་མེད་གླིང་པ། ཀློང་ཆེན་རབ་འབྱམས་པ་སོགས་ཀྱི་འདྲ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

མ་ར་དགོན།

མཚན་རྒྱས་པར་མ་ར་བྱ་ཡུལ་ཐུབ་བསྟན་རྣམ་རྒྱལ་གླིང་ཞེས་ཞུ། ཆོས་ལུང་མདོ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ཙམ་[page 216] སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་དགེ་བཤེས་བྱ་ཡུལ་པས་ཕྱག་བཏབ་གནང་མཛད་སྟབས་རྗེས་སུ་བྱ་ཡུལ་པའི་རྣམ་སྤྲུལ་གླིང་རིན་པོ་ཆེའི་མ་དགོན་དུ་གྱུར། དགོན་དེ་ནི་སྔོན་ཉམས་གསོ་གནང་གཏན་འཁེལ་ཡང་མ་འགྲུབ་པ་ནི་འདུ་ཁང་ནང་ཀླུ་མེ་ལོང་གདོང་ཅན་གྱི་ཀླུ་ཁང་ཞིག་ཡོད་པས་ཡིན། ཀླུ་གཞན་རྣམས་དམ་འདོག་གནང་ཡང་ཀླུ་མེ་ལོང་གདོང་ཅན་གྱིས་ང་མི་ཕུད་པར་ཞུས་ཏེ་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་བསྟན་པར་སྲུང་རྒྱུར་མཁས་བླངས། ད་ལྟའང་འདུ་ཁང་ནང་ཀླུ་མེ་ལོང་གདོང་ཅན་གྱི་ཀླུ་ཁང་ཡང་ཡོད། སྔོན་དགེ་ལྡན་གླིང་། ཐུབ་བསྟན་གླིང་། རྣམ་རྒྱལ་གླིང་སོགས་གླིང་གསུམ་ཡོད་པ་ལ་དགེ་འདུན་བཞི་སྟོང་བར་འཕེལ་ཞེས་གསུངས།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཞྭ་ལྷ་ཁང་།

མཚན་རྒྱས་པར་དབུ་རུ་ཞྭ་ཡི་ལྷ་ཁང་ཞེས་ཞུ། མ་ར་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ཙམ་མར་ཡོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་མྱང་བན་ཏིང་འཛིན་བཟང་པོའམ་བན་དེ་མྱང་ཏིང་ངེ་འཛིན་ཞེས་པས་ཕྱག་འདེབས་གནང་མཛད། མྱང་བན་ཏིང་འཛིན་བཟང་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རབ་ཏུ་བྱུང་ཞིང་། པཎ་ཆེན་བི་མ་ལ་མི་ཏྲས་སྙིང་ཐིག་གི་མན་ངག་ཡོངས་རྫོགས་གནང་། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་སྐུ་ན་བྱིས་པའི་དུས་སུ་བུ་རྫི་དང་རྗེས་སུ་ཆོས་བློན་མཛད་དེ་བན་དེ་བཀའ་ཆེན་པོ་ཞེས་པར་གཏོགས་ཏེ་བཙན་པོ་དང་ཆབ་སྲིད་ལ་སྲི་ཞུ་བླ་ན་མེད་པ་གནང་བའི་བདག་རྐྱེན་དུ་བཙན་པོས་ཞྭ་ལྷ་ཁང་གི་རྡོ་རིང་དུ་《བཀའ་བཙིགས》ཞེས་བྱས་རྗེས་དང་སླད་བཙན་པོ་རིམ་བྱུང་ནས་དམིགས་བསམ་གཟིགས་རྟོགས་གནང་དགོས་སྐོར་རྡོ་རིང་ལ་བྲིས་པའི་མི་ཡིག་དེབ་ཐེར་ལའང་འཁོད་ཡོད། དེ་རྗེས་རིམ་བཞིན་ཉམས་རྒྱུད་དུ་སོང་བ་ལ་[page 217] རྒྱལ་བ་ཀློང་ཆེན་པས་ཉམས་གསོ་གནང་ནས་ཀློང་ཆེན་སྙིང་ཐིག་ཕྱག་བཞེད་མཛད་ཡུལ་དུ་འགྱུར། སྔོན་ལྷ་ཁང་དེའི་འཁྱམས་ཀྱི་དབུས་སུ་ཁྲ་མེན་མཆོད་རྟེན་ཞེས་པ་ཞིག་ཡོད་པ་དེ་ནི་ཞྭ་ཡི་ལྟེ་གནས་སུ་ཡིན་པ་དང་དེའི་འོག་ཏུ་དམ་སྲི་སྡུག་པ་ཅན་གནན་ཡོད་པ་ཀློང་ཆེན་པས་སླར་ཡང་གནན། གླང་དར་དུས་འགྱེལ་བའི་རྡོ་རིང་ཡང་བསླང་། ཇུན་གར་དམག་གི་སྐབས་སུ་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་མཐུ་བསྐྱོན་པས་སོག་དམག་གིས་དགྲ་བྱེད་མི་ཐུབ་ཅེས་གསུངས། གཞན་ཡང་དགོན་དེར་ཕྱོགས་བཞིར་དར་ཆེན་བཞི་དང་། དུར་ཁྲོད་བཞི། བླ་ཤིང་བཞི། མཆོད་རྟེན་བཞི་སོགས་ཡོད།

ད་ལྟ་སྔོན་གྱི་རྡོ་རིང་དང་། གཡུ་སྒྲོན་མའི་བླ་ཤིང་སོགས་དང་། འདུ་ཁང་དང་མཆོད་རྟེན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ཨ་ཡང་དགོན།

མཚན་རྒྱས་པར་ཐང་སྐྱབས་ཨ་ཡང་དགོན་ནམ་ཨེར་ཝམ་དགོན་ཞེས་ཞུ། ཐང་སྐྱབས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གཉིས་ཙམ་སོང་ན་རྩ་སྨད་གྲོང་ཞེས་པར་འབྱོར་ཞིང་དེ་ནས་འཁོར་ལམ་མེད་སྟབས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་གཡག་སྡེ་པཎ་ཆེན་གྱིས་༡༣༥༩ལོར་ཕྱག་བཏབ་པས་ཨེ་ཝམ་དགོན་ཞེས་དང་དེ་རྗེས་དགའ་ལྡན་དགོན་གྱི་དགོན་ལག་ཏུ་འགྱུར། ཨ་ཡང་ཞེས་པ་ནི། འབྲི་གུང་ནང་ཀ་མད་སུམ་བཅུའི་རིམ་པ་ལྟར་གྱི་དགོན་པ་ཡོད་པ་ལ་འདི་ནི་གསལ་བྱེད་ཀྱི་མཐའ་མ་ཨ་ཡིག་མིང་ཅན་གྱི་དགོན་དེ་ཡིན་ཞེས་གསུངས། དེ་རྗེས་མཚུངས་མེད་བླ་མ་རིན་པོ་ཆེ་ཞུ་བས་དགོན་དེ་བསྐྱངས་གནང་མཛད། དགེ་འདུན་སུམ་བརྒྱ་སྐོར་གྱིས་རི་བོ་དགེ་ལུགས་ཕྱག་བཞེད་མཛད་པར་གྱུར། སྔོན་དགོན་དེར་རྟེན་གཙོ་ཨ་ཡང་སྒྲོལ་མ་གསུང་བྱོན་མ་ཞུ་བ་ཞིག་ཡོད་པ་དེ་ཐོག་མར་ལྷ་ས་གཙུག་ལག་ཁང་ནང་ཡོད་པ་ལ་དེ་རྟག་ཏུ་ཞལ་ཤར་དུ་ཕྱོགས་པས་སྐུ་གཉེར་གྱིས་སྒྲོལ་མ་འདི་ཅི་ཡིན་ཞལ་སྒྱུར་བཞིན་འདུག་[page 218] ཅེས་གསུངས་པར་སྒྲོལ་མས་ཡང་ང་སྡོད་ས་ཨ་ཡང་དགོན་དུ་ཡིན་ཞེས་གསུངས་པས་རྗེས་སུ་དགོན་དེར་གདན་དྲངས་ཞེས་དང་། གཞན་ཡང་རྟེན་སྐུ་ཇི་སྙེད་བཞུགས་སུ་གསོལ་ཡོད། རྒྱབ་རི་བདེ་མཆོག་གི་གནས་རི་ཡིན་ཟེར་བ་དང་། ཆུ་མིག་ཅིག་ཡོད་པ་དེ་ལ་བདེ་མཆོག་གི་ཞབས་ཆུ། དུར་ཁྲོད་ལའང་པུས་མོ་དུར་ཁྲོད་ཅེས་བདེ་མཆོག་གི་ཞབས་པུས་སྟེང་དུ་ཡོད་ཅེས་པ་སོགས་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ཡང་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་གཡུ་བུ་དགོན་ཞེས་པ་དེ་མཇལ་རྒྱུ་ཡོད།

ཐང་སྐྱབས་དགོན།

ཐང་སྐྱབས་ལྕགས་ཟམ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གཅིག་ཙམ་སོང་ན་ཐང་སྐྱབས་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཀོ་ཤམ་པ་ཆེན་པོས་ཕྱག་འདེབས་གནང་མཛད། ཀོ་ཤམ་པས་དགོན་དེ་ཕྱག་མ་བཏབ་གོང་གནས་དེར་ཉི་མ་ལྷ་ཁང་ཞེས་ལྷ་ས་གཙུག་ལག་ཁང་མ་བཞེངས་གོང་ཡང་འདུལ་གྱི་གཙུག་ལག་ཁང་ཞེས་ཆུ་རྡོ་གྲམ་རིལ་གྱིས་བཞེངས་ཤིང་རྟེན་དུ་དུས་གསུམ་སངས་རྒྱས་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། གཙོ་སྐུ་རྣམ་སྣང་གི་སྐུ་བརྙན་བྱེ་མ་ཨ་འཁྲུངས་ལས་གྲུབ་པ་སོགས་ཡོད་གསུངས། དེ་རྗེས་ཀོ་ཤམ་པས་རྒྱ་རྡོ་ལས་བརྩིགས་པའི་འདུ་ཁང་བཞེངས། ཐང་སྐྱབས་ཞེས་པ་ནི། སྔོན་ཇུན་གར་གྱི་དམག་གནས་དེར་ལྷགས་ཏེ་མེ་རྒྱག་སྐབས་སྐུ་གཉེར་གྱིས་མགོན་པོ་བེང་གི་ཞལ་ཐང་ཞིག་ཡོད་པ་དེ་བསྟན་པས་མེ་ཤི་སྟབས་ཐང་སྐྱབས་དགོན་ཞེས་དང་། ཕག་མོ་དགོན། བ་དགོན་པ། ཉི་མ་དང་། བེ་གསེར། རྣམ་རྒྱལ་སེར་ཁང་བཅས་ཀྱིས་རྒྱུན་ཆོས་གནང་དགོས། དགོན་དེར་གཙོ་བོ་ཉི་མ་ལྷ་ཁང་ཀ་རིང་བཞི་དང་། འདུ་ཁང་ཀ་བ་ཉི་ཤུ་རྩ་བཞིར་དགེ་འདུན་བརྒྱ་ལྷག་གིས་རི་[page 219] བོ་དགེ་ལྡན་ཕྱག་ལེན་མཛད་པ་ཡིན།

ད་ལྟ་སྔོན་གྱི་ཉི་མ་ལྷ་ཁང་དང་། འདུ་ཁང་རྙིང་པའི་ལྡེབས་རིས། གཞན་ཡང་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་སྐམ་སྐམ་ཞེས་པར་རྭ་སྒྲེང་གི་དགོན་ལག་གཅིག་དང་། ཡང་མུ་མཐུད་སོང་ན་གཡག་སྡེ་པཎ་ཆེན་གྱི་སློབ་མས་ཕྱག་བཏབ་གནང་བས་འོད་སྣ་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།

ཀ་ཚལ་དགོན།

ཀ་ཚལ་དགོན་ནི་མལ་གྲོ་གུང་དཀར་རྫོང་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་གཅིག་ཙམ་དང་དེ་ནས་སྤྱི་ལེ་གཉིས་ཙམ་བྱང་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཀ་ཚལ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཡིན་ཅིང་། དེའང་ཆོས་རྒྱལ་སྲོང་བཙན་གནས་དེར་ཕེབས་སྐབས་ཤྭ་བ་ཡུ་མོ་ཞིག་སྔོན་དུ་འགྲོ་བའི་གཟིགས་སྣང་བྱུང་། དེ་ནས་ཡུ་མོ་ཡལ་བ་དང་ཡུ་མོའི་གཙུག་ཏོར་གྱི་ཚུལ་ལྟ་བུ་ཞིག་བཞུགས་པས་ཆོས་རྒྱལ་གྱིས་གནས་དེར་གནས་དེར་ལྷ་ཁང་ཞིག་བཏབ། གཙུག་ལག་ཁང་ནང་ཆོས་རྒྱལ་ཉིད་ཀྱི་འདྲ་སྐུ་དང་། ཕྱག་འཁོར་སོགས་ཡོད ༡༥༥༣ལོར་རྗེ་བཙུན་རིན་ཆེན་ཕུན་ཚོགས་ཀྱིས་དེར་ཡོད་བཀའ་གདམས་ཀྱི་དགོན་ཤུལ་དང་ཀ་ཚལ་ལྷ་ཁང་སྦྲེལ་ཏེ་ཀ་ཚལ་སྒྲུབ་སྡེ་བཏབ། དགོངས་པ་ཡང་ཟབ་དང་། ཛཱ་སྤེར་ཉམས་ལེན་གྱི་སྲོལ་གཏོད་དེ་འབྲི་གུང་པས་བདག་གིར་མཛད། རྗེ་སྐྱོབ་པ་འཇིག་རྟེན་མགོན་དང་། རྗེ་རིན་ཆེན་ཕུན་ཚོགས་སོགས་ཀྱི་སྐུ་བརྙན། རྗེ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་གདུང་གི་ཆ་ཤས་བཞུགས་པའི་མཆོད་རྟེན་བཀྲ་ཤིས་འོད་འབར་སོགས་རྟེན་གསུམ་ཁྱད་པར་ཅན་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གཟིམས་ཁང་སོགས་ཡོད་ལ་གསེག་ཤང་གནྡིའི་ལྷ་ཁང་ཞེས་པ་ཞིག་ཀྱང་ཡོད་། གསེག་ཤང་ཞེས་པ་ནི་ཐུབ་[page 220] པ་རྩ་ཆེན་ཞིག་ཡོད་པས་མཚན་དེ་ལྟར་ཐོགས།

ད་ལྟ་སྔོན་གྱི་གསེག་ཤང་གི་ཤུལ་དུ་དར་ཆེན་དང་། སྔོན་གྱི་ལྷ་ཁང་ཉམས་གསོ་གནང་བའི་ནང་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

རུ་ཐོག་དགོན།

མཚན་རྒྱས་པར་རུ་ཐོག་དགོན་བསམ་གཏན་འཕེལ་རྒྱས་གླིང་ཞེས་ཞུ། མལ་གྲོ་གུང་དཀར་རྫོང་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་༥༥ཙམ་སོང་ན་དམར་གཞུང་ལ་འདབས་སུ་བཀྲ་ཤིས་ཐང་ངང་དམར་ཐང་ཐང་ཞེས་པའི་བྱང་ངོས་ཀྱི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དམར་ཐང་ཐང་ཞེས་པ་ནི། སྔོན་ཇུན་གར་དམག་གིས་ཐང་དེར་དགོན་པའི་འབྲི་གཡག་མང་པོ་བསད་པས་དབུ་མཛད་རུ་རིང་ཞེས་བསླབ་གསུམ་དང་ལྡན་པ་ཞིག་ཡོད་པ་དེས་མགོན་པོའི་སྐུ་བརྙན་བྱིན་ཅན་ཞིག་ཡོད་པ་དེ་སྒེའུ་ཁུང་ནང་ནས་གཡུགས་པར་བརྩམ་སྟེ་ད་འདིས་ཀྱང་ལག་རོ་བཀག་རོགས་རེད་ཅེས་གསུངས་པས། མགོན་པོས་དེ་འདྲ་མི་དགོངས་ང་ཡིས་ཆོ་འཕྲུལ་སྟོན་ཆོག་གསུངས་ཏེ་འབྲི་གཡག་བསད་པའི་ཤ་སྦྲུལ་དུ་གྱུར། ཤ་ཟ་མི་རྣམས་དམར་བཤལ་རྒྱབ་པས་དེ་ནས་བཟུང་ཐང་དེ་ལ་དམར་ཐང་ཐང་ཞེས་ཐོགས། ཇུན་དམག་རྣམས་གནས་དེ་ནས་ཐོན་ཞེས་ཟེར། དགོན་དེ་ནི་ཐོག་མར་ཞང་ཚལ་པའི་སློབ་མ་རྟོགས་ལྡན་བདེ་བ་གཞོན་ནུ་ཞེས་པས་ཕྱག་འདེབས་གནང་མཛད། རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་དགེ་ལྡན་ལུགས་སུ་འགྱུར། དགའ་ལྡན་བྱང་རྩེའི་དགོན་ལག་ཡིན། འདུ་ཁང་ཀ་བ་བརྒྱད་ཀྱི་ནང་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་སོ་གཅིག་ཙམ་དང་། རྗེ་ཙོང་ཁ་པ། སྲུང་མ་ཁང་ནང་མཁས་གྲུབ་བདེ་བ་གཞོན་ནུའི་སྐུ་བརྙན། མཐེང་ཤོག་གསེར་ཡིག་ཅན་གྱི་བླ་མ་ཞང་གི་གསུང་འབུམ་པོད་བཞི། ནང་རྟེན་དུ་ཞང་མི་རུང་གྲགས་ཅེས་པའི་སྐུ་བརྙན་མཁྱིད་གང་ཙམ་བྱས་པ། དགེ་འདུན་སུམ་ཅུ་ལྷག་གིས་བདེ་གསང་འཇིགས་[page 221] གསུམ་ཕྱག་བཞེད་མཛད་དེ་ལོ་ལྟར་བོད་ཟླ་༡ཚེས་༢༨.༢༩སོ་སོར་གར་འཆམ་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་བརྩིག་གདན་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་འཇིམ་གྱི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

