Skip to main content Skip to search
སྟག་རིག་གྲོང་རི་དགོན་གྱི་ལབ་ཙེ་ཁག་ངོ་སྤྲོད་མདོར་བསྡུས།

(དུས་དེབ་འདིའི་འདོན་ཐེངས་གསུམ་པ་དང་ཐེངས་འདིའི་མདུན་རྒྱབ་ཤོག་ནང་མར་བཀོད་ཟིན་པ་དག་འདིར་བསྐྱར་ཟློས་བྱས་མེད)

     གཅིག  སེ་བོའི་ལབ་ཙེ།

    ལབ་ཙེ་འདི་ད་ལྟའི་དམེ་ཀྱྰ་སྡེ་བའི་ཤར་ལྷོའི་མཚམས་ན་ཨ་མྱེས་སེ་བོར་འབོད་པའི་རི་རྒྱུད་ཆེན་པོ་ཞིག་འགྱིང་ངེར་ཡོད་པ་དེའི་སྟེང་ན་ཡོད་པས་སེ་བོའི་ལབ་ཙེ་དང་། ཐིས་བ་དགོན་པའི་དཔར་མཁར་ལབ་ཙེ་ཡིན་པས་ན་ཐིས་བ་ཚང་གི་ལབ་ཙེ་ཡང་ཟེར། རི་འདིའི་གནས་བདག་ལ་ཨ་མྱེས་སེ་བོན་ཞེས་བྱ་ཞིང་དཔལ་ཁ་ཡང་དེར་གཏོར་ཡོད་ཟེར། རི་དེ་ནི་ཤིན་ཏུ་གཉན་ཞིང་བཙན་པོར་ཡོད་པས་ཉེ་འཁོར་གྱི་ཁ་ན། སེ་བོ་གདོང་ཟླ་གཉན་པོ། ཆར་སྤྲིན་སྨུག་གིས་འཛིན་དུས། ཆར་བ་འབབ་པའི་རྟགས་ཡིན་ཞེས་གཉན་པོར་གསོལ་ཅིང་ནམ་ཟླའི་ཐང་འཁྲིགས་རི་དེར་བལྟས་ནས་བརྟག་པའི་སྲོལ་ད་བར་དུ་ཡོད་དོ།། ལབ་ཙེ་འདི་ཐིས་པ་སྐུ་ཕྲེང་བཞི་བ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཉིད་ཀྱིས་སྟོད་དབུས་གཙང་གི་དགོན་སྡེ་ཕལ་ཆེར་ཞབས་ ཐང་གིས་བསྐྱོད་དེ་གནས་མཇལ་བྱས་ཚར་ཏེ་རིམ་གྱིས་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་ཕོ་བྲང་ཙ་རིར་གནས་སྐོར་ལ་ཕེབས་ལ། དེར་སེ་བོན་ཞེས་བྱ་བའི་བོད་གྱི་གཞི་བདག་རྒད་པོ་གཡག་བཞོན་ཕྱག་ཏུ་མདུང་ཐོགས་པ་ཞིག་ཡོད་པ་གར་ཕེབས་ཕྱི་བཞིན་འབྲངས་ཏེ་ཆོ་ འཕྲུལ་དུ་མ་བསྟན་པ་ན། དམ་པ་འདི་ཉིད་ཀྱིས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་ག་བཙན་པོ་ལུས་ལ་བསྒོས་ཤིང་བཀའ་བརྗིད་བཙན་པོའི་ཉག་ཕྲན་ གཡོ་བ་མེད་པར་ལྷ་གཉན་མཐུ་བོ་ཆེ་དེའི་སྙིང་ལ་རབ་ཏུ་བསྣུན་པས།  