སྟག་རིག་གི་ས་མིང་རགས་བསྡུས་ཡིད་ཀྱི་དགའ་སྟོན།

སྟག་རིག་སྡེ་བ་ནི་མདོ་སྨད་ས་ཡི་ལྟེ་བ་ཁྲི་ཀ་གསེར་སྨིག་རྫོང་ངམ་ཁྲི་ཀ་རྟེན་རྫོང་དུ་འབོད་པའི་རྫོང་སྲིད་གཞུང་གི་ཤར་ཕྱོགས་སུ་ས་ལེ་དབར་ཉི་ཤུ་མཚམས་སུ་ཆགས་ཡོད་པ་དང་། རྒྱབ་རི་སྐྱེས་ལྷ་དང་མདུན་རི་དམར་གདུང་ཡིན། གཡས་སུ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དལ་གྱིས་འབབ་པ། རྒྱལ་རོལ་གཞུང་ཆུས་སྡེ་བ་འདིའི་དཀྱིལ་ནས་གཤགས་ཏེ། ཐ་མགོ་མ་དང་ཐང་མཐའ་ཞེས་རང་བྱུང་གི་ཤོག་པ་གཉིས་སུ་གྲུབ་ཡོད་པ་དང་། ཐང་མཐའ་ལ་ཡང་ཡ་མགོའུ་མ་དང་མ་མགོའུ་མ་གཉིས་སུ་དབྱེ་ཡོད། སྤྱི་ཚོགས་རྙིང་བར། ཡ་མགོའུ་མ་དང་མ་མགོའུ་མ། ཐ་མགོ་མ། ཨ་སྐོང་བཅས་ལ་སྟག་རིག་ཤོག་པ་བཞི་ཟེར་བ་དང་། གྱོད་དང་སྟོང་ལ་ཐུག་ན་སྟོང་མགོ་གཅིག་ཡིན་ཟེར། དམག་འཁྲུགས་དང་ཇག་འགོག་གི་སྐབས་སུ། ཁྱོ་རྒྱལ་དང་འགག་བཟའ་བསྣན་པས་སྟག་རིག་སྐྱིད་སྡེ་དྲུག་ཏུ་འབོད་པའང་ཡོད་དེ། སྔོན་ཆད་ཅོག་ཙེ་སྒང་དང་སྒ་འདྲིས་ཆག་ག་ནས་སྟག་རིག་སྐྱིད་སྡེ་དྲུག་གི་སྟག་ཤར་རྣམས་ཚོགས་ནས་མདའ་འཕེན་རྟ་རྒྱུགས་བྱེད་པའི་དཔེ་ཡང་ཡོད་ཟེར། ད་ལྟ་རང་བྱུང་སྡེ་བ་འདི་ལ་སྟག་རིག་རི་ཆུང་གསུམ་མ་གཏོགས་བརྩི་རྒྱུ་མེད། སྟག་རིག་སྡེ་བར་ཁྱོམ་བསྡོམས་པས་དུད་ཁྱིམ་༡༧༥ཡོད་པ་དང་། མི་གྲངས་༨༠༠ལྷག་ཡོད། རྩྭ་སའི་རྒྱ་ཁྱོན་ལ་ལེ་དབར་ཉིས་ཁྲི་བཞི་སྟོང་གི་ས་མཚམས་ཡོད་པར་བཤད་པ་དང་། གནའ་ནས་ད་བར་དུ་ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་ཡོད་པས་བོད་ཀྱི་འཇམ་པ་བའི་གྲས་སུ་གཏོགས། སྡེ་བ་འདིར་ཚོ་བ་ཆེ་ཆུང་བཅུ་གཉིས་ཡོད་པ་དང་། ལབ་ཙེ་ཆེ