རིན་ཆེན་གླིང་།

མཚན་རྒྱས་པར་བཀྲ་ཤིས་སྒང་ཤར་རིན་ཆེན་གླིང་ཞེས་ཞུ། ལྷ་སའི་ཕྱིའི་གླིང་བཞིའ་ཁོངས་ཡིན་ཞེས་ཙ་རིར་གནས་སྐོར་དུ་མ་འགྲོ་གོང་དགོན་དེར་དགོན་པོ་ཕྱག་བཞི་པ་ཞིག་ཡོད་པ་དེ་མཇལ་དུ་ཡོང་སྲོལ་ཡོད། རུ་ཐོག་དགོན་ནས་སྤྱི་ལེ་༡༩ཙམ་མར་ཡོང་ན་བཀྲ་ཤིས་སྒང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགེན་དེ་ནི་ཐོག་མར་འབྲི་གུང་བླ་བརྒྱུད་བྱང་སེམས་དགེ་འདུན་རིན་ཆེན་ཞེས་པས་ཕྱག་འདེབས་གནང་མཛད་པ་ལ་ཐོག་མར་གླིང་སྟོད་གླིང་སྨད་ཅེས་རྒྱ་ཤིན་ཏུ་ཆེན་པོ་ཡོད། དེ་ནས་པཎ་ཆེན་བསོད་ནམས་གྲགས་དུས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། སྔོན་དགེ་འདུན་བརྒྱ་དང་དྲུག་ཅུ་སྐོར་གྱིས་སྔགས་ཆོག་ཁོ་ན་ཕྱག་ལེན་མཛད། བོད་ཟླ་༧ཚེས་༡༥སྲུང་སྤྱིའི་བསྐང་གསོ་དང་འབྲེལ་གར་འཆམ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་མགོན་ཁང་གི་ཤུལ་དུ་འདུ་ཁང་ཀ་དྲུག་གསར་བཞེངས་གནང་བའི་ནང་འཇིམ་གྱི་དུས་གསུམ་སངས་རྒྱས་དང་། བྱང་སེམས་དགེ་འདུན་རིན་ཆེན་གྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་བྱང་ངོས་སུ་ཆུ་ཕར་ཐོན་ནས་སོང་ན་ཟར་ཞེས་པའི་ནང་སེ་རའི་དགོན་ལག་ཟར་དགོན་ཞེས་པའི་རྗེས་ཤུལ་མཇལ་རྒྱུ་ཡོད།

སྤངས་ས་དགོན།

མཚན་རྒྱས་པར་སྤངས་ས་དགོན་དགའ་ལྡན་རྣམ་[page 222] རྒྱལ་གྲྭ་ཚང་ཞེས་ཞུ། སྤངས་ས་ཞེས་པ་ནི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མི་ཟས་སྤངས་པའི་གནས་ཡིན་པས་སྤངས་ས་ཞེས་པ་དེ་ལྟར་བྱུང་། བྲག་ལོགས་ཟམ་པ་ཐོན་ཏེ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་དྲུག་ཙམ་སོང་ན་ཆིམས་པའི་ནང་ཞེས་པར་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་གདམས་པའི་བླ་མ་རྒྱ་ཐང་པ་ཉི་མ་དབང་ཕྱུག་གིས་ཕྱག་བཏབ་གནང་མཛད། དེ་ནས་དགོན་དེའི་ལྟག་ཏུ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྒྲུབ་ཕུག་དང་། གཡས་ངོས་སུ་ཆག་ལུང་ཞེས་རྣམ་རབ་དྭགས་པོ་གྲྭ་ཚང་གི་དགོན་ལག་ཅིག དེ་དང་ཉེ་བར་སེ་བ་རོང་ཞེས་པ་བཅས་གསུམ་ཡོད་པ་ལ་རྗེས་སུ་ཀུན་ཉམས་དམས་སུ་སོང་བས་དེ་གསུམ་གཅིག་ཏུ་ཟླ་སྒྲིལ་བ་ཡིན་ཞེས་གསུངས། སྔོན་གནས་དེར་ར་རྫི་ཞིག་གིས་ར་མོ་དཀར་པོ་ཞིག་རྟག་ཏུ་བོར་བརླག་འགྲོ་བ་ལ་ཉིན་ཞིག་ར་རྫིས་རའི་མགོ་ལ་སྐུད་པ་བཏགས་ཏེ་རྗེས་སྙེགས་པས་ཁྱིའུ་རལ་པ་ཅན་ཞིག་གིས་ར་བཞོས་ཏེ་འོ་མ་རྟོགས་ལྡན་ལ་འཕུལ་བ་མཐོང་། རྟོགས་ལྡན་གྱིས་ར་རྫིར་ཁྱོད་ཀྱིས་ང་འདིར་ཡོད་པ་སུ་ལའང་མ་ཤོད་ཅིག་གསུངས་པར། ར་རྫིས་ང་རྟག་ཏུ་ཁ་སྐོམ་གྱི་འདུག་པས་ཁྱེད་ཀྱི་ང་ལ་སྐོམ་སེལ་ཞིག་གནང་བ་ཞུ་ཞུས་པས། རྟོགས་ལྡན་གྱིས་སྐོམ་སེལ་འབུམ་པ་ཞིག་གནང་སྟེ་ཁྱོད་ཁ་ནམ་སྐོམ་ཡང་འདིའི་ནང་ནས་ཆུ་འཐུང་ཆོག་པ་ཡིན། འོན་ཀྱང་བུམ་པའི་ཁ་མ་ཕྱེས་ཞེས་གསུངས། དེ་ནས་བཟུང་ར་རྫི་ཁ་ག་དུས་སྐོམ་ཡང་བུམ་པའི་ནང་ནས་ཆུ་འཐུང་ཆོག་པ་ཡིན། ཉིན་གཅིག་ར་རྫི་བུམ་པ་དེར་ཡ་མཚན་ནས་འདིའི་ནང་ཅི་ཡོད་དམ་སྙམ་ནས་ཁ་ཕྱེས་པས་བུམ་པའི་ནང་སྦལ་ཅོང་གིས་ཁེངས་ནས་ཡོད་པས་ཁོ་ཧ་ལས་ཏེ་བུམ་པ་ས་ལ་བརྡབ་པས་སྦལ་ཅོང་ཐོར་ཤུལ་དུ་ཆུ་མིག་རེ་ཆགས་ཞེས་དང་། ཡང་ར་རྫིས་ང་རྟག་ཏུ་ཡུལ་པོ་འདུག་ཞུས་པར་རྟོགས་ལྡན་གྱི་སྒྲ་སྙན་ཞིག་གནང་བས་ཁོ་སྒྲ་སྙན་ལ་མགོ་འཁོར་ཏེ་མུན་རུབ་པས་ར་ལུག་རྣམས་རུབ་མི་ཐུབ་པའི་ཚེ་ཁོ་ཁྲོས་ཏེ་སྒྲ་སྙན་བྲག་ལ་བརྡབ་པས་སྒྲ་སྙན་གྱི་རྗེས་དོད། བྲག་དེ་ལའང་སྒྲ་སྙན་བྲག་ཅེས་ཐོགས། རྟོགས་ལྡན་གྱི་གཟིམ་ཕུག་ཁར་[page 223] ཤུག་པ་ཞིག་སྐྱེས་ཡོད་པས་དེའི་ཤུག་འབྲུ་བཞེས་ནས་བཀའ་ཐུབ་ཚད་མེད་ཀྱིས་བདེ་མཆོག་གི་བསྙེན་པ་བསྐྱེལ་གནང་བ་ཡིན། དགོན་དེའི་རྒྱབ་རིར་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མས་མཛེས་ཤིང་། སྔོན་འདུ་ཁང་ཀ་བ་བཅུ་གསུམ་ནང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྐུ་དམར་གདུང་བཞུགས་པའི་འཇིམ་གྱི་གདུང་རྟེན་དང་། རྒྱལ་ཐང་ཉི་མ་དབང་ཕྱུག་གི་འདྲ་སྐུ། ཐུགས་རྗེ་ཆེན་པོའི་སྐུ་བརྙན་གཏེར་མ་མི་ཚད་མ། རྒྱལ་བ་བྱམས་པའི་སྐུ་བརྙན་སོགས་དང་། དགེ་འདུན་སུམ་ཅུ་སྐོར་གྱི་ས་སྐྱ་ངོར་ལུགས་ཕྱག་བཞེད་མཛད། རྣམ་རབ་དྭགས་པོ་གྲྭ་ཚང་གི་དགོན་ལག་ཡིན། ལོ་ལྟར་བོད་ཟླ་༡༡ཚེས་༢༩ཉིན་དཔལ་ལྡན་མགོན་པོ་སྐྲ་ཤད་ཙ་རིར་གནས་སྐོར་དུ་ཕེབས་ཞེས་འདིའི་རིང་སྒྲུབ་མཆོད་ཚོགས་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་གོག་སྟེང་གསར་བཞེངས་གནང་བའི་ནང་རྟོགས་ལྡན་གྱི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན་ཉམས་གསོ་དང་། སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

མཁར་སྐྱ་དགོན།

མཚན་རྒྱས་པར་མཁར་སྐྱ་བྱམས་ཆེན་གླིང་ཞེས་ཞུ། བཀྲ་ཤིས་སྒང་ནས་སྤྱི་ལེ་ཙམ་གཟི་སྦུག་ནང་སོང་ན་མཁར་སྐྱ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། གཟི་སྦུག་ཅེས་པ་ནི། ཡུལ་དེའི་ཕུ་ལ་ནོར་བུ་གཟི་ཡིས་ཕྱུག་པས་གཟི་སྦུག་ཅེས་པའི་མིང་དེ་ལྟར་བྱུང་ཞེས་དང་། དགོན་དེ་ནི་ཐོག་མར་བཀའ་གདམས་པའི་དགེ་བཤེས་ཚུལ་ཁྲིམས་རིན་ཆེན་ཞུ་བས་ཕྱག་བཏབ་གནང་མཛད། དེ་རྗེས་རྗེ་ཙོང་ཁ་པའི་དུས་རི་བོ་དགེ་ལྡན་པར་འགྱུར། ལྷོ་པ་རྒྱལ་སྲས་སྐུ་ཕྲེང་རིམ་པས་དགོན་དེ་བསྐྱངས་གནང་མཛད། སྔོན་འདུ་ཁང་རྙིང་པ་ཀ་བ་བཅུ་གཉིས་ཅན་ནང་གསེར་ཟངས་ཀྱི་ཐུབ་པ་གསུང་བྱོན་མ་ཞིག་ཡོད་པ་དེ་ནི་འཕན་པོ་ན་ལནྜ་ནས་གདན་དྲངས་ཏེ་ལྷ་ཁང་མདོ་གསུམ་ཞེས་པར་སླེབས་སྐབས་ང་མལ་གྲོ་གཟི་སྦུག་ནང་འགྲོ་གི་ཡིན་ཟེར་གསུང་བྱོན་པས་[page 224] དགོན་དེར་གདན་དྲངས་ཏེ་བཞུགས་ཞེས་ཟེར། དགོན་དེའི་ཤར་ལྷོའི་མཚམས་སུ་ཨ་མ་རིན་ཆེན་མཚོ་མོ་ཞེས་པའི་མཚོ་ཞིག་ཡོད་པ་ནས་དུང་དཀར་ཞིག་འཕུར་ཡོང་སྟེ་དགོན་དེའི་ཁ་ཁྲོད་གཡས་ལུང་ནང་དུ་ཆོས་སྒང་སྒང་ཞེས་པའི་བཙུན་དགོན་དེར་འཕུར་ཕེབས་པས་བཙུན་མ་ཞིག་གིས་ལྟས་ངན་གྱི་བྱ་ཞིག་འཕུར་སླེབས་བྱུང་གསུངས་པས་དུང་དཀར་དེ་མཁར་སྐྱར་འཕུར་ཕེབས་པ་བླ་མ་རྒྱལ་སྲས་ཉི་མ་འཛིན་གྱིས་བཟུང་གནང་སྟེ་དགོན་དེའི་ནང་རྟེན་དུ་བཞུགས། ནམ་མཁའ་གཡེར་སྐབས་དུང་དེ་བཏང་ན་ཨ་མ་རིན་ཆེན་མཚོ་མོའི་ནང་ནས་དུང་ཕྲུག་མང་པོ་ཐོན་ཡོང་སྟེ་ནམ་མཁར་སྤྲིན་འཁོར་ཞེས་ཟེར། སྔོན་དགེ་འདུན་བདུན་བཅུ་སྐོར་གྱིས་རི་བོ་དགེ་ལུགས་ཕྱག་བཞེད་མཛད། འོན་ཆོས་སྡིངས་བླ་བྲང་གི་ཁོངས་ཡིན། ལོ་ལྟར་བོད་ཟླ་༢ཚེས་༢༩འཕན་པོ་ནས་ཞོལ་ཁ་ཆོས་སྐྱོང་གདན་དྲངས་ཏེ་ཚེས་༣༠ཉིན་སྐུ་ཕེབས་གནང་སྲོལ་ཡོད། ཞོལ་ཁ་ཆོས་སྐྱོང་ནི་ཐོག་མར་བཀའ་གདམས་པའི་བླ་མ་ཞིག་ཡིན་པ་ལ་ཇུན་གར་དུས་ཀོང་པོ་ཞོལ་ཁའི་ནང་བཀྲོངས་པ་གཟུགས་མེད་དུ་སྐྱེས་པ་ས་སྐྱས་དམ་འདོགས་གནང་བ་ཡིན་ཞེས་ཟེར།

ད་ལྟ་སྔོན་གྱི་འདུ་ཁང་རྙིང་པའི་ཤུལ་མཁར་སྐྱ་གྲྭ་ཚང་གི་བརྩིག་གདན་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་ཙམ་སོང་ན་དེ་མོ་དགོན་ནམ་བཀྲ་ཤིས་ཆོས་གླིང་ཞེས་སྔོན་དགོན་དེའི་དགོན་ལག་ཡིན་པའི་བཙུན་དགོན་ཞིག་དང་། ཡང་དགོན་དེའི་ཁ་ཁྲོད་དུ་ཆོས་སྒང་སྒང་ཞེས་རིན་ཆེན་གླིང་གི་དགོན་ལག་ཡིན་པའི་བཙུན་དགོན་ཞིག ཡང་དགོན་དེའི་ལྟག་ཏུ་སེ་ར་རི་ཁྲོད་ཅེས་པ་ཞིག་དང་། དེའི་གཡོན་ངོས་སུ་མཆོད་རྟེན་ཞིག་ཡོད་པ་དེའི་ནང་མཁན་ཆེན་བོ་དྷི་ས་ཏྭའི་སྐུ་སྨད་ཡོད་ཅེས་གསུངས།