དེ་མ་ཐག་དེ་དཔའ་ཞུམ། ཡིད་དམད། བྱིན་པ་འདར་འདར་གྱིས་འཛིན་མ་བྲང་གིས་དུ་མར་བརྡུངས་ཏེ་ཅི་གསུང་བཀའ་བཞིན་བསྒྲུབ་པའི་གཡར་དམ་ཕུལ། ཕྱིས་སྐུ་རྗེས་སུ་ཁྲིད་དེ་གཅན་ཚའི་ཐང་ན་དམ་པ་ཁོང་ལ་བཞུགས་སྒར་ཞིག་ཡོད་པའི་རྒྱབ་རིར་གཙོ་ཆེར་དམིགས་ནས་གཅན་ཚའི་ཐང་སྨད་ཞོལ་གྱི་ད་ལྟའི་སེ་བོའི་སྒང་དུ་གྲགས་པ་དེར་དཔལ་མཁར་དང་ལབ་ཙེ་བརྩིགས་ནས་གནས་དེར་བསྟིམས་ཤིང་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཏུ་བཀོད་པར་བཤད། ད་ལྟ་དམེ་ཀྱྰ་སྡེ་བའི་གྲོང་འདབས་སུ་ཡོད་པའི་མདོ་སྨད་མཆོད་རྟེན་དྲེལ་བཞོན་མར་གྲགས་པའི་ཤར་ཕྱོགས་རྒྱ་ལམ་གྱི་འགྲམ་ན་གཡག་རྒོད་ཅིག་གི་སུག་རྗེས་ངོ་མཚར་བ་ཞིག་རྡོ་ཕ་བོང་ཆུང་ཆུང་ཞིག་གི་སྟེང་བཞག་ཡོད་པར་ལམ་འགྲོ་བ་མང་བོས་རྡོ་དཀར་སོགས་སྤུངས་ནས་མཆོད་བཀུར་བྱེད་བཞིན་པ་དེ་ནི་ཨ་མྱེས་སེ་བོན་གཡག་ལ་བཅིབས་ཏེ་སྟོང་གསུམ་ཡིད་ཀྱིས་སྐོར་སྐབས་གནས་དེར་བཞག་པའི་གཡས་རྗེས་ཡིན་ཟེར་ཞིང་། ད་ལྟ་སེ་བོའི་གཡག་རྗེས་སུ་ཀུན་ལ་གྲགས་གདའ་འོ།། གཞན་ཡང་ལྷ་གཉན་ཨ་མྱེས་སེ་བོན་གྱི་ཆོ་འཕྲུལ་མཛད་པ་དམངས་ཁྲོད་ན་ཤིན་ཏུ་རྒྱས་པར་འབྱུང་ཡང་ཡིག་ཚོགས་ལ་འཇིགས་ཏེ་འདིར་རེ་རེ་བཞིན་མ་བྲིས་སོ།། དུས་ཕྱིས་ཐིས་བ་བཀྲ་ཤིས་ཆོས་རྫོང་དགོན་དུ་གྲྭ་བ་རྒན་པ་ཞིག་གིས་དུས་རྒྱུན་སེ་བོའི་མཆོད་བསྟོད་ཆག་མེད་དུ་འདོན་པའི་སྲོལ་ཡང་བྱུང་ཡོད་ལ། ལོ་ལྟར་ཆུ་སྟོད་ཟླ་བའི་ཉ་ལ་ཐིས་པ་སྒར་བས་གཙོས་པའི་རོང་འབྲོག་བར་གསུམ་ན་སྡོད་པའི་ཐིས་བ་ཚོ་བ་རྣམས་ཀྱིས་རྟ་དྲེལ་ལ་ཁལ་བཀལ་ ནས་རི་དེར་སོང་སྟེ་ལབ་ཙེ་བསྟོད་པའི་སྲོལ་བཙུགས་པས་རི་བོའི་མིང་ལ་སེ་བོན་ཐོགས་པ། ད་ལྟ་ཟུར་ཆགས་ནས་ཨ་མྱེས་སེ་བོར་འབོད་པར་བྱེད་དོ།།

     གཉིས། ས་སྔོན་ལབ་ཙེ།

     ལབ་ཙེ་འདི་རྙེ་དགོན་པའི་དཔལ་མཁར་ལབ་ཙེ་ཡིན་པས་རྙེ་ཚང་གི་ལབ་ཙེ་དང་། ས་སྔོན་ཉག་གའི་ཁར་ཡོད་ཕྱིར་ས་སྔོན་ལབ་ཀྱང་ཟེར། དེའི་བསྟེན་པ་གཞི་བདག་གང་ཡིན་པའི་གནས་ཚུལ་མི་གསལ།