[page 225]
འཆད་ཀ་དགོན།

འཆད་ཀ་དགོན་ནི། བྲག་ལོག་ཟམ་པ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་ཙམ་སོང་ན་ཁྲིད་ལྷ་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་བཀའ་གདམས་པའི་དགེ་བཤེས་འཆད་ཀ་བས་ཕྱག་བཏབ་གནང་མཛད། དགེ་བཤེས་འཆད་ཀ་བ་ནི། བླ་མ་ལྔ་བཅུ་པའི་ནང་གི་དགེ་བཤེས་ཨང་གཉིས་པ་དེ་ཡིན། སྔོན་དགོན་དེ་གསང་ཕུ་བླ་བཅུའི་ཁོངས་རྣམ་རྒྱལ་སེར་ཁང་གི་ཁོངས་ཡིན། ད་ལྟ་དགེ་ལྡན་ཕྱག་བཞེད་གནང་བ་རེད། སྔོན་དགེ་འདུན་བདུན་བཅུ་སྐོར་ཡོད། ད་ལྟ་སྔོན་གྱི་འདུ་ཁང་ཀ་བ་གཉིས་ལྡན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་ནང་དགེ་བཤེས་འཆད་ཀ་བའི་འཇིམ་གྱི་གདུང་རྟེན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་མདུན་རིར་བྲག་ལ་ཁུང་ཞིག་ཡོད་པ་དེ་ནི། རིན་ཆེན་གླིང་གི་སྲུང་མ་མལ་གྲོ་བློན་བཙན་གྱིས་དགོན་དེར་སེར་བ་ཕབ་ནས་ཆུས་ཁྱེར་ལ་ཉེ་བར་དགོན་དེའི་སྲུང་མ་མགར་ནག་ཅེས་པས་ཁྱུང་ལ་སྤྲུལ་ནས་མདའ་རྒྱབ་པས་དགོན་དེའི་ཤར་ལྷོའི་མཚམས་ཀྱི་བྲག་ལ་ཁུང་ཕུག་པའི་རྗེས་ཤུལ་དང་གཤོག་པ་གཉིས་ཀྱིས་ཆུ་བཀག་སྟེ་དགོན་དེ་སྐྱབས་པའི་རྗེས་ཤུལ་རྒྱབ་རིར་གསལ་བ་མཇལ་རྒྱུ་ཡོད།

རྒྱལ་སྟེང་དགོན།

མཚན་རྒྱས་པར་མལ་གྲོ་རྒྱལ་སྟེང་དགོན་ཞེས་ཞུ། བྱ་ར་མདོ་གྲོང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་ཙམ་སོང་ན་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་མ་ར་དགོན་གྱི་དགོན་ལག་ཡིན་ཅིང་། དགེ་བཤེས་བྱ་ཡུལ་བའི་ཕུལ་དུ་བྱུང་བའི་སློབ་མ་ཕུར་བུ་དབང་ཕྱུག་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། ཐོག་མར་བཀའ་གདམས་པའི་དགོན་ཡིན་པ་ལ་རྗེས་སུ་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། སྔོན་འདུ་ཁང་ཀ་བ་བཅུའི་ནང་ཤར་ལིའི་གདུང་རྟེན་མི་ཚད་མ་གསུམ་དང་། སྒྲོལ་མ་གསུང་བྱོན་[page 226] མ། འབུམ་ནག་ཟིལ་པ་ཅན། ཕུར་བུ་དབང་ཕྱུག་རྒྱལ་གྱི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན། དགེ་འདུན་ཞལ་གྲངས་ཉི་བརྒྱ་སྐོར་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པ་ཡིན།

ད་ལྟ་སྔོན་གྱི་དེ་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་དུས་གསུམ་སངས་རྒྱས་དང་། རྗེ་གཟིགས་པ་ལྔ་ལྡན་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དག་པ་དགོན།

མཚན་རྒྱས་པར་སེར་སྨད་དག་པ་རྣམ་སྤྲུལ་གླིང་ཞེས་ཞུ། མལ་གྲོ་གོང་དཀར་རྫོང་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་སོང་ན་དག་པ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་སྐྱེས་བུ་ཡེ་ཤེས་རྡོ་རྗེས་ཕྱག་བཏབ་གནང་མཛད་པའི་བཀའ་བརྒྱུད་ཀྱི་དགོན་ཡིན་པ་དང་། སྔོན་ཙ་རིར་གནས་སྐོར་དུ་འགྲོ་ཁར་དགོན་དེ་མཇལ་དགོས། གལ་ཏེ་དགོན་དེ་མ་མཇལ་ན་གོས་ལ་གོང་བ་མེད་པ་དང་ཁྱད་མེད་ཅེས་ཟེར། ཇུན་གར་དམག་མ་ལངས་ཙམ་དུ་དགེ་ལྡན་ལུགས་སུ་གྱུར། སེར་སྨད་གྲྭ་ཚང་གི་དགོན་ལག་ཡིན། དག་པ་ཁྲི་སྤྲུལ་སྐུ་ཕྲེང་བདུན་པ་བར་གྱིས་དགོན་དེའི་དགོན་བདག་གནང་། འདུ་ཁང་ཀ་བ་བཅུ་དྲུག་ནང་རྟེན་གཙོ་སྨན་འདམ་གྱི་རྗེ་ཡབ་སྲས་གསུམ་དང་རྟེན་སྐུ་ཇི་སྙེད་བཞུགས། དགེ་འདུན་བརྒྱད་བཅུ་སྐོར་གྱིས་རི་བོ་དགེ་ལྡན་གྱི་སྔགས་ཆོག་ཕྱག་བཞེད་མཛད་པ་ཡིན། ལོ་ལྟར་བོད་ཟླ་༤ཚེས་༡༥མགོན་ཆོས་ལྷ་གསུམ་གྱི་སྒོ་ནས་གར་འཆམ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ལ་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།[page 227]

ཐེག་ཆེན་བཤད་སྒྲུབ་གླིང་།

ཐེག་ཆེན་བཤད་སྒྲུབ་གླིང་ནི། མལ་གྲོ་གོང་དཀར་རྫོང་ནས་སྤྱི་ལེ་དགུ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་སྣོན་མདའ་དང་དེ་ནས་སྤྱི་ལེ་བརྒྱད་ཙམ་ཤར་དུ་སོང་ན་སྤུ་ལ་ཞེས་པའི་གྲོང་གི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་ཀ་ཚལ་དགོན་གྱི་དགོན་ལག་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ། ད་ལྟ་གསར་བཞེངས་འདུ་ཁང་ཀ་བ་བཞི་ཡི་ནང་རྟེན་གསུམ་དང་བཙུན་མ་རྣམས་ཀྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་ཀྱི་ཡོད།

རབ་རྒྱས་གླིང་།

མཚན་རྒྱས་པར་ཁྲི་སྒང་ཆོས་ཁང་རབ་རྒྱས་གླིང་ཞེས་ཞུ། མལ་གྲོ་གོང་དཀར་རྫོང་ནས་སྣུམ་ནག་འཁོར་ལམ་བརྒྱུད་སྤྱི་ལེ་དགུ་ཙམ་སོང་ན་སྣོན་མདའ་དང་། དེ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་ཙམ་སོང་ན་ཁྲི་སྒང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་འགྲོ་མགོན་སངས་རྒྱས་དབོན་གྱིས་ཕྱག་བཏབ་གནང་མཛད། ཐོག་མར་བཀའ་གདམས་པའི་དགོན་པ་ཡིན་པ་ལ་རྗེས་སུ་རི་བོ་དགེ་ལུགས་པར་འགྱུར། དགོན་བདག་ནི་བརྒྱ་མ་ཁྲི་སྒང་པས་གནང་བ་རེད། ཁྲི་སྒང་ཞེས་པ་ནི་འགྲོ་དགོན་ཆོས་རྒྱལ་འཕགས་པས་བོད་ཁྲི་སྐོར་བཅུ་གསུམ་དུ་དབྱེར་སྐབས་ཁྲི་དང་པོ་ས་ཁྲི་དཀར་པོ་ཞེས་པ་དེ་ཡིན་པས་ཁྲི་སྒང་ཞེས་དང་བརྒྱ་མ་ཞེས་ནི། འགྲོ་མགོན་སངས་རྒྱས་དབོན་གྱིས་ལུང་པ་བརྒྱ་བདམས་གནང་བའི་ནང་ནས་ལེགས་ཤོས་དེ་ཡིན་པས་བརྒྱ་མ་ཞེས་པ་དེ་ལྟར་ཐོགས་ཞེས་གསུངས། ཁྲི་སྒང་ལྷ་ཁང་ནང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བྱིན་ཅན་བཞུགས་པས་སྔོན་གཟིམ་ཆུང་བ་ཞེས་པའི་ཁྲལ་ཡང་ཆག་ཡང་ཐོབ། ལྷ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐོག་སོ་གཅིག་ལྷག་དང་། གཡས་གཡོན་དུ་གསེར་ཟངས་ཀྱི་ཐུབ་དབང་ཐོག་སོ་ཅན། ཕྲེང་འགོ་ཆུ་མིག་[page 228] ཅེས་ཆོས་རྒྱལ་འཁྲུངས་མ་ཐག་ཆུ་མིག་ནས་མ་ཎིའི་རང་བྱོན་དང་། རྡོ་སྐུའི་རང་བྱོན་ཞེས་རྡོ་ནག་སྟེང་འོ་མས་བྲིས་པ་ལྟར་གསལ་བ་དེ་དང་ཉེ་བའི་སྲུང་མ་ཁང་ཞེས་པའི་ནང་དམ་ཅན་གྱི་རའི་ཞབས་རྗེས་དང་། འགྲོ་མགོན་གྱི་གསོལ་མཛོའི་ཞབས་རྗེས། ལྷ་ཁང་ཐོག་སོ་ཉིས་ཐོག་ལ་སྟེང་ཤོད་གཉིས་ཀར་བར་སྐོར་རེ་ཡོད་པ། སྔོན་དགོན་དེར་དགེ་སློང་བརྒྱད་གྲྭ་གཅིག་དགའ་ལྡན་ཁྲི་ཐོག་སྒང་ནས་གཏོང་གནང་སྲོལ་ཡོད། གཞན་ཡང་སྔོན་ལོ་ལྟར་བོད་ཟླ་༡༢ཚེས་༢༩ལ་དགོན་དེའི་གྲྭ་པ་དང་། ཁྲི་སྒང་གི་ཕོ་གཡོག བརྒྱ་མའི་འུལ་ལག་བཅས་ཀྱིས་མེ་ལྷ་བསྒྲུབ་ཅེས་ལྕི་བར་མེ་སྤར་ནས་གཏོར་རྒྱག་རྒྱག་སྲོལ་ཡོད།

ད་ལྟ་སྔོན་གྱི་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་ཐུགས་རྗེ་ཆེན་པོའི་ཞབས་སྟེང་ནས་བཞེངས་གནང་བའི་སྨན་འདམ་གྱི་ཐུགས་རྗེ་ཆེན་པོ་དང་། གསེར་ཟངས་ཀྱི་ཐུབ་དབང་། མ་ཎིའི་རང་བྱོན་། འགྲོ་མགོན་སངས་རྒྱས་དབོན་གྱི་གདུང་རྟེན་འབུམ་པ་བང་རིམ་ཡན་གསར་བཞེངས་གནང་བ་ཐོག་སོ་བདུན་ལྡན། ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ཡན་དགོན་དེའི་ལྟག་ཏུ་ཆོས་རྒྱལ་སྲོང་བཙན་གྱི་འཁྲུངས་ཁང་གི་ཤུལ་ལ་དར་ཆེན་དང་། ཁྲ་འགོ་ཆུ་མིག་བཅས་ཡོད། ཡང་དེ་ནས་མར་ཡོང་དུས་རྒྱལ་པོའི་སྐུ་མཁར་ཞེས་པར་ཆོས་རྒྱལ་གནས་དེ་ནས་ཕེབས་ཁར་ཡུལ་ལྷ་གཞིས་བདག་སེམས་མ་ཕམ་ཆེད་བཞེངས་གནང་བའི་ལྷ་ཁང་དང་དེའི་ནང་ཆོས་རྒྱལ་གྱི་སྐུ་བརྙན་སོགས་ཀྱང་གསར་བཞེངས་གནང་ཡོད།།

[page 229]

སྟག་རྩེ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

བཙུན་མོ་ཚལ། ལ་མོ་དགོན། འཚེར་གསེབ་དགོན། དགའ་ལྡན། བདེ་ཆེན་གསང་སྔགས་མཁར། བྲག་ཡེར་པ། འབྲོམ་སྟོད་སྐུ་འབུམ། ཕག་མོ་དགོན། བ་དགོན་པ། ༡༠ ཁྱུང་ཚང་དགོན། ༡༡ ལོ་དགོན་པ། ༡༢ ཞོགས་དགོན། ༡༣ སྔོན་གྱི་སྟག་རྩེ་རྫོང་ཤུལ། ○ ད་ལྟའི་སྟག་རྩེ་རྫོང་།[page 230]

སྟག་རྩེ་རྫོང་།

སྟག་རྩེ་ཞེས་པ་ནི། རི་བོ་སྟག་ལྟ་བུའི་རྩེ་མོར་གནས་པས་རྫོང་ངམ་རྫོང་བཙན་པོ་སྟག་ལྟ་བུའི་དོན་སོགས་གསུང་སྲོལ་མི་འདྲ། ད་ལྟའི་སྟག་རྩེ་རྫོང་ནི། སྔོན་གྱི་སྟག་རྩེ་རྫོང་གི་མིང་རང་སོར་བཞག་པ་དང་། སྔོན་གྱི་སྟག་རྩེ་རྫོང་ནི། ད་ལྟའི་སྟག་རྩེ་རྫོང་གི་ཆུ་ཕར་ཕྱོགས་ཕུན་ཚོགས་གླིང་ཞེས་པར་རྫོང་ཤུལ་དང་བཅས་པ་ཡོད། ད་ལྟའི་སྟག་རྩེ་རྫོང་ནི་སྔོན་བདེ་ཆེན་རྫོང་གི་འདབས་ཁྲོན་བོད་རླངས་འཁོར་འགྲོ་ལམ་གྱི་ཞོགས་སུ་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༡༣༧༠དང་། ས་ཞིང་མུའུ་ཁྲེ་.ནགས་ཚལ་མུའུ་ཁྲི་༡༧མི་འབོར་ཁྲི་.ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༤༥༠༠ཙམ་གྱི་ས་བབས་བཅས་ཡིན།