      གསུམ། གསེར་ཁུའི་ལབ་ཙེ།

     ལབ་ཙེ་འདི་ཀ་ཙེ་ཐང་རྔ་ཡི་གསེར་ཁུའི་གདོང་ཟུར་དུ་ཡོད་པས་ས་མིང་ལབ་ཙེར་ཐོགས་ཏེ་གསེར་ཁུའི་ལབ་ཙེ་དང་། དུས་རྒྱུན་དུ་སྟག་རིག་ཐ་མགོ་མས་བསྟོད་པས་ཐ་མགོ་མའི་ལབ་ཙེ་ཡང་ཟེར་ལ། སྡེ་བིའ་ལབ་ཙེའི་ཁོངས་སུ་གཏོགས། ལོ་རེའི་ཟླ་༥པའི་ཚེས་༡༧ལ་བསྟོད་པ་དང་དཔལ་ཁ་བྲག་དཀར་ལ་གཏད་ཡོད་ཟེར།

     བཞི། སྟག་རིག་ལབ་ཙེ།

     ལབ་ཙེ་འདི་སྟག་རིག་བཤོར་གཙང་ཚོ་བ་གཉིས་ཀྱི་དཔལ་མཁར་ལབ་ཙེ་ཡིན་ཞིང་། དཔལ་ཁ་བྲག་དཀར་ལ་གཏད་ཡོད་ལ། དེར་རྩེ་འཛིན་གཅིག་པུ་མ་གཏོགས་མེད།

     སྟག་རིག་ཚོ་བ་ནི་སྡེ་འདིའི་ས་འཛིན་གྱི་ཐོག་མ་ཡིན་པས། ལབ་ཙེ་འདི་ཡང་དེར་ཡོད་དཔལ་མཁར་རྣམས་ཀྱི་ཐོག་མ་དང་། རྒྱབ་རིའི་རྩེ་ན་བརྩིགས་ཡོད་ཕྱིར་སྟག་རིག་སྡེ་བའི་ལབ་ཙེའི་གོང་ན་མཐོན་པོར་ཡོད། སྡེ་བ་ཡོངས་ཀྱིས་རྒྱབ་རིའི་ལབ་ཙེ་བསྟོད་ཉིན་དེར་སྟག་རིག་ཚོ་བ་དང་གཤོར་གཙང་ཚོ་བས་ཐོག་མར་ལབ་ཙེ་འདི་བསྟོད་དགོས་ཤིང་། དེ་ནས་སྡེ་བའི་གྲས་སུ་ཞུགས་ཏེ་རྒྱབ་རིའི་ལབ་ཙེ་བསྟད་ནས་ཨ་མྱོས་བསྟན་སྐྱོང་མཆོད་པར་བྱེད།

    ལྔ། གཟིག་ཆེན་ལབ་ཙེ།

    ལབ་ཙེ་འདི་སྤྱིར་གཅན་ཚ་ཁག་གསུམ་དུ་འབོད་པའི་སའི་ཆ། རི་མཐོན་པོ་གཟིག་ཅན་སྒང་ན་ཡོད་ཕྱིར་གཟིག་ཆེན་ལབ་ཙེ་དང་། སྟག་རིག་ནག་གཙང་ཚོ་བ་དང་རོང་གི་ལོ་བ་སྨེ་རུའི་ནག་གཙང་ཚོ་བ་དག་གིས་ཉིན་མ་གཅིག་ལ་དུས་མཉམ་དུ་བསྟོད་པས། ནག་གཙང་ལབ་ཙེ་ཡང་ཟེར། འདི་སྟག་རིག་ནག་གཙང་གི་དཔལ་མཁར་ལབ་ཙེ་ཡིན་པ་དང་། མཆོད་བྱའི་གཞི་བདག་ཨ་མྱེས་གཟིག་ཆེན་ཡིན་ནོ།།