བཙུན་མོ་ཚལ།

མཚན་རྒྱས་པར། རབ་བསྟན་ཕུན་ཚོགས་གླིང་ཞེས་ཞུ། སྣོན་མདའ་ནས་སྤྱི་ལེ་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་འབྱེད་གྲོང་ཚེ་ཞེས་པའི་རི་ཁུག་ཏུ་དགོན་དེ་མཇལ་རྒྱུ་ཡོད། བཙུན་མོ་ཚལ་ཞེས་པ་ནི། སྔོན་ཆོས་རྒྱལ་སྲོང་བཙན་གྱི་བཙུན་མོའི་སྤྲོ་སྐྱིད་ཁང་ཡིན་པ་དང་། འབྱེད་ཅེས་པ་ནི། ཆོས་རྒྱལ་སྲོང་བཙན་གྲོད་གཏུམས་སུ་འཁྲུངས་པ་ལ་ཡུམ་སྐྲག་སྟེ་ཆུ་ལ་བཤམས་པས་གླིང་ལག་ཏུ་ཐོན་པ་ཕོ་རོག་གཅིག་གིས་འཁྱེར་ཡོང་སྟེ་བྱན་ཁོག་ནང་རི་ཟུར་དུ་རྡོ་ལྷ་སྤུན་གསུམ་ཞེས་པ་ཞིག་ཡོད་པ་དེའི་སྟེང་དུ་བྲོད་པ་ཁ་འབྱེད་པས་འབྱེད་ཅེས་པ་དེ་ལྟར་བྱུང་། དེ་རྗེས་འདུལ་འཛིན་གྲགས་པ་རྒྱལ་[page 231] མཚན་གྱིས་གནས་དེར་དགོན་བདག་མཛད་པ་ནས་བཙུན་མོ་ཚལ་དེ་དགོན་པར་འགྱུར། དགེ་ལྡན་ཕྱག་བཞེད་མཛད་པ་ཡིན། བཀྲས་ལྷུན་དགོན་གྱི་དགོན་ལག་ཡིན། སྔོན་འདུ་ཁང་ཀ་བ་བཅུ་དྲུག་ནང་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་བརྙན་དང་སྨར་གདུང་། ཐུ་མི་རང་གིས་རྡོ་ལ་བརྐོས་གནང་བའི་ཡིག་ཕུད། སྲོང་བཙན་གྱི་བསྟོད་པ། ཤར་ལིའི་ཇོ་བོ་ཐོག་ཚད་མ། སྒྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་སྐུ་གདུང་། མགོན་ཁང་ནང་ར་ལོའི་ཕྱག་བཟོ་སོགས་བཞུགས་སུ་གསོལ་ཡོད། འདུལ་འཛིན་གྲགས་པ་རྒྱལ་མཚན་ནི། ཐོག་མར་འབྲི་གུང་བྲག་མདའ་ཞེས་པར་སྐུ་འཁྲུངས། འབྲི་གུང་མཐིལ་ནས་རྗེ་ཙོང་ཁ་པ་དང་མཇལ། དགའ་ལྡན་དུ་རྒྱལ་ཚབ་རྗེ་དང་ལྷན་དུ་ཡངས་པ་ཅན་བསྐྱོན། དེ་ནས་གནས་དེར་ཕེབས་ཏེ་དགོན་དེ་བཏབ་གནང་མཛད། སྤྱིར་ན་མདོ་སྔགས་གང་ལ་མཁས་ཤིང་ཁྱད་པར་དུ་འདུལ་བའི་སྤྱོད་པ་ཡོངས་སུ་དག་པས་འདུལ་འཛིན་ཞེས་པ་དེ་ལྟར་བྱུང་། དགོན་དེར་ཐོག་མར་མདོ་སྔགས་གཉིས་ཀ་ཕྱག་བཞེད་མཛད་པ་ལ་རྗེས་སུ་སྔགས་ཕྱོགས་ཁོ་ན་ཕྱག་ལེན་གནང་བ་ནི་འཇིགས་བྱེད་དང་། ཀུན་རིག སྨན་བླ་སོགས་ཡིན། གཞི་གསུམ་གྱི་ཕྱག་ལེན་ཡང་མི་ཉམས་པ་ཡོད། བོད་ཟླ་༩ཚེས་༣༠དཀར་མེ་ཞེས་མགོན་ཆོས་དང་ཚངས་པ་སོགས་གར་འཆམ་གནང་བ་ཡིན། ཚངས་པ་མ་ཐོན་ཙམ་དུ་བརྒྱ་མ་བས་མར་ཕྲན་བུ་རེ་ཕུལ་བ་དང་། སྐུ་གཉེར་གྱིས་བཞུ་སྣོད་ལ་མེ་བརྒྱབ་སྟེ་མར་ཁུ་བཞུར་མཚམས་མཆོད་མེ་འབུལ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་གོང་གསལ་ཡིག་ཕུད་རྡོ་བརྐོས་དང་། སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ། ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ལ་མོ་དགོན།

མཚན་རྒྱས་པར། ལ་མོ་མི་འགྱུར་བྱང་ཆུབ་ལྷུན་གྱིས་གྲུབ་པའི་ལྕོག་ཞེས་ཞུ། བཙུན་མོ་ཚལ་ནས་སྣུམ་ནག་འཁོར་ལམ་བརྒྱུད་མུ་[page 232] མཐུད་སྤྱི་ལེ་བཞི་ལྔ་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་རྗེ་ཀླུ་མེས་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་གནང་མཛད། བཙུན་མོ་ཚལ་དང་འདྲ་བར་གཙང་བཀྲས་ལྷུན་གྱི་དགོན་ལག་ཡིན། དགོན་དེའི་དཀོར་བདག་ལ་མོ་ཚངས་པ་ཞུ་བ་དེ་ཡིན་ཞིང་། ལ་མོ་ཚངས་པ་ནི། ཐོག་མར་ཚེར་གསེབ་དགོན་དུ་ཡོད་པ་ལ་དེ་རྗེས་ཡུལ་དེ་བདུད་ལུང་ཡིན་པས་དེའི་ཁ་གནོན་དུ་གནས་དེར་ཕེབས་དགོས་ཞེས་གསུངས། སྔོན་འདུ་ཁང་ཀ་བ་བཅོ་བརྒྱད་སར་ཇོ་བོ་བྱང་ཆུབ་ཆོས་འཕེལ་ཞུ་བ་དང་། ཚངས་པ་ལྕོག་ནང་ཚངས་པ་སོགས་སྲུང་མ་བཞུགས། དགེ་འདུན་ཉི་ཤུ་ལྷག་གིས་རི་བོ་དགེ་ལྡན་ཕྱག་ལེན་མཛད། ལོ་ལྟར་བོད་ཟླ་༡༠ཚེས་༢༥.༢༦.༢༧བཅས་སོ་སོར་ལ་མོ་ལྔ་མཆོད་ཅེས་ལ་མོ་དགོན་ཚན་གསུམ་མཉམ་དུ་འཛོམས་ནས་ཚངས་པའི་སྒོ་ནས་གར་འཆམ་བསྐྱོན་སྲོལ་ཡོད། ཚེས་༢༧ཉིན་གྱི་མཛད་སྒོ་གཙང་བཀྲས་ལྷུན་དང་མཚུངས་ཞེས་དང་དེའི་རིང་བཀྲས་ལྷུན་པཎ་ཆེན་ནང་མ་ཁང་ནས་སྐུ་ཚབ་དཔོན་རིགས་ཕེབས་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

ཚེར་གསེབ་དགོན།

མཚན་རྒྱས་པར། ཚེར་གསེབ་དར་རྒྱས་དགོན་ཞེས་ཞུ། ཚེར་གསེབ་ཅེས་པ་བློ་ལྡན་ཤེས་རབ་གྱི་ཕྱག་དཔེ་རླུང་གིས་འཁྱེར་བ་ཚེར་མའི་གསེབ་ཏུ་བབས་པས་ཚེར་གསེབ་ཅེས་པ་དེ་ལྟར་བྱུང་ཞེས་ཟེར། ལ་མོ་མདའ་ནས་སྤྱི་ལེ་བཞི་ལྔ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་དགོན་དེར་སླེབ། དགོན་དེ་ནི་ཐོག་མར་བློ་ལྡན་ཤེས་རབ་གྱིས་ཕྱག་བཏབ་གནང་མཛད། 《བེེ་སེར》དུ་ཀླུ་མེས་ཀྱི་བཏབ་པ་རྗེས་སུ་དགེ་བཤེས་པོ་ཏོ་བས་བསྐྱངས་ཞེས་གསུངས། སྔོན་དགེ་འདུན་ལྔ་བཅུ་སྐོར་གྱིས་རི་བོ་དགེ་ལུགས་[page 233] ཕྱག་བཞེད་མཛད། བཙུན་མོ་ཚལ་དང་། མ་ལོ་ཚངས་པ་ལྕོག་གཉིས་དང་འདྲ་བར་གཙང་བཀྲས་ལྷུན་གྱི་ཁོངས་ཡིན། ལོ་ལྟར་བོད་ཟླ་༦ཚེས་༡༨.༡༩ལོ་སོར་ཡིད་དམ་རྟ་མགྲིན་དང་འཇིགས་བྱེད་ཀྱི་སྒོ་ནས་གར་འཆམ་གནང་སྲོལ་ཡོད། དགོན་དེའི་གཡོན་ངོས་རྒྱལ་པོ་ལྕོག་ནང་བསེ་ཁྲབ་པ་དང་། བླ་མ་བློ་ལྡན་ཤེས་རབ་ཀྱི་སྐུ་བརྙན་ཡོད། རི་ཟུར་དུ་རྒྱུད་སྨད་ཕྱག་འདེབས་པ་པོ་རྗེ་ཤེས་རབ་སེང་གེའི་གདུང་རྟེན་ཡོད།

ད་ལྟ་རྒྱལ་པོ་ལྕོག་གི་རྩིག་གདན་སྟེང་གསར་བཞེངས་གནང་བའི་ནང་སྲུང་མའི་སྐུ་བརྙན་གསར་བཞེངས་གནང་བ་དང་། རྗེ་ཤེས་རབ་སེང་གེའི་གདུང་རྟེན་གསར་བཞེངས་གནང་བའི་ནང་རྗེའི་ཚེམས་བཞུགས་སུ་གསོལ་བ། སྔོན་གྱི་འདུ་ཁང་གི་གྱང་གོག་སོགས་མཇལ་རྒྱུ་ཡོད།

དགའ་ལྡན་དགོན།

མཚན་རྒྱས་པར་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་ཞུ། ལྷ་ས་ནས་ཁྲོན་བོད་རླངས་འཁོར་ལམ་སྟེ་སྣུམ་ནག་འཁོར་ལམ་བརྒྱུད་བྱམས་གྲོང་ཚོ་བར་བསྐྱོད། དེ་ནས་ལྷོ་ངོས་འབྲོག་རིའི་ལྡེབས་བཅས་སྤྱི་ལེ་བཞི་བཅུ་ལྷག་ཙམ་སོང་ན་རྒྱ་མཚོའི་ངོ་ལས་སྤྱི་ཁྲེ་༣༨༠༠ཙམ་གྱིས་མཐོ་བའི་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་རི་བོ་དགེ་ལྡན་གྱི་མཚན་ཐོག་མར་འབྱུང་ས་དེ་ཡིན། དེའང་རྗེ་ཙོང་ཁ་པ་དགུང་ལོ་ལྔ་བཅུ་ང་གསུམ་སྟེ་སྤྱི་ལོ་༡༤༠༩ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་གནང་ཚར་རྗེས་སློབ་མ་དང་སྦྱིན་བདག་རྣམས་ནས་གདན་ས་འདེབས་པའི་སྙན་སྐུལ་ཞུས་པ་དང་། རྗེའི་ཐུགས་ལའང་སློབ་མ་བརྒྱ་ཁྲག་ཁ་ཤས་རྗེ་གང་ཕེབས་ཞབས་ཕྱིར་འབྲངས་པ་བཅས་ཀྱིས་དགོན་ཞིག་འདེབས་ན་སྙམ་པ་དགོངས་ཏེ་ཐོག་མར་མར་མེ་དང་བཅས། ཇོ་བོའི་མདུན་དུ་གནས་བཟང་ངན་ས་བརྟགས་པས་འབྲོག་རི་བོ་ཁོ་ན་བཟང་བར་ཕེབས། རྗེ་ཙོང་ཁ་པ་བླ་སློབ་བཅུ་བདུན་དང་བཅས་འབྲོག་རིར་ཕེབས་ཏེ་ས་གཞིར་བྱིན་རླབས་མཛད། དེ་ནས་སྲས་ཀྱི་ཐུ་བོ་[page 234] རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ལ་ལྗགས་བཀོད་མཛད་དེ་དགོན་པོ་འདེབས་པའི་དབུ་འདོམས་སུ་བཀོད། ཁོང་རྣམ་གཉིས་གྱིས་དགེ་འདུན་ལྔ་བརྒྱ་སྐོར་དང་། གཞན་ཡང་དྲུང་ཆེན་རིན་ཆེན་དཔལ་དང་རིན་ཆེན་ལྷུན་པོ། གཞིས་ཀ་སྣེའུ་པ། སྡེ་སྲིད་ཕག་མོ་གྲུ་པ། འབྲུ་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ། སྡེ་པ་སྐྱིད་ཤོད་པ། ས་སྐྱོང་བསོད་ནམས་རབ་བརྟན། ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་སོགས་ཀྱིས་སྦྱིན་བདག་གི་གཙོ་བོ་མཛད་དེ་ལོ་དེ་རང་དུ་གཟིམ་ཤག་དང་། ཁང་བུ་བདུན་ཅུ་ལྷག་ཙམ་འགྲུབ། བརྒྱ་ལྷག་ཙམ་གྱི་རྩིག་གདན་བཏིང་། ཕྱི་ལོར་རྗེ་རིན་པོ་ཆེ་དབུ་བཞུགས་རབ་གནས་གཞི་རྒྱ་ཆེན་པོ་གནང་། དགོན་པའི་མཚན་ལ་འབྲོག་རི་བོ་དགའ་ལྡན་ཞེས་གསོལ་དོན་ནི་སྐུ་སྐྱེ་ཕྱི་མ་དགའ་ལྡན་དུ་འཁྲུངས་རྒྱུ་ཡིན་པས་དགོན་མཚན་དུའང་དགའ་ལྡན་ཞེས་གསོལ། འབྲོག་རི་བོ་ཞེས་པ་ནི་ས་དེར་འབྲོག་ས་ཞེས་འབོད་ཅིང་ཤར་ངོས་ཀྱི་སྡེ་ཚོ་ཆུང་ངུ་དེར་དེང་སང་ཡང་ས་མ་འབྲོག་ཅེས་ཟེར། གཞན་ཡང་དགོན་དེའི་འབྱུང་བ་འཇམ་དཔལ་རྩ་རྒྱུད་དང་། མདོ་སྡེ་ཟ་མ་ཏོག་སོགས་གུ་རུ་པདྨ་འབྱུང་གནས་དང་། མ་ཅིག་ལབ་སྒྲོན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་སོགས་ཀྱི་ལུང་བསྟན་དུའང་གསལ་བས་རྒྱལ་བའི་ལུང་གིས་ཟིན་པའི་དགོན་གནས་ཡིན་ཞེས་གསུངས། དེ་ལྟར་དགོན་དེའི་ཚོགས་ཆེན་འདུ་ཁང་དུ་དགེ་འདུན་སུམ་སྟོང་ལྷག་ཤོང་ཞིང་། གཙང་ཁང་སྦུག་མར་དགའ་ལྡན་གསེར་ཁྲི་ཞེས་རྗེ་ཙོང་ཁ་པའི་བཞུགས་ཁྲི། གསེར་ཟངས་ལས་གྲུབ་པའི་རྗེ་ཙོང་ཁ་པ་དང་། རྒྱལ་བ་བྱམས་པའི་སྐུ་བརྙན། གསུང་རྟེན་དུ་འཛམ་གླིང་གཡས་བཞག་ཅེས་གསེར་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། ཡངས་པ་ཅན་དུ་རྗེ་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་དངུལ་གདུང་ཁང་། ཕྱིས་སུ་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་གསེར་སྦྱངས་ཀྱིས་བཏུམས་པས་གསེར་གདུང་ཞེས་པར་བསྒྱུར། གསེར་གདུང་གི་གཡས་གཡོན་དུ་རྒྱལ་ཚབ་[page 235] དར་མ་རིན་ཆེན་དང་། མཁས་གྲུབ་རྗེ་ལ་སོགས་པའི་འཇམ་དབྱངས་གཙང་པ་བདུན་གྱི་གདུང་རྟེན། རྒྱ་ནག་གོང་མ་ཏཱ་མིང་གི་སྲས་ཟོན་ཏི་ཞེས་པས་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་། བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བ་དང་། ཁོང་རྣམ་གཉིས་ཀྱིས་གསེར་གདུང་ཁང་དུ་ཕུལ་བའི་དགའ་ལྡན་སེའུ་ཐང་ཞེས་པའི་གནས་བརྟན་བཅུ་དྲུག་གི་གོས་ཐང་། ཡངས་ཅན་གཙུག་ལག་ཁང་གི་གཙང་ཁང་སྦུག་མར་གསེར་ཟངས་ཀྱི་ཐུབ་པ་བདུད་འདུལ་མ་ལ་སོགས་པའི་རྟེན་སྐུ་མང་པོ། ཡངས་ཅན་འོག་ཤོད་མགོན་ཁང་ནང་དཔལ་རྡོ་རྗེ་འཇིགས་བྱེད་དང་། བཀའ་སྡོད་དམ་ཅན་ཆོས་རྒྱལ་ཡབ་ཡུམ། ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས། ལྔ་མཆོད་ཁང་དུ་རྗེ་ཙོང་ཁ་པའི་ཚེམས་འོད་ཟེར་མ་ཞེས་པ་དང་གདུགས་དཀར་གྱི་ཞལ་ཐང་། ཁྲི་ཐོག་ཁང་དུ་བློས་བསླངས་གསུམ་གྱི་ལུགས་ཕུད་ད་དུང་དཔའ་བོ་འཇའ་ཚོན་མ་སྟེ་ཥ་ཎྜཀ་པཱ་ལ། རྒྱལ་བ་ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་ཀྱི་སྐུ་བརྙན། གཞན་ཡང་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གཉིས་དང་། དེ་གཉིས་ཁོངས་ཁང་ཚན་ཉེར་དྲུག་ཙམ་ཡོད་པ་ནི་ཤར་རྩེ་གྲྭ་ཚང་ལ་རྡོ་ཁང་ཁང་ཚན་དང་། ཕོ་ཁང་ཁང་ཚན། ཅོ་ནེ་ཁང་ཚན། ཐེ་བོ་ཁང་ཚན། ཟུང་ཆུ་ཁང་ཚན། རྟ་འོན་ཁང་ཚན། ཉ་ར་ཁང་ཚན། ལྷོ་པ་ཁང་ཚན། གུང་རུ་ཁང་ཚན། སོག་པོ་ཁང་ཚན། མངའ་རིས་ཁང་ཚན། ཆོས་པ་ཁང་ཚན། ཉང་མོ་ཁང་ཚན་བཅས་དང་། བྱང་རྩེ་གྲྭ་ཚང་ཁོངས་ཧ་གདོང་ཁང་ཚན། གསེར་སྐོང་ཁང་ཚན། ཚ་བ་ཁང་ཚན། ཀླུ་འབུམ་ཁང་ཚན། རྒྱལ་རོང་ཁང་ཚན། བསམ་བློ་ཁང་ཚན། གོ་བོ་ཁང་ཚན། རྡོ་རྭ་ཁང་ཚན། བྲ་ཉེ་ཁང་ཚན། ཕ་ར་ཁང་ཚན། ཀོང་པོ་ཁང་ཚན། སྤྲིའུ་ཁང་ཚན། བྲི་ཏི་ཁང་ཚན། མངའ་རིས་ཁང་ཚན་བཅས་པར་ཡང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

གཞན་ཡང་དགའ་ལྡན་རང་བྱོན་གྱིས་བསྐོར་ཞེས་གླིང་སྐོར་དུ་སོང་ན་[page 236] རྗེའི་ ཕྱག་མཛུབ་ཀྱིས་བཏོན་གནང་བའི་བདུད་རྩི་ཆུ་མིག་དང་། ཉག་ར་ལ་སྟེང་དུ་འབྲུག་པ་ཀུན་ལེགས་ཀྱི་རང་བྱོན། ཕ་དམ་པ་སངས་རྒྱས་ཀྱི་རང་བྱོན། ཆོས་རྒྱལ་གྱི་རང་བྱོན། འཇིགས་བྱེད་དཔའ་བོ་གཅིག་པའི་རང་བྱོན། ནག་པོ་སྐོར་གསུམ་གྱི་རང་བྱོན། རྡོ་སྤུངས་ཡོད་སར་སྤྱན་རས་གཟིགས་ཁ་སརྤ་ཎིའི་རང་བྱོན། དེ་ནས་རིམ་བཞིན་རྗེ་ཙོང་ཁ་པའི་ཕྱག་ཕྲེང་གི་རང་བྱོན་དང་དོམ་རའི་རང་བྱོན། དབུ་ཞྭའི་རང་བྱོན། ཆོས་གོས་ཀྱི་རང་བྱོན། དཔལ་ལྡན་ལྷ་མོའི་ཆིབས་པའི་ཞབས་རྗེས། མཁས་གྲུབ་རྗེས་ཕྱག་སེན་གྱིས་བྲིས་གནང་བའི་གང་ཉིད་ཀྱི་སྐུ་བརྙན་དང་དེའི་ཞོགས་སུ་རྗེ་རིན་པོ་ཆེས་སྤྱན་གྱིས་མ་གཟིགས་པར་ཕྱག་ཕྱིར་བརྐྱངས་གནང་ནས་བྲིས་གནང་བའི་ཉིད་ཀྱི་སྐུ་བརྙན། བྱང་ཤམ་བྷ་ལའི་རྟ་འདོགས་ས། རིག་པ་སྤྱི་བླུགས་ཀྱི་རང་བྱོན། ནིའུ་ལིའི་རང་བྱོན། བ་ཞབས་ཀྱུ་བུ་ཞེས་པའི་རང་བྱོན། བྲག་གད་པོ་བར་དོའི་ཕྲང་ཞེས་པ། ལམ་ལྟག་ཏུ་མ་ཎིའི་རང་བྱོན། ལམ་འོག་ཏུ་དུར་ཁྲོད། དུང་དཀར་གཏེར་ལས་བཞེས་པའི་རང་བྱོན། གཞན་ཡང་དེ་ཁུལ་དུ་འགོག་པ་རི་ཞེས་ཟེར། འགོག་པ་རི་ཞེས་པ་ནི་སྔོན་སངས་རྒྱས་འོད་སྲུང་དུས་དགེ་སློང་ཞིག་རི་དེའི་བྲག་གསེབ་ཏུ་འགོག་སྙོམས་ལ་བཞུགས་ཡོད་པ་ལ་དགོན་པ་རྒྱག་སྐབས་ས་རྡོ་བརྐོ་སློག་བྱས་སྟབས་སྙོམ་འཇུག་ལས་བཞེངས་ཏེ་རྒྱལ་བ་འོད་སྲུང་གང་དུ་བཞུགས་ཡོད་དམ་ཞེས་གསུངས་པར། ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ཞེས་ཞུས། དེ་ནས་རྫུ་འཕྲུལ་དུ་མ་བསྟན་ཏེ་མྱ་ངན་ལས་འདས་པས་རྗེས་སུ་རི་དེ་ལ་འགོག་པ་རི་ཞེས་ཐོགས། དེ་ནས་སངས་རྒྱས་འོད་སྲུང་གི་འཕེལ་གདུང་ཕེབས་པའི་རང་བྱོན་དེར་ཉ་སྟོང་བརྒྱད་གསུམ་ལ་རི་དྭགས་ཀྱིས་ཀྱང་སྐོར་བ་རྒྱག་སྲོལ་ཡོད་ཟེར། དེ་ནས་རྗེ་ཙོང་ཁ་པ་ཞབས་སྐོར་དུ་ཕེབས་སྐབས་ཁུ་བྱུག་གི་སྐད་གསན་པས་རྗེ་ཙོང་ཁ་པ་ཡུམ་དྲན་ཏེ་ཨ་མ་ཞེས་གསུང་ཤོར་བས་བྲག་ལྡེབས་ནས་ཨ་ཞེས་སྒྲ་དང་བཅས་ཨ་ཡིག་གི་རང་བྱོན་ཐོན་པ། དེ་ནས་བཟུང་དགའ་ལྡན་གླིང་ནང་དུ་ཁུ་བྱུག་གི་སྐད་སྒྲོག་སྲོལ་མེད་ཟེར། དེ་ནས་[page 237] བྲག་ལྡེབས་སུ་ཀོང་ཀོང་མང་པོ་ཡོད་པ་ནི་བྱང་ཤམ་བྷ་ལའི་མཁར་རྔ་ཡིན་ཞེས་དང་། ལམ་ལྟག་ཏུ་སེང་གདོང་མའི་རང་བྱོན། ཥཎྜཔཱ་ལའི་ཞབས་རྗེས། བདུད་ཀྱིས་གནམ་རྡོ་གཡུགས་པས་རྗེ་རིན་པོ་ཆེས་ཕར་གཡུགས་གནང་བས་ཕྱག་མཛུབ་དང་དབུ་ཞྭའི་རྗེས་དོད་པའི་རང་བྱོན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་རབ་གནས་གནང་སྐབས་མཆོད་འབྲུ་ཐོར་བའི་རང་བྱོན། མཁས་གྲུབ་རྗེས་སྐུ་སྨད་བཞེངས་གནང་བ་ལ་སྐུ་སྟོད་རང་བྱོན་དུ་ཕེབས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན། དེའི་འོག་གི་བྲག་ལྡེབས་ནས་གསེར་བཞེས་ཏེ་ཞལ་གསེར་ཕུལ་གནང་བ་དང་སླད་བཏོན་མི་ཆོག་པའི་ཕྱག་མཛུབ་ཀྱིས་ཐེལ་བསྐྱོན་པའི་རང་བྱོན། དེ་ནས་རྗེའི་སྒྲུབ་ཁང་ནང་གི་རང་བྱོན་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་མདུན་རིར་དབངབསྐུར་རི་ཞེས་ཟེར་དོན་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བརྒྱ་མ་ཁྲི་ཁངདུ་སྐུ་བལྟམས་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་རི་དེའི་སྟེང་ནས་དབང་བསྐུར་བ་དང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པས་དབང་བསྐུར་རི་ཞེས་པའི་མིང་དེ་ལྟར་ཐོགས། རྒྱབ་རིར་བཙུན་མོ་ལྡིང་རི་ཞེས་ཟེར་དོན་ནི་བཙུན་མོ་ཚལ་གྱི་རྒྱལ་པོའི་བཙུན་མོ་རྣམས་རི་དེར་སྤྲོ་འཆམ་དུ་ཕེབས་པས་རྗེས་སུ་བཙུན་མོ་རི་ཞེས་པའི་མིང་དེ་ལྟར་བྱུང་བ་བཅས་གཞན་ཡང་དགའ་ལྡན་གསུམ་སྟོང་གསུམ་བརྒྱ་ཞེས་ཟེར་ཡང་དོན་དུ་དགེ་འདུན་ལྔ་སྟོང་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་མདོ་སྔགས་གཉིས་ཀ་ཕྱག་ལེན་མཛད་པ་ཡིན། སྤྱིར་རྗེ་ཙོང་ཁ་པའི་ལུགས་དེར་རི་བོ་དགའ་ལྡན་ལུགས་ཞེས་འབོད་དགོས་ཀྱང་ཐ་སྙད་བརྗོད་པ་བདེ་ཕྱིར་དགེ་ལུགས་ཞེས་པར་སྒྲ་འགྱུར། ལོ་ལྟར་བོད་ཟླ་དང་པོར་སྨོན་ལམ་ཆེན་མོ་དང་། བོད་ཟླ་༢ཚེས་༤ནས་༡༥བར་སྟག་རྩེ་སྒྲུབ་མཆོད། བོད་ཟླ་༦ཚེས་༡༥དགའ་ལྡན་སེའུ་ཐང་། བོད་ཟླ་༡༠ཚེས་༢༥དགའ་ལྡན་ལྔ་མཆོད་བཅས་ཀྱི་ཆོས་དུས་འཚོགས་གནང་སྲོལ་ཡང་དར།

ད་ལྟ་ཚོགས་ཆེན་དང་གྲྭ་ཚང་གཉིས་ཡངས་པ་ཅན་སོགས་ཕལ་ཆེ་བ་[page 238] གསར་བཞེངས་གནང་ཡོད་ལ། ཁང་ཚན་ཡང་མང་པོ་གསར་བཞེངས་གནང་ཡོད་པ་༡༩༧༩རྗེ་ཙོང་པའི་པུར་ཐལ་བཞུགས་པའི་དངུལ་གདུང་བཞེངས་༢༠༠༡ལོར་གུང་ཐང་བསྟན་པའི་དབང་ཕྱུག་རིན་པོ་ཆེ་མཆོག་ནས་དངུལ་གདུང་གི་ཕྱི་ལ་གསེར་ལྗང་གིས་བཏུམས་པ་བཅས་དང་གཞན་ཡང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

བདེ་ཆེན་གསང་སྔགས་མཁར་དགོན།

བདེ་ཆེན་གསང་སྔགས་མཁར་དགོན་ནི། ད་ལྟའི་སྟག་རྩེ་རྫོང་གི་ཉེ་འགྲམ་དང་། སྔོན་བདེ་ཆེན་རྫོང་ཤུལ་གྱི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་བརྒྱུད་པའི་དགོན་ཞིག་ཡིན་སྐད་ལ་རྗེས་སུ་རྗེ་ཙོང་ཁ་པ་གནས་དེར་ཞབས་བཅགས་ནས་གསང་འདུས་ཀྱི་ཉམས་ལེན་གནང་། བྲག་དཀར་རྫོང་གི་སྡེ་པ་སྐྱིད་ཤོད་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་མཛད་དེ་ཉམས་གསོ་གནང་། བདེ་མཆོག་དང་འཇིགས་བྱེད་ཀྱི་སྐུ་བརྙན་ཡོད་ཀྱང་གསང་འདུས་ཀྱི་སྐུ་བརྙན་མེད་པ་ནི་དགོན་དེ་ཉིད་གསང་བ་འདུས་པ་ཡིན་ཞེས་གསུངས། དགོན་པའི་མཚན་ལའང་གསང་སྔགས་མཁར་ཞེས་གསོལ། སྔོན་འདུ་ཁང་ཀ་བ་བཞི་བཅུའི་ནང་རྟེན་གཙོ་རྗེ་ཙོང་ཁ་པ་སྐུ་འཚོ་བཞུགས་སྐབས་བཞེངས་གནང་མཛད་པའི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་ཐོག་ལྷག་དང་། མཁས་གྲུབ་རྗེའི་ཕྱག་བཟོ་མགོན་པོ་ཕྱག་དྲུག་གི་སྐུ་བརྙན་ཞིག་ཡོད་པ་དེ་ནི་མཁས་གྲུབ་རྗེས་ས་མཐེབ་སྐྱུ་རེར་ཡ་མ་ར་ཛཱ་འབུམ་རེ་བསགས་གནང་སྟེ་སྐུ་སྨད་འགྲུབ་ཡོད་པ་ལ་ཉིན་གཅིག་ཨ་མདོ་གནས་སྐོར་བ་གསུམ་ཡོང་སྟེ་མགོན་པོ་མཇལ་དགོས་ཞུས་པར་ད་ལྟ་འགྲུབ་མ་སོང་། ཁྱོད་ཚོ་ཡར་སོང་དང་ཞེས་གསུངས་པར་ཨ་མདོ་གནས་སྐོར་བ་གསུམ་ཡར་སོང་སྟེ་མར་མ་ཐོན་པས། མཁས་གྲུབ་རྗེས་ཅི་ཡིན་ནམ་དགོངས་ཏེ་མགོན་པོའི་སར་ཕེབས་སྐབས་གནས་སྐོར་བ་གསུམ་པོ་མཐོང་རྒྱུ་མེད་ལ་མགོན་པོའི་སྐུ་སྟོད་ལྷུན་གྱིས་འགྲུབ་ཡོད་པའི་ངོ་[page 239] མཚར་ཅན་གྱི་སྐུ་བརྙན་ཞིག་ཡོད་པ་དེས་ཐེངས་ཤིག་ཀློང་རྡོལ་བླ་མ་རིན་པོ་ཆེ་དགའ་ལྡན་གསེར་ཀོང་འབུལ་བར་ཕེབས་ཏེ་མར་ཕེབས་སྐབས་ང་ལ་གསེར་ཀོང་མེད་དམ་ཞེས་གསུང་བྱོན་པས་རྗེས་སུ་ལིའི་མཆོད་ཀོང་ཞིག་གི་མཐིལ་དུ་གསེར་བྱུག་པ་ཞིག་ཕུལ་བས་དེའི་ནང་མཆོད་མེ་འབུལ་སྐབས་འཛམ་ལྷའི་གཟུངས་ཕེབས་པ་བཅས་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད། སྔོན་དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར་གྱིས་བདེ་གསང་འཇིགས་གསུམ་དང་ཀུན་རིག་སོགས་ཕྱག་བཞེད་མཛད། ཀུན་རིག་སེར་སྔགས་ཀྱི་ཕྱག་བཞེད་དང་། གཞན་རྣམས་རྒྱུད་སྨད་གྲྭ་ཚང་གི་བཞེད་སྲོལ་ཡིན། ལོ་ལྟར་བོད་ཟླ་༦ཚེས་༢༤.༢༥.༢༦བཅས་སོ་སོར་བདེ་ཆེན་དཀར་མེ་ཞེས་མགོན་ཆོས་སྡེ་ལྔ་སོགས་ཀྱི་གར་འཆམ་གནང་སྲོལ་ཡོད། ལོ་ལྟར་བོད་ཟླ་གཉིས་པའི་ནང་རྒྱུད་སྨད་གྲྭ་ཚང་ཆོས་ཐོག་ཏུ་གནས་དེར་ཕེབས་ཏེ་གསང་བ་འདུས་པའི་སྒྲུབ་མཆོད་ཀྱང་གནང་བ་ཡིན།

ད་ལྟ་རྒྱུད་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ཛམ་ལྷའི་མཆོད་ཀོང་། མགོན་པོ་གསུང་བྱོན་མའི་སྐུ་རྒྱུ་སོགས་ལས་གྲུབ་པའི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་སྔོན་གྱི་གསང་སྔགས་མཁར་དགོན་པའང་གསར་བཞེངས་གནང་བསྒྲུབས་པ་ཡིན།