      དྲུག   དཀར་འཇམ་ལབ་ཙེ།

      ལབ་ཙེ་འདི་སྟག་རིག་གྲྭ་ཚ་ཚོ་བའི་དཔལ་མཁར་ལབ་ཙེ་ཡིན་ཞིང་། དཀར་འཇམ་དུ་འབོད་པའི་རིའི་རྩེ་རུ་ཡོད་པས་དཀར་འཇམ་ལབ་ཙེའམ་ཡང་ན་གྲྭ་ཚ་ཚང་གི་ལབ་ཙེའང་ཟེར། དེ་ལའང་རྩེ་འཛིན་གྱི་ལབ་ཙེ་གཅིག་པུ་མ་གཏོགས་མེད་ཅིང་། དཔའ་ཁ་བྲག་དཀར་ལ་གཏད་ཡོད།སྔར་སྲོལ་ལྟར་ན། ལབ་ཙེ་སྡེ་བའི་ནང་དུ་མི་རྒྱག་པའི་ཆེད་ལབ་ཙེ་འདིའི་བང་རིམ་མང་ཆེ་བ་ས་འོག་ཏུ་བརྩིགས་ཏེ་ས་སྟེང་ལ་འབུད་དུ་བཅུག་མེད་པར་བཤད། ལོ་རེའི་ཧོར་ཟླ་༥པའི་ཚེས་༡༣ལ་དཀར་དམར་གཉིས་ཀས་བསྟོད་པ་དང་། དཀར་བསྟོད་ལ་བསང་དང་ལྗོན་ཤིང་གིས་བསྟོད་པར་བྱེད་ལ། དམར་བསྟོད་ལ་ར་རོག་རོག་ཅིག་གི་སྙིང་ཁྲག་གསུར་ལ་ཕུལ་བའི་དཔེ་ཡོད། ཉིན་དེར་སྟག་རིག་གི་ཚོ་བ་གཞན་དག་གིས་དཀར་འཇམ་གསེར་གཞུང་ལུང་བར་ས་ཚ་དཔར་ནས་འབུམ་གཏེར་འབུལ་བ་དང་དེ་འབུམ་མཁན་གྱི་མི་རྣམས་ཀྱང་ལབ་ཙེ་བསྟོད་པ་ལ་ཞུགས་སྲོལ་ཡོད་པའི་དཔེ་ད་རུང་ཡང་ཉམས་མེད་དོ།།

    བདུན། ཤ་རྒྱ་ཚང་གི་ལབ་ཙེ།

     ལབ་ཙེ་འདི་སྟག་རིག་ཤ་རྒྱ་ཚོ་བའི་དཔལ་མཁར་ལབ་ཙེ་ཡིན་ལ། དེར་ཡང་རྩེ་འཛིན་གཅིག་པུ་ལས་མེད། རྨོག་ཐོ་ཐོ་རིའི་སྒང་ན་ཡོད་པས་རྨོག་རིའི་ལབ་ཙེ་ཡང་ཟེར། དཔལ་ཁ་བྲག་དཀར་ལ་གཏད་ཡོད་པ་དང་། ལོ་རེའི་ཟླ་༥པའི་ཚེས་༡༥ལ་ཤ་རྒྱ་ཚོ་བ་དང་སྤྱི་ཚང་ཚོ་བ་གཉིས་ཀྱིས་བསྟོད་པར་བྱེད། གཞི་བདག་ཨ་མྱེས་རྨོག་རུ་ཡིན་ལ། མཚན་ཧྲིལ་བོར་རྨོག་རི་ཐོགས་རྒོད་འབར་བ་ཞེས་འབོད་དོ།།