ཡང་དེ་ནས་ལྷ་སའི་ཕྱོགས་སུ་ཡོང་དུས་བྲག་དཀར་ཞོལ་ཞེས་པར་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་ཕྱག་བཏབ་གནང་བའི་བཀྲ་ཤིས་ལྗོངས་དགོན་པའི་རྗེས་ཤུལ་དང་། ཡང་དེ་དང་ཉེ་བར་སྨན་ཆུ་ཁ་པ་བློ་གྲོས་རྒྱལ་མཚན་ནམ་བློ་ལྡན་ཤེས་རབ་ཀྱིས་ཕྱག་བཏབ་གནང་བའི་སྨན་ཆུ་དགོན་པ་ཞེས་པ། ཡང་བསམ་འགྲུབ་གླིང་ཞེས་པའི་ཕུར་ཟབ་ཕུ་ལུང་ངམ་ཆོས་ལུང་ཞེས་པར་གུང་ཐང་བླ་མ་ཞང་གི་སྒྲུབ་གནས་སུ་མགོན་པོ་ཕྱག་བཞི་པའི་སྐུ་བརྙན་དང་། མགོན་པོའི་བླ་མཚོ་ཡོད། གནས་དེར་ཞབས་དཀར་བ་དང་ཇོ་ནང་ཕྱོགས་ལས་རྣམ་[page 240] རྒྱལ་ཡང་ཡུན་རིང་བཞུགས་ཞེས་གསུངས།

བྲག་ཡེར་པ།

མཚན་རྒྱས་པར་ཡེར་པ་ལྷ་རི་རྙིང་པོའི་དབེན་གནས་ཞེས་ཞུ། ལྷ་ས་ནས་དྲན་གསོས་ལ་བརྒྱབས། (དྲན་གསོས་ལ་ཞེས་པ་ནི། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་བཀྲོངས་སྟབས་བློ་པོ་རྣམས་ཀྱིས་རྗེས་འདེད་བྱས་པས་ལ་དེའི་སྟེང་ཕེབས་སྐབས་དངང་སྐྲག་གི་དྲན་པ་ཐོར་བ་ལས་གསོས་པས་དྲན་གསོས་ལ་ཞེས་ཐོགས)ཏེ་ཡེར་པ་མདའ་བར་སྤྱི་ལེ་༡༩ཙམ་དང་དེ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ཙམ་སོང་ན་ཆུ་ཕུག་གྲོང་དུ་སླེབས། དེ་ནས་ཤར་ངོས་སུ་རྐང་ཐང་མར་ཆུ་ཚོད་སྐར་༢༠ཙམ་འཛེགས་ན་གནས་དེར་སླེབས་ཀྱི་རེད། ཡེར་པ་ཞེས་པ་ནི། ལུང་པ་ཁ་ཡེར་ཡེར་ཡིན་པས་ཡེར་པ་ཞེས་དང་ཐོག་མར་ཡེར་པ་རྒོད་ཀྱི་རྒོད་ཚང་ཞེས་ཀྱང་ཟེར། དེ་ནས་ཧོར་པའི་ཁྲོམ་ར་ཞེས་ཚོང་འདུས་འཚོགས་ས་ཞིག་ཀྱང་ཡིན་པར་གྲགས། དེ་རྗེས་སྒྲུབ་ཆེན་བརྒྱད་བཅུའི་སྒྲུབ་པ་བསྐྱོན་ས་ཞེས་ད་ལྟའི་བྱམས་ཁང་གསུམ་མཁར་ཕུག་ཅེས་པ་དེར་སྒྲུབ་ཐོབ་སུམ་ཅུ་སོ་གསུམ་ལ་སྒྲུབ་པ་ཐོབ་ཅེས་ཟེར། ལྷ་ས་གཙུག་ལག་ཁང་བཞེངས་པར་ས་ཕུད་རྡོ་ཕུད་ཀྱིས་ཡེར་པར་རྟེན་གསུམ་བཞེངས་ཞེས་པ་ལྟར་བྱས་ན་སྤྱི་ལོའི་དུས་རབས་བདུན་པར་ཡིན། དེ་རྗེས་གུ་རུ་རིན་པོ་ཆེའང་ཡེར་པ་ཐག་སྐས་སུ་བཞུགས་སྐབས་སུ་ཡེར་པ་ལྷ་རི་ནི་བདེ་མཆོག་གི་ཕོ་བྲང་དུ་གཟིགས། བོད་ཟླ་༤ཚེས་༡༥ནུབ་མོ་ཟླ་འོད་ལས་ཡེར་པ་ལྷ་རིར་ཞབས་སྐོར་དུ་ཕེབས་སྐབས་ཟླ་བ་ཕུག་ནི་ཕྱི་ལ་སྒོ་མེད་པའི་ནང་གསང་བའི་ཕུག་ཏུ་གཟིགས་ཏེ་དེར་སྒོ་གསུམ་ཅན་གྱི་གནས་སྒོ་ཕྱེས། ཡང་མུན་པ་ནག་དྲག་འདུག་གསུངས་ནས་དཀྱིལ་མཛུབ་གྱིས་སྒོ་གཅིག་ཕྱེས་ཞེས་གསུངས། ཡར་ཀླུང་ཤེལ་བྲག་དང་། བསམ་ཡས་མཆིམས་ཕུ། ཡེར་པ་ཟླ་བ་ཕུག་བཅས་གསུམ་ནི་གུ་རུ་རིན་པོ་ཆེའི་གནས་ཁྱད་པར་འཕགས་པ་གསུམ་ཡིན་ཞེས་གསུངས། ཇོ་བོ་རྗེ་ཨ་ཏི་ཤ་ཡང་གནས་དེར་ཕེབས་ནས་ལྷ་རི་མགོ་ལ་བཞུགས། [page 241] བཀའ་གདམས་ཕ་ཆོས་ལྷ་རི་མགོ་ལ་གསུངས། བུ་ཆོས་རྟེན་འབྲེལ་སྒྲུབ་ཁང་དང་བྱམས་ཁང་སོགས་སུ་གསུངས། ཐོག་མར་སྒྲུབ་ཁང་ཙམ་ལས་མེད་པ་དང་། དེ་རྗེས་བླ་མ་ངག་དབང་བཟང་པོས་དགོན་དེ་ཕྱག་འདེབས་གནང་མཛད། སྨྲ་སྟོན་ཆོས་ཀྱི་དབང་ཕྱུག་གིས་སོ་མཁར་ཕུག་ཏུ་བྱམས་ཁང་གསར་བཞེངས་གནང་། ཡང་དགེ་སློང་བྱང་ཆུབ་འོད་ཟེར་གྱིས་བཞེངས་ཞེས་ཀྱང་གསུངས། བྱམས་ཁང་ནང་སྨན་འདམ་ལས་གྲུབ་པའི་རྒྱལ་བ་བྱམས་པ་ཐོག་སོ་བཞི་ཙམ་ལ་བྱང་ཆུབ་སེམས་དཔའ་དྲུག་དང་། སེམས་མ་དྲུག་གིས་བསྐོར་བ། དབུ་ཐོག་ཏུ་སོག་པོ་ཇུན་གར་བས་སྨིན་སྒྲོལ་གླིང་ནས་འཕྲོག་པའི་རྒྱ་ཕིབས་བསྒྲོན་པ་བཅས་ཡོད། དེའང་དགེ་སློང་བྱང་ཆུབ་འོད་ཟེར་གྱིས་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་བྱམས་པའི་སྐུ་སྨད་བཞེངས་བསྒྲུབས་མཚམས་ཡེར་པ་ལྷ་རིར་གསུང་གཏོར་གནང་བཞིན་བཞུགས་ཡོད་པ་ལ་ཡེར་པའི་རྒྱབ་རི་ནས་མི་དཀར་པོ་བརྒྱད་འོང་བ་གཟིགས་པས་རྐུན་པོ་མིན་ནམ་དགོངས་ཏེ་བྱམས་ཁང་དུ་ཕེབས་པ་ལ་མི་དེ་རྣམས་མེད་པར་བྱམས་པའི་སྐུ་སྟོད་རང་བཞིན་དུ་ཕེབས་གནང་ཡོད་པས་རྣམ་སྲས་ཞལ་སྐྱེངས་པའི་ཚུལ་གྱིས་ཅུང་ཟད་ཟུར་ནས་བཞུགས་པ་དང་བྱམས་པའི་སྐུ་པང་དུ་ནེའུ་ལེ་ཞིག་ཕུལ་ནས་ཡོད་པས་བོད་གངས་ཅན་གྱི་ལྗོངས་སུ་བྱམས་པའི་སྐུ་པང་དུ་ནེའུ་ལེ་ཡོད་པ་ཡེར་པའི་བྱམས་པ་མ་གཏོགས་གཞན་ན་མེད་ཅེས་ཟེར། བྱམས་ཁང་གི་འོག་ཏུ་ཆོས་རྒྱལ་སྒྲུབ་ཕུག ལྷ་ལུང་སྒྲུབ་ཕུག་ཏུ་གུ་རུ་རིན་པོ་ཆེའི་པདྨ་ཕུག་དང་། ཟླ་བ་ཕུག ཚེས་བཅུ་ཕུག ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་བཞུགས་མྱོང་བའི་ཇོ་ནང་ཀུན་མཁྱེན་ཕུག དེའི་འོག་ཏུ་སྤྲེལ་དམར་གསེར་གྱི་ལྷ་ཁང་ཞེས་པ་ནི། རྒྱ་བཟས་ངའི་ལྷ་ཁང་བཞེངས་ས་གང་དུ་ཡོད་དམ་ཞེས་གསུངས་པར་ཕུག་པ་དེ་ནས་སྤྲེའུ་དམར་སེར་གཉིས་ཐོན་པས་ངའི་ལྷ་ཁང་བཞེངས་ས་གནས་དེར་ཡིན་གསུངས་ཏེ་ལྷ་ཁང་དེ་བཏབ། དེའི་འོག་ཏུ་བླ་མ་རྒྱུད་པའི་རྒྱུད་ཁང་ཞེས་རྒྱུད་སྟོད་པ་ཆོས་ཐོག་ཏུ་ཕེབས་སྐབས་ཀྱི་གནས་ཡིན། མཐིལ་གྱི་འདུ་ཁང་ཀ་བ་ཉི་ཤུའི་ནང་གི་[page 242] རྟེན་གཙོ་ནི་གསེར་ཁྲིའི་སྟེང་ཇོ་བོ་ང་འདྲ་མ་དང་། གཡས་ལ་ཐུགས་དམ་གྱི་རྟེན་སྒྲོལ་མ་དང་། གཡོན་དུ་ཚེ་དཔག་མེད་ཀྱི་ལི་སྐུ་ཁྲུ་གང་ཙམ། ཇོ་བོ་རྗེའི་གསོལ་སྡེར་ཞེས་ཤིང་ཕོར་ཆེན་པོ་ཞིག་གི་ནང་ཇོ་བོའི་ཕྱག་བྲིས་ཇོ་སྔོག་འབྲོམ་གསུམ་དང་། ལྷ་བླ་མ་བྱང་ཆུབ་འོད་དང་ནག་ཚོ་ལོ་ཙཱ་བ་བཅས་ཀྱི་སྐུ་བརྙན་ཡོད་པ་ཞིག་དང་། དེའི་ནུབ་ཏུ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཐོག་ཚད་མ། དེའི་ནུབ་ལ་རྒྱལ་བ་སྐལ་བཟང་རྒྱ་མཚོ་མི་ཚད་མ། གསེར་ཁྲིའི་ཤར་དུ་ཐུགས་རྗེ་ཆེན་པོ་དང་། བླ་མ་ངག་དབང་བཟང་པོ། ལི་མའི་ཇོ་བོ་རྗེ། འབྲོམ་སྟོན་པའི་སྐུ་བརྙན་ཐོག་ཚད་མ་སོགས་ཡོད། རྒྱལ་སྒོའི་ནང་གི་ནུབ་ཀྱི་ལྡེབས་རིས་ལ་རྒྱལ་བ་ལྔ་པས་བྲིས་གནང་བའི་དཔལ་ལྡན་ལྷ་མོའི་སྐུ་བརྙན་ཞིག་ཀྱང་ཡོད། རྩེ་ཐོག་གཟིམ་ཆུང་ནང་ཙནྡ་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤ་ར། གསོལ་ཅོག་སྟེང་རྒྱ་གར་སྒྲུབ་ཆེན་བརྒྱད་བཅུའི་ཚོགས་དུང་ཞེས་དུང་དཀར་གཤོག་པ་གསུམ་ཅན་ཞིག་ཡོད་པ་དེའི་གཤོག་པ་གཅིག་ལ་སྒྲོལ་མ་ཉེར་གཅིག་དང་། གཅིག་ལ་ཐུབ་དབང་གནས་བཅུ། གཅིག་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་རང་བྱོན་ཡོད་པ་བཅས་ཞུགས་སུ་གསོལ། དགེ་འདུན་ཞལ་གྲངས་བརྒྱ་དང་ལྔ་བཅུ་སྐོར་གྱིས་གཙོ་བོ་དགེ་ལྡན་དང་། རྙིང་མའང་ཕྱག་བཞེད་མཛད་དེ་ལོ་ལྟར་བོད་ཟླ་༧ཚེས་༡༠ལ་ཡེར་ལ་ཚེས་བཅུ་ཞེས་གར་འཆམ་གནང་སྲོལ་ཡོད། གཞནཡང་ཡེར་པ་ལྷ་རི་མགོ་ནི་བདེ་མཆོག་གི་ཕོ་བྲང་ཡིན་ཞེས་དང་། ཡང་རི་དེ་རྗེ་བཙུན་སྒྲོལ་མ་འདྲ་ལ་ཞབས་གཡས་པ་ནི་ལྷ་རི་དང་གཡོན་མ་ནི་རྒྱུད་ཁང་། ཕྱག་ཞབས་སོ་སོར་དུར་ཁྲོད་རེ་བཅས་ཡོད་ཟེར། གཞན་ཡང་གནས་དེ་ནས་ལྷོ་ཕྱོགས་སུ་གཟིགས་ན་སྐྱིད་ཆུ་ཕ་རིར་ཆོས་ལུང་ཞེས་པའི་ལུང་པ་དང་ཁ་སྤྲོད་ཡིན་པ་སོགས་མདོར་ན་གནས་དེར་དགེ་རྩ་གང་ཞིག་སྒྲུབ་ཀྱང་གནས་གཞན་ལས་དངོས་གྲུབ་མྱུར་ཞེས་གསུངས་པ་བཅས་སོ།

ད་ལྟ་གསར་བཞེངས་བྱམས་ཁང་ནང་རྒྱལ་བ་བྱམས་པ་གསར་བཞེངས་གནང་བ་དང་། བྱམས་པའི་ཐུགས་ཀར་ཇོ་བོ་རྗེའི་གསོལ་སྡེར་གྱི་ཚལ་བུ། [page 243] གཞན་ཡང་ལྷ་མོ་དང་། རྣམ་སྲས་གསར་བཞེངས་གནང་བ། གུ་རུ་ཕུག་ཏུ་གུ་རུའི་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

འབྲོམ་སྟོད་སྐུ་འབུམ་དགོན།

མཚན་གཞན་ལ་འབྲོམ་སྟོད་སྐུ་འབུམ་ལྷ་ཁང་ཞེས་ཞུ། ཡེར་པ་མདའ་ནས་སྤྱི་ལེ་བཅུ་གཅིག་ཙམ་རླངས་འཁོར་གཞུང་ལམ་བརྒྱུད་ཤར་ངོས་སུ་སོང་ན་འབྲོམ་སྟོད་གྲོང་གི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྤྱི་ལོ་༡༠༦༤ལོའི་བོད་ཤིང་འབྲུག་ཟླ་༥ཚེས་༢༠ཉིན་འབྲོམ་སྟོན་རྒྱལ་བའི་འབྱུངགནས་སྐུ་གཤེགས་རྗེས་སྐུ་གདུང་འབུམ་པ་རྭ་སྒྲེང་དུ་བཞེངས། འབྲོམ་སྟོད་གྲོང་ཚོའི་བྱང་ཕྱོགས་རི་འདབས་སུ་དབུ་ཐོད་དང་ཞབས་ཆག ཙནྡ་གྱི་བེར་རྒྱུག་ལ་སོགས་བཞུགས་པའི་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་གནང་མཛད་པས་འབྲོམ་ཐོད་ཅེས་པ་དེ་ནས་ཐོགས་པ་དང་། རྗེས་སུ་འབྲོམ་སྟོད་ཅེས་པར་སྒྲ་འགྱུར། ཡང་རྗེས་སུ་སྤྱན་རས་གཟིགས་ཕྱག་བཞིའི་ཚ་འབུམ་གཅིག་བཞུགས་པའི་ལྷ་ཁང་ཞིག་བཞེངས་གནང་སྟབས་འབྲོམ་སྟོད་སྐུ་འབུམ་ལྷ་ཁང་ཞེས་པའི་མཚན་གསོལ་བ་ཡིན། སྔོན་མཆོད་རྟེན་གཉིས་ལ་ཞོལ་ལས་ཁུངས་ནས་ཉམས་གསོ་གནང་ཞེས་དང་། ད་ལྟ་མཆོད་རྟེན་གསར་བཞེངས་གནང་བ་དང་། ལྷ་ཁང་ནང་བཀའ་འགྱུར་དང་། ཇོ་ནང་གི་གསུང་འབུམ། སྟོན་པའི་སྐུ་བརྙན། གུ་རུའི་སྐུ་བརྙན། འབྲོམ་སྟོན་པའི་སྐུ་བརྙན། གཞན་ཡང་སྐུ་བརྙན་དང་མཆོད་རྟེན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