    བརྒྱད།  རྩི་ཏོའི་ལབ་ཙེ།

    ལབ་ཙེ་འདི་མདའ་སྒྲོ་ཞེས་འབོད་པའི་སའི་མདོ་ཡི་གཞུང་ལམ་ཁ་དག་དག་ན་ཡོད་པ་དང་། དུས་རྒྱུན་ལུག་རྩི་ཚོས་བསྟོད་པར་བྱེད་ལ། ཧོར་ཟླ་༥པའི་ཚེས་༡༣ཉིན་སྟག་རིག་གིས་དཀར་འཇམ་ལབ་ཙེ་བསྟོད་པ་དང་གསེར་གཞུང་འབུམ་གཏེར་ཕུལ་ཏེ་ཕྱིར་ལོག་སྐབས་ཚང་མས་ ལམ་ཁ་ནས་རྩི་ཏོག་འབལ་བ་དང་། རྩི་ཏོ་རྐང་ཐུར་བཅུ་གསུམ་རེ་ལྷན་དུ་བསྡམས་ཏེ་ལབ་ཙེ་དེ་ཉིད་བསྟོད་པར་བྱེད་པས་ན་རྩི་ཏོའི་ལབ་ཙེ་ཟེར་རོ།། སྔོན་གསན་འདིར་ཕ་བོང་སྟག་གཡག་ཏུ་འབོད་པ། ཤིན་ཏུ་ངོ་མཚར་བ་ཞིག་རྟེན་འབྲེལ་རང་འགྲིག་ཏུ་ཡོད་པ་སྟག་རིག་བླ་མས་སྟག་ཁེར་ཉལ་གྱིས་ལུང་གསུམ་(འདིའི་ལུང་བ་གསུམ་ཞེས་པ་ནི་སེར་སྟོད་ལུང་བ་དང་རྒྱལ་རོང་ལུང་བ། རེ་ལུང་བཅས་སོ།།)མདོ་ཆོད་པའི་གནས་ཁྱད་པར་ཅན་དུ་མཐོང་སྟེ་ས་དེར་ལབ་ཙེ་བརྩིགས་པར་བཤད་ལ། ཉེ་སར་ནགས་ཚལ་མེད་སྟབས་ཁོར་ཡུག་གི་བབས་ལྟར་ལར་ནས་ད་ལྟའི་བར་རྩི་ཏོ་ཏག་ཏག་གིས་བསྟོད་པའི་སྲོལ་བྱུང་བ་ཡིན་ནོ།།

ལབ་ཙེ་འདི་སྡེ་བ་སྤྱི་གཞུང་གིས་བསྟོད་པར་བྱེད་པས་ན་སྡེ་བའི་ལབ་ཙེའི་གྲས་སུ་འཇོག་གོ།

   དགུ། བྱིས་པ་ཚོའི་ལབ་ཙེ།

   ལབ་ཙེ་འདི་གླ་མཐའ་ཆེ་ཆུང་གཉིས་ཀྱི་བར་ན་སྒང་རིལ་ཨ་ན་མ་ན་གཉིས་ཡོད་པའི་གཡས་ཕྱོགས་ཀྱི་སྟེང་ན་ཡོད་པ་དང་། གཡོན་པ་དེར་ལུག་རྫི་འདུག་སའི་སྒང་ཟེར་ཞིང་། ངག་རྒྱུན་ལ། གླ་མཐའ་གནས་བདག་བུད་མེད་ཅིག་ཡིན་པ་དང་ལུག་རྫི་གཉིད་རྐྱལ་རྣམས་ལ་དེས་རྟག་ཏུ་རྨི་ལམ་དཀྲུགས་པ་དང་། གཉིད་གོང་ནས་མནོན་ཅིང་སད་དུ་མི་འཇུག་པ་སོགས་ཀྱི་ཆོ་འཕྲུལ་སྣ་ཚོགས་བསྟན་པས་དེ་བཟློག་ཐབས་སུ་དམིགས་ཏེ་ཟོག་རྫི་བྱིས་པ་ཚོས་ ལབ་ཙེ་དེ་ཉིད་བརྩིགས་པ་དང་མིང་ཡང་དེ་ལྟར་བཏགས་པར་བཤད། འདི་ལ་བཤད་ཚུལ་གཞན་ཞིག་ཡོད་པ་ནི།བུ་ཕྲུག་མི་སྐྱེ་བ་རྣམས་ཀྱིས་བསྟད་ན་བུ་ཕྲུག་སྐྱེས་པ་དང་། བུ་ཕྲུག་ལ་ན་སྡུག་འདྲ་བྱུང་བས་བསྟད་ན་ནད་ལས་ཐར་བར་བྱེད་པ་དང་བུ་སྲི་ཡོད་པས་བསྟད་ཚེ་སྲི་གནོན་གྱི་ཕན་ཐོགས་པས་ན་བྱིས་པ་ཚོའི་ ལབ་ཙེ་ཞེས་བཏགས་སོ་ཡང་ཟེར་རོ།། གཞན་ཡང་སྡེ་བ་ཐ་མགོ་མའི་ཀླད་ཀྱི་དེའུ་འབུར་ཞིག་གི་སྟེང་ནའང་བྱིས་པ་ཚོའི་ལབ་ཙེ་ཟེར་བ་ཞིག་ཡོད་པ་ཐ་མགོ་མས་བསྟོད་པར་བྱེད་ཅིང་། སྔ་མ་དེ་སྡེ་བ་ཐང་མཐའ་མས་བསྟོད་པའི་སྲོལ་ཆགས་ཡོད་ལ། གང་ལྟར་དེ་དག་སྤྱི་གཞུང་ནས་བསྟོད་པས་ན་སྡེ་བའི་ལབ་ཙེའི་ཁོངས་སུ་གཏོགས་སོ།།