འབྲོམ་སྟོད་ཀྱི་རྒྱབ་རིར་ད་ལྟ་མགོན་ཁང་ཞེས་གཉན་དགོན་ཕུག་ཅེས་པ་མཇལ་རྒྱུ་ཡོད། འབྲོམ་སྟོད་ནས་རྐང་ཐང་མར་ཆུ་ཚོད་སྐར་བཅུ་ཙམ་འཛེགས་ན་གནས་དེར་སླེབས། གཉན་ལོ་ཙཱ་བ་གནས་དེར་མགོན་པོ་སྒྲུབ་ནས་བཞུགས་སྐབས་ཉིན་ཞིག་ནམ་མཁའ་ནས། གནངས་ཉིན་ཁྱོད་ལ་འུར་སྒྲ་དང་བཅས་མགོན་པོ་ཞལ་གཟིགས་པ་ཡོད་པས། མགོན་པོ་བདག་ལ་ཐིམ་ཞེས་གསུངས་དགོས་ཞེས་པའི་སྒྲ་འབྱུང་། གནངས་ཉིན་ལུང་བསྟན་ལྟར་འུར་སྒྲ་དང་བཅས་[page 244] འབུ་སྡིག་པ་ར་ཉག་ཆེན་པོ་ཞིག་འཕུར་ཡོང་བས་གཉན་ལོ་ཐུག་སྐྲག་པའི་ཚུལ་བཅས་བྲག་ལ་ཐིམ་ཞེས་གསུངས་པས་སྡིག་པ་ར་ཉག་དེ་བྲག་ལ་ཐིམ་པ་དང་། ཆབས་ཅིག་ད་ངས་ཕན་ཐོགས་མ་སོང་བས་ཁྱོད་རྒྱ་གར་བསིལ་བ་ཚལ་དུ་སོང་སྟེ་རྒན་མོ་ཞིག་གིས་རྟེན་ཞིག་བསྐུར་བ་ཡོད་པས་དེ་ལེན་དུ་སོང་ཞེས་གསུངས། གཉན་ལོ་ཙཱ་བས་མགོན་པོའི་ལུང་ལྟར་ཉེ་གནས་བསིལ་བ་ཚལ་དུ་བཏང་། ཉེ་གནས་གྱིས་བླ་མའི་བཀའ་ལྟར་བསིལ་བ་ཚལ་དུ་ཕེབས་ཏེ་རྒན་མོ་དེ་དང་མཇལ། རྒན་མོས་ཉེ་གནས་ལ་རྡོ་ཁྲུ་གང་ཙམ་ཞིག་གནང་བས་ཉེ་གནས་ཀྱིས་དེ་བསྣོམ་བཞིན་ལོག་ཕེབས། རྡོ་དེ་རྒྱབ་ཏུ་འཁུར་མ་ཐག་རླུང་དང་སྒྲ་ཆེན་པོ་སྒྲོག་གི་ཡོད། དེ་ནས་ནགས་ཤོད་ཅེས་པར་སླེབས་སྐབས་རླུང་ཆེན་གྱིས་མིག་ཀྱང་བཀབ་སྟེ་ཕེབས་མ་ཐུབ་པར་གྱུར་བས་ཉེ་གནས་ཀྱི་རྡོ་དེ་གར་བསྐྱུར་ཏེ་བླ་མའི་སྐུ་མདུན་དུ་ཕེབས་པས་རྟེན་གང་དུ་ཡོད་ཅེས་གསུངས་པར་རྟེན་གཞན་གང་ཡང་མི་འདུག་རྡོ་ཁྲུ་གང་ཙམ་ཞིག་བསྐུར་བྱུང་བ་ནགས་ཤོད་བར་དུ་འཁྱེར་ཡོད་ཀྱང་དེ་གར་རླུང་འབུད་ཤིན་ཏུ་ཆེ་བས་རྡོ་མ་ཐེག་པར་དེ་གར་བསྐྱུར་ཡོད་ཅེས་ཞུས་པས། བླ་མས་རྟེན་དེ་རང་ཡིན་མྱུར་དུ་ལེན་ཤོག་ཅེས་གསུངས་པ་ལྟར་ཉེ་གནས་སླར་ཡང་ནགས་ཤོད་དུ་ཕེབས་ཏེ་རྡོ་དེ་འཁུར་ཕེབས་པའི་ཚེ། འབྲོམ་སྟོད་དུ་མ་སླེབས་ཙམ་ལ་རྡོའི་ལྡེབས་ནས་མགོན་པོའི་སྐུ་བརྙན་གསལ་ལ་མི་གསལ་ཞིག་འཁྲུངས་པ་དང་གནས་དེར་འབྱོར་སྐབས་མགོན་པོ་ཞལ་གྱི་སྐུ་བརྙན་གསལ་བར་དོད་པ་བླ་མར་འཕུལ་བས་གཟིམས་ཕུག་ཏུ་བཞུགས་སུ་གསོལ། དེ་རྗེས་རྒྱལ་བ་ལྔ་པ་དགའ་ལྡན་དུ་ཕེབས་སྐབས་གྲྭ་པ་རྫིག་པོ་ཞིག་གིས་རྒྱལ་བ་ལྔ་པ་ཆིབས་ཐོག་ནས་མར་ཕབས་པས། སྐུ་འཁོར་རྣམས་ཀྱིས་གྲྭ་པ་དེར་རྡེག་པར་བརྩམ་པ་ན་འདི་ནི་དཔལ་མགོན་བྲམ་གཟུགས་ཀྱི་སྤྲུལ་པ་ཡིན་པས་མ་བརྡེག་ཅེས་གསུངས། དེ་ནས་གྲྭ་པ་དེས་ང་ལ་གཡོག་པོ་ཁ་ཤས་ཤིག་དགོས་གསུངས་པར་རྒྱལ་བས་ཞལ་བཞེས། དེ་ནས་བཟུང་གོང་དཀར་ཆོས་སྡེ་ནས་མགོན་པོ་ལྔ་རེ་གཏོང་དགོས་པ་དང་དེའི་གསོལ་ཕོགས་[page 245] མཛོད་སྦུག་ནས་གནང་སྲོལ་ཡོད། དེ་རྗེས་མགོན་ཁང་དེ་འབྲོམ་སྟོད་ལག་ཚང་སྟེ་བཟོ་ཆེན་ཆོས་ཉིད་རང་གྲོལ་གྱིས་དོ་དམ་བྱེད་སྲོལ་དར། བཟོ་ཆེན་ཆོས་ཉིད་རང་གྲོལ་དང་རྒྱལ་བ་ལྔ་པ་ཐུགས་ཉེ་པོ་ཡོད་སྟབས་རྗེས་སུ་དགོན་བདག་ལག་ཚང་ལ་གནང་བ་ཡིན་ཞེས་གསུངས།

ད་ལྟ་མགོན་ཁང་གསར་བཞེངས་ནང་མགོན་པོ་གུར་གྱི་སྐུ་བརྙན་དང་དཔལ་མགོན་བྲམ་གཟུགས། ལྷ་མོའི་སྐུ་ཐང་དང་ཇོ་ནང་གི་མགོན་པོའི་ཆོས་འབྱུང་དང་། རིན་འབྱུང་བརྒྱ་རྩའི་ཕྱག་དཔེ། དེ་བཞིན་ད་ལྟ་མགོན་ཁང་དེའི་རྒྱབ་ཏུ་སྨོན་འགྲོ་ཞེས་པའི་རྙིང་མའི་དགོན་ཤུལ་ཞིག་དང་། ཕུག་པ་སོགས་མཇལ་རྒྱུ་ཡོད།

ཕག་མོ་དགོན།

མཚན་རྒྱས་པར་སྡེ་སྲིད་ཕག་མོ་ཆོས་སྡེ་ཞེས་ཞུ། བ་རའི་ཟམ་པ་ནས་སྤྱི་ལེ་བཅུ་དགུ་ཙམ་ཤར་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཕག་མོ་ཞོལ་གྱི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྗེ་ཕག་མོ་གྲུ་པས་ཕྱག་བཏབ་གནང་བའི་འབྲི་གུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ་ཇུན་གར་དམག་དུས་ཐོར་ཞིག་ཏུ་སོང་། དེ་རྗེས་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ཉམས་གསོ་གནང་རྗེས་རི་བོ་དགེ་ལྡན་པར་གྱུར། དགེ་འདུན་ཞལ་གྲངས་ཉིས་བརྒྱ་ལྔ་བཅུ་ང་བཞི་བར་འཕེལ་ཞེས་གསུངས། སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་སྦུག་མར་ཇོ་བོའི་སྐུ་བརྙན་དང་། རྡོ་སྨྱོན་གྱི་གནས་བརྟན་བཅུ་དྲུག་སོགས་དང་། བྱམས་ཁང་ཐོག་སོ་གསུམ་ཐོག་ནང་དཔོན་པོ་མི་དབང་གི་ཡུམ་གྱི་འཁྲུངས་རྟགས་ཡིན་ཞེས་རྒྱལ་བ་བྱམས་པའི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད། ལོ་ལྟར་བོད་ཟླ་༦ཚེས་༤ཉིན་དབྱར་འཆམ་ཆེན་མོ་ཞེས་གར་འཆམ་བསྐྱོན་སྲོལ་ཡོད། དགོན་དེའི་འོག་ཏུ་མཆོད་རྟེན་ཞིག་མཇལ་རྒྱུ་ཡོད་པ་དེ་ནི་དབུས་ཀྱི་མཆོད་རྟེན་ལྷུན་པོ་ཞེས་འབུ་གྲོག་མས་བཞེངས་པ་ཡིན་ཞེས་ཟེར།[page 246]

ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁངནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

བ་དགོན་པ།

བ་དགོན་པ་ནི། ཕམ་མོ་དགོན་ནས་སྤྱི་ལེ་བཅུ་གཉིས་ཙམ་སོང་ན་ཆུང་ཞེས་པའི་གྲོང་གི་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ཆུང་ཞེས་པ་ནི། སྒྲུབ་ཐོབ་ཀུན་དགའ་རྒྱལ་མཚན་གསལ་ནང་ཞེས་པར་སྒྲུབ་པ་བསྐྱོན་ནས་བཞུགས་སྐབས་ལུང་པ་འདི་ཆུང་སོང་ཞེས་གསུངས་པས་ཆུང་ཞེས་པ་དེ་ལྟར་བྱུང་། དགོན་དེ་ནི་ཐོག་མར་མཉམ་མེད་ཁྲོམ་གཞེརར་བ་ཆེན་པོས་ཕྱག་བཏབ་གནང་མཛད་པའི་འབྲི་གུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལ་དེ་རྗེས་རིམ་བཞིན་ཉམས་དམས་སུ་སོང་། དེ་ནས་མཁས་གྲུབ་བསྟན་པ་དར་རྒྱས་ཀྱིས་ཉམས་གསོ་དང་འབྲེལ་རི་བོ་དགེ་ལྡན་པ་ཕྱག་བཞེད་གནང་སྟེ་དགེ་འདུན་ཞལ་གྲངས་བདུན་བཅུ་དོན་གཉིས་བར་འཕེལ། ཕྱིས་སུ་དགེ་བཤེས་གོ་བོ་དོན་ལྡན་གྱིས་དབེན་ས་སྙན་རྒྱུད་ཀྱི་གཅོད་ཀྱང་གནས་དེར་གསུངས། སྔོན་འདུ་ཁང་ཀ་བ་ཉི་ཤུའི་གཙང་ཁང་སྦུག་མའི་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་སོ་ཉིས་ཐོག་ཅན་དང་། གཡོན་དུ་རྗེ་ཙོང་ཁ་པའི་སྐུ་བརྙན་མི་ཚད་ཙམ་དེའི་ཞོགས་གཡས་སུ་དཔོན་པོ་མི་དབང་གི་འཁྲུངས་རྟགས་ཞེས་སྨན་འདམ་གྱི་བྱམས་པ་མེ་བཞེས་མ་ཞུ་བ། འདུ་ཁང་ནང་རྒྱ་གར་ཤར་ལིའི་མཆོད་རྟེན་གདུང་རྟེན་བཀྲ་ཤིས་འོད་མེར་ཞེས་མཐའ་བཞིར་ལུང་བཞི་ཡོད་པ་ཐོག་ཚད་མ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སོགས་སྐུ་བརྙན་ཇི་སྙེད་བཞུགས་སུ་གསོལ་ཡོད། ལོ་ལྟར་བོད་ཟླ་༤ཚེས་༢༤.༢༥སོ་སོར་ཡིད་དམ་རྩ་རྒྱུད་ཀྱི་སྒོ་ནས་འཆམ་ཉིན་གཉིས་བསྐྱོན་པ་ནི་གཙོ་བོ་འཇིགས་བྱེད་ལྷ་བཅུ་གསུམ་དང་ཡུལ་ལྷ་གཞིས་བདག་སོགས་འཆམ་སྣ་ཉེར་གཅིག་ཙམ་གྱི་གར་འཆམ་གནང་སྲོལ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཀ་བ་བཅུ་དྲུག་ནང་རྟེན་གཙོ་མཁའ་སྤྱོད་[page 247] མ་དང་། སྤྱན་རས་གཟིགས་ཕྱག་བཞི་པ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་མཇལ་རྒྱུ་ཡོད།

ཁྱུང་ཚང་དགོན།

ཁྱུང་ཚང་དགོན་ནི། ཐང་དཀར་ནས་སྤྱི་ལེ་བཅུ་གཉིས་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་གསེར་ཁང་སྐོར་ཞེས་པའི་གྲོང་གི་སྟེང་དུ་བཙུན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་འབྲོམ་སྟོན་པའི་ཐུགས་སྲས་ཁྱུང་ཚང་ཡེ་ཤེས་བླ་མ་ཞུ་བ་དེས་རི་བོ་ཞོག་ལྷ་ཕྱུག་པོ་ཞེས་པ་དང་འབྲེལ་བའི་གནས་རི་གཡའ་བཟང་གི་སྐེད་སྐབས་མཚམས་སུ་དམ་ཅན་བྲག་ཕུག་ཅེས་པ་དེར་དགོན་ཞིག་ཕྱག་བཏབ་གནང་མཛད་པ་དེའི་ནང་དམ་ཅན་གྱི་ཞལ་འབག་ཀྱང་མཇལ་རྒྱུ་ཡོད། དེ་རྗེས་ལོ་སེམས་པ་སྐུ་ཕྲེང་དྲུག་པ་གྲགས་པ་རྣམ་རྒྱལ་གྱིས་ད་ལྟའི་གནས་དེར་གཏོར་བཅོས་ཐིག་ལེན་གནང་སྟེ་རྒྱབ་རྩིག་པ་དང་མདུན་གླང་ཤག་གི་རྭ་བ་བསྐོངས་ཤིང་གླང་མས་རྭ་བ་བསྐོང་བ་གཡབས་བཞི་དང་ཤག་འཁོར་བཅུ་དྲུག་ཙམ་དང་། དེ་བཞིན་ནང་དུ་རྟེན་དང་བརྟེན་པ་བཅས་བཞེངས་གནང་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་དགོན་དེར་མེ་སྐྱོན་ཆེན་པོ་བྱུང་བ་སླར་ཡང་ཉམས་གསོ་དང་འབྲེལ་ཆོག་ག་ཕྱག་ལེན། སྒྲིག་ལམ་བཅའ་ཡིག་སོགས་གནང་བ་དང་འབྲེལ་བཙུན་མ་གྲངས་ལྔ་བཅུ་ང་ལྔ་བར་འཕེལ། རྒྱལ་བའི་ཡུམ་དང་སྲིང་མོའང་གནས་དེར་ཆོས་བཞུགས་གནང་བ་ཡིན། དགོན་དེའི་མཁན་པོ་ནི་སྔར་བཞིན་ལོ་དགོན་པ་ནས་གཏོངགནང་མཛད། རྡོ་རིང་པཎྚི་ཏའང་གནས་དེར་འཁྲུངས། སྔོན་འདུ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྒྲོལ་མ་ཉེར་གཅིག དམ་ཅན་མགར་ནག་སོགས་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་དྲུག་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

[page 248]
ལོ་དགོན་པ།

ལོ་དགོན་པ་ནི། ཁྱུང་ཚང་དགོན་ནས་སྤྱི་ལེ་གཉིས་ཙམ་ཤར་ངོས་སུ་སོང་ན་བལ་མོ་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། བལ་མོ་ཞེས་པ་ནི་སྔོན་དགོན་དེ་ཐོག་མར་འདེབས་སྐབས་ས་གང་བཟང་གཟིགས་ཏེ་མཐར་ས་དེ་ལོ་བ་འདུག་ཅེས་གསུངས་པས་ལོ་ཞེས་པ་དེ་ལྟར་བྱུང་། བལ་མོ་གྲོང་ཞེས་པ་ནི་སྔོན་དགོན་དེའི་བཀའ་གདམས་མཆོད་རྟེན་དང་ཚོགས་ཁྲོ་སོགས་བལ་པོས་ལུག་བརྒྱབས་པས་རྗེས་སུ་བལ་པོ་སྡོད་ས་ལ་གྲོང་ཆགས་པས་བལ་མོ་གྲོང་ཞེས་པའི་མིང་དེ་ལྟར་བྱུང་། དགོན་དེ་ནི་ཐོག་མར་དགེ་བཤེས་སྤྱན་སྔ་བས་ཕྱག་འདེབས་གནང་མཛད། མཛད་འཕྲིན་ཤིན་ཏུ་རྒྱས་པས་འདུ་ཁང་ཀ་བ་བཅུ་དྲུག་སྦུག་གི་དབུ་རྩེ་གོང་ཞེས་པར་དགོན་དེའི་གསུང་གི་རྟེན་རིན་ཆེན་སྣ་ལྔས་བྲིས་པའི་འབུམ་རྒྱས་འབྲིང་བསྡུས་གསུམ། འདུ་ཁང་ནང་ལོ་སེམས་དཔའ་སྐུ་ཕྲེང་བཅུ་པ་བར་གྱི་གདུང་རྟེན་སོགས་ཡོད། སེམས་དཔའ་ཞུ་བ་ནི་འབྲོམ་སྟོན་པས་བོད་ལ་རྒྱལ་བ་བྱམས་པའི་སྐུ་བརྙན་བརྒྱ་དང་བརྒྱད་བཞེངས་དགོས་པས་སུ་ཡིས་བཞེངས་ནུས་སམ་གསུངས་པར། ང་ཡིས་བཞེངས་ནུས་ཞུས་པས། སེམས་དཔའ་ཆེན་པོ་བྱུང་ཞེས་གསུངས་པས་སེམས་དཔའ་ཞེས་པ་དེ་ལྟར་བྱུང་། འདུ་ཁང་གི་རྒྱབ་ཏུ་ཀླུ་འབུམ་ལྷ་ཁང་ཞེས་པའི་ནང་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ཙམ་ཞལ་བྱང་དུ་གཟིགས་པ་ཞིག་ཡོད་པ་དེའི་ཞབས་འོག་ཏུ་ཁྲོན་པ་ཞིག་ཡོད་པ་ལ་ཀླུ་འབུམ་གཅིག་གནས་ཡོད་པ་ཀླུ་འབུམ་ཞེས་པའི་མཚན་ཡང་བྱུང་། ཡོན་ཆབ་ཀྱང་ཁྲོན་པ་དེ་ནས་བཞེས་ཀྱི་ཡོད། ད་དུང་ལྷ་ཁང་དེའི་ནང་བཀའ་གདམས་མཆོད་རྟེན་ཐོག་སོ་གཉིས་མ་ཟིན་ཙམ་བྱས་པ་ལྔ་ཡོད་པ་དེ་ནི་ནང་གི་རྟེན་ཡིན་ཞེས་དང་། ཕྱིའི་རྟེན་ནི་བཀྲ་ཤིས་མཆོད་ལྔ་ཞེས་བཀའ་གདམས་པའི་དགེ་བཤེས་ལྔ་ཡིས་བཞེངས་གནང་བའི་ལྷ་ཁང་ལྔ་པོ་ཡིན་ཞེས་གསུངས། དེའང་དགེ་བཤེས་སྤྱན་སྔ་བས་ཁོང་གཅིག་བུས་བཞེངས་གནང་བའི་དབུ་རྩེ་གོང་གི་ནང་གསང་[page 249] འདུས་ཀྱི་དཀྱིལ་འཁོར་ཐིག་ཚད་ཆ་ཚང་བ་ཡོད་ཅེས་དང་། གཞན་ཡང་ལྷ་ཁང་སོ་སོའི་ནང་གསེར་ཟངས་ཀྱི་ཐུབ་དབང་གི་སྐུ་རེ་ཡོད་པ་ནི་ཐུབ་པ་རིགས་དྲུག་ཡིན་ཞེས་དང་། སྔོན་འདུས་ཚོགས་བདུན་བརྒྱ་བར་འཕེལ་ཞེས་གསུངས་པ་ནས་རྗེས་སུ་དགེ་འདུན་ཞལ་གྲངས་བརྒྱ་དང་བདུན་ཅུ་སྐོར་གྱིས་དགེ་ལྡན་ཕྱག་ལེན་མཛད་པ་དང་ལོ་ལྟར་བོད་ཟླ་༡༡ཚེས་༢༨.༢༩སོ་སོར་མགོན་པོ་གུར་དང་ཞལ་གྱི་སྒོ་ནས་གར་འཆམ་དང་གནམ་གང་ཉིན་གཏོར་རྒྱག་བསྐྱོན་པ་ཡིན། བོད་ལ་མཆོད་པ་ལྔ་ཡོད་པ་ནི། ལྷ་ས་བཅོ་ལྔ་མཆོད་པ། གུང་ཐང་མེ་ཏོག་མཆོད་པ། རྭ་སྒྲེང་ཁུ་བྱུག་མཆོད་པ། བསམ་ཡས་འདུས་སྡེ་མཆོད་པ། ལོ་གནམ་གང་མཆོད་པ་བཅས་ལྔ་ཡིན་ཟེར། ཚོགས་ཁང་འཁྱམས་སྨད་ཅེས་པར་འདུ་ཁང་ཀ་བ་བཅུ་དྲུག་ནང་བོད་ཟླ་༡༠ཚེས་༢༠ནས་སྤྱིལ་བུ་དགོན་དང་། ཉི་ལྡིང་དགོན་བཅས་གསུམ་མཉམ་དུ་བཀའ་འགྱུར་གསུང་སྒྲོག་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་གྱང་གོག་སྟེང་འཁྱམས་སྟོད་ཚོགས་ཁང་ཀ་བ་བཅུ་དྲུག་གསར་བཞེངས་གནང་བའི་ནང་སེམས་དཔའ་སྐུ་ཕྲེང་དང་པོའི་གདུང་རྟེན་དང་། དགེ་བཤེས་སྤྱན་སྔ་བའི་འདྲ་སྐུ། དབུ་རྩེ་གོང་དུ་གསེར་ཟངས་ཀྱི་ཐུབ་དབང་གྱི་དབུ་སྔོན་ཉི་ལྡིང་དགོན་གྱི་ཡིན་ཞེས་པ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེ་ནས་རྐང་ཐང་ཉེ་འཁོར་ཐེབས་པ་དགོན་དེའི་དགོན་ལག་ཉེ་ལྡིང་དགོན་ཞེས་པ་ཞིག་དང་། ཡང་འབྲི་གུང་རླུང་ཤོད་ནང་རྐང་ཐང་མར་ཉིན་གཅིག་སོང་ན་བྱང་སེམས་སྤྱིལ་བུ་བའི་དགོན་སྤྱིལ་བུ་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།

ཞོགས་དགོན།

མཚན་རྒྱས་པར་ཞོགས་གུར་མོའི་དགོན་ཞེས་ཞུ། བཀྲ་ཤིས་སྒང་གྲོང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་ཙམ་སོང་ན་ནུབ་ངོས་ཀྱི་རི་ཁུག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྗེ་བཙུན་སྒ་ལོ་ཙཱ་ལ་མགོན་པོ་གུ་རུས་ལུང་བསྟན་པ་ལྟར་གནས་དེར་བཞུགས། ཞོགས་ཞེས་[page 250] པ་ནི་ཨ་ཁུ་སྟོན་པས་གདོན་འདྲེ་དེད་ཕེབས་པས་རྒྱལ་དར་རི་ཟུར་ཞེས་པར་སླེབས་སྐབས། ང་འདིར་ཞོགས་ཞེས་གསུངས་པ་ལས་ཞོགས་ཞེས་པའི་མིང་དེ་ལྟར་བྱུང་བ་དང་། དེའང་ཐོག་མར་དགོན་དེ་ད་ལྟའི་དགོན་གྱི་ཤར་ངོས་སྟག་རྩེ་རིན་ཆེན་སྒང་ཞེས་པར་ཡོད། སྟག་རྩེ་རིན་ཆེན་སྒང་ནི་སྟག་རྩེ་དཔོན་པོ་མི་དབང་གི་སྒོས་གཞིས་ཡིན་པ་དང་། ཞོགས་དགོན་པ་ནི་སྟག་རྩེ་དཔོན་པོ་མི་དབང་གི་སྐུ་འཁོར་གྲྭ་ཚང་ལྟ་བུ་ཡིན། དེ་ནས་ཕག་གྲུ་དང་མི་མཐུན་པའི་རྐྱེན་བྱས་དགོན་པ་མེར་སྲེག་ཐེབས། དགེ་འདུན་ཡོངས་རྫོགས་ཁ་ཐོར་དུ་སོང་། དེ་རྗེས་དགའ་ལྡན་ཁྲི་པ་ཁྲི་རྒྱལ་ཁང་རྩེགས་པས་ཁ་ཐོར་དུ་སོང་བའི་དགེ་འདུན་རྣམས་རུབ་པ་དང་གྲྭ་པ་ཉི་ཤུ་རྩ་ལྔ་ཙམ་གྲྭ་བཅག་བསྐྱོན་གནང་ནས་ད་ལྟའི་གནས་དེར་དགེ་འདུན་གྱི་སྡེ་བཙུགས་གནང་སྟབས་དགོན་པོའི་མཚན་ལ་ཞོགས་དགོན་ཞེས་ཐོགས། གོང་གསལ་གྲྭ་བཅག་བསྐྱོན་པའི་གྲྭ་ཁོངས་ནས་དགོན་དེའི་བླ་ཐོག་དང་པོ་དོན་ཡོད་མཁས་གྲུབ་ཀྱིས་དབུ་མཛད། སྡེ་དྲུག་རིན་པོ་ཆེའང་བླ་མ་འདིའི་སྐུ་སྐྱེ་ཡིན་ཞེས་དང་། དཔོན་པོ་མི་དབང་གི་སྲས་སེར་བྱེས་མཁན་ཆེན་འཇམ་དཔལ་ཡོན་ཏན་དང་། ཕུར་ལྕོག་ངག་དབང་བྱམས་པའང་དགོན་དེར་ཡུན་རིང་བཞུགས་ཞེས་གསུངས། སྔོན་དགོན་དེའི་འདུ་ཁང་ཀ་བ་ཉེར་དྲུག་གི་གཙང་ཁང་སྦུག་མའི་ནང་ཐུབ་པ་མེ་བཞེས་མ་ཞེས་གསེར་ཟངས་ཀྱི་སྐུ་བརྙན་མི་ཚད་མ་དང་། དེའི་མདུན་མི་དབང་གི་ཡུམ་གྱི་འཁྲུངས་རྟགས་ཡིན་ཞེས་གསེར་ཟངས་ཀྱི་སྐུ་བརྙན་མི་ཚད་མ་ཟིན་ཙམ། འདུ་ཁང་ནང་མཁན་ཆེན་བྱམས་པ་ཡོན་ཏན་གྱི་དངུལ་གདུང་དང་། སྐུ་རྒྱུ་ཤིང་ལས་གྲུབ་པའི་སྨན་བླའི་བླངས་གཟུགས་ཀྱི་དཀྱིལ་འཁོར། བཀའ་འགྱུར་བྲིས་མ་དང་སྣ་ཐང་པར་མ་སོགས་ཀྱི་བཀའ་བསྟན་ཉིས་ཐོག་མ་ཟིན་ཙམ། ས་ཕུད་རྡོ་ཕུད་ཀྱིས་བཞེངས་པའི་རྒྱལ་བ་བྱམས་པ། གསུམ་ཐོག་གཟིམ་ཆུང་ནང་ཙནྡན་དཀར་པོ་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤ་ར་དང་། བདེ་གཤེགས་མཆོད་རྟེན་བརྒྱད། འདུ་ཁང་གི་གཡས་ངོས་སུ་གནས་བཅུའི་ལྷ་ཁང་དང་[page 251] མགོན་ཁང་། དགོན་དེའི་གཤམ་དུ་རྗེ་བཙུན་སྒ་ལོའི་སྤྱན་བཞུགས་པའི་མཆོད་རྟེན་སོགས་མཇལ་རྒྱུ་ཡོད། དགོན་དེར་རི་བོ་དགེ་ལྡན་གྱི་མདོ་སྔགས་གཉིས་ཀ་ཕྱག་ལེན་མཛད་ཅིང་། ཐོག་མར་རྣམ་འགྲེལ་གྱི་བཤད་གྲྭ་ཞིག་ཀྱང་ཡོད་པར་གྲགས། ལོ་ལྟར་ཟླ་༧ཚེས་༡༤.༡༥སོ་སོར་གཙོ་བོ་འཇིགས་བྱེད་ལྷ་བཅུ་གསུམ་དང་། དེ་འབྲེལ་ལྷ་སྲུང་ཁག་གི་གར་འཆམ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་གི་གྱང་གོག་སྟེང་གསང་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་འདབས་ཀྱི་མཆོད་རྟེན་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་འོད་ཟེར་དགོན་ཞེས་དང་། གནས་དགོན་ཞེས་པ། བསམ་གཏན་གླིང་ཞེས་པ་སོགས་ཀྱི་རྗེས་ཤུལ་མཇལ་རྒྱུ་ཡོད།།

མཇུག
པར་སྐྲུན་ཆ་འཕྲིན།

རྩོམ་སྒྲིག་འགན་འཁུར་པ། ངག་དབང་ཕུན་ཚོགས།

责任编辑:阿旺平措

མདུན་སྒོག་ཇུས་འགོད་པ། ཀརྨ་རྡོ་རྗེ་ཚེ་རིང་།

封面设计:吾要

༄༅། ། གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་

-ལྷ་ས་ཁུལ་གྱི་གནས་ཡིག

ཆོས་འཕེལ་གྱི་བརྩམས།

དཔེ་སྐྲུན་མཁན། མི་རིགས་དཔེ་སྐྲུན་ཁང་།

འགྲེམས་སྤེལ་མཁན། མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་།

གནས་ཡུལ། པེ་ཅིན་ཧོ་ཕིང་ལི་བྱང་ལམ་ཨང་14པ།

སྦྲག་ཨང་། 100013

ཁ་པར་ཨང་གྲངས། 010-64234411-6509

བརྒྱུད་འཚོང་མཁན། རྒྱལ་ཡོངས་ས་གནས་སོ་སོའི་ཞིན་ཧྭ་དཔེ་ཚོང་ཁང་།

པར་འདེབས་མཁན། ཏི་ཞིན་པར་ཁང་ནས་པར་བཏབ།

དེབ་ཚད། 850mm×1168mm 1/32

པར་ཤོག 8.25

པར་གཞིའི་སྒྲིག་ཐེངས། 2004ལོའི་ཟླ་6པར་པར་གཞི་དང་པོ་བསྒྲིགས།

པར་ཐེངས། 2004ལོའི་ཟླ་6པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

པར་གྲངས། 0001-4000

རིན་གོང་། སྒོར་18.00

图书在版编目(CIP)数据

雪域圣迹导游:拉萨地区/群培著

-北京:民族出版社,2004.6

ISBN 7-105-06422-6

I.雪…II.群…III.旅游指南-拉萨市-藏语

-IV.K928.975.1

中国版书图书馆数据核子(2004)第068089号

雪域圣迹导游:拉萨地区

出版发行 民族出版社

地 址 北京市和平里北街14号

邮 编 100013

印 装 迪鑫印刷厂印刷

经 销 各地新华书店

开 本 850mm×1168mm 1/32

网 址 www.e56.com.cn

印 张 8.25

版 次 2004年6月第1版

印 次 2004年6月北京第1次印刷

印 数 0001-4000册

定 价 18.00元

该书如有印装质量问题,请与本社发行部联系退换

(藏文室电话:010-64234411-6509)

Contents

About

Collection Tibetan Monastic Guidebooks
Visibility Public - accessible to all site users
UID mandala-texts-13283
DOI