   བཅུ། སྟག་གཟེར་ལབ་ཙེ།

   ལབ་ཙེ་འདི་སྟག་གཟར་ཁ་དང་ཀ་ཙེ་ཐང་གཉིས་འདྲེས་མཚམས་ཀྱི་ཐོད་དེར་ཡོད་པ་དང་དཔལ་ཁ་བྲག་དཀར་ལ་གཏད་ཡོད། དང་པོ་ནས་ལུག་རྫི་ཚོས་ཟླ་༧པའི་ཚེས་༥ལ་བསྟོད་པ་ཡིན་པས་ལུག་རྫི་ཚོའི་ལབ་ཙེ་ཡང་ཟེར་ཞིང་། དམར་བསྟོད་སྐབས་སྡེ་བ་སྤྱི་ནས་བསྟོད་པར་བྱེད་ལ། སྡེ་འདིར་མི་གཞི་ཆེ་འབྲིང་ཆུང་གསུམ་ཡོད་པའི་ཆེ་བ་དེས་ལོ་རེར་ར་ཞིག་སྐྱེ་ལྷའི་ལབ་ཙེ་སྟེ་རྒྱབ་རིའི་ལབ་ཙེ་ཁར་ཁྲིད་དགོས་ཤིང་། འབྲིང་བས་རགས་རྒྱག་སའི་སྒར་ལ་ར་ཞིག་སྟེར་བ། ཆུང་བས་སྟག་གཟིག་ལབ་ཙེའི་ཁར་ར་ཞིག་ཁྲིད་ཡོང་བར་བྱ་དགོས་ཕྱིར། འདི་ཡང་སྡེ་བའི་ལབ་ཙེའི་གྲས་སུ་འཇོག་ཅིང་། དེར་ཡང་རྩེ་འཛིན་གྱི་ལབ་ཙེ་གཅིག་པུ་མ་གཏོགས་མེད་དོ།། གཞན་ཡང་བཀྲ་ཤིས་ཐང་ན་སྟག་རིག་ལ་ཨེ་འགྲུབ་ལབ་ཙེ་ཟེར་བ་ཞིག་ཀྱང་ཡོད་མོད། རེ་ཞིག་འདི་ཙམ་གྱིས་ཆོག་པར་བགྱིས་སོ།།

སྟག་རིག་གྲོང་རི་དགོན་གྱི་ལབ་ཙེ་ཁག་ངོ་སྤྲོད་མདོར་བསྡུས།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Tamdrin Gyel and Trashi Tsering
Year published 2018
Subjects
Places
UID shanti-texts-49901
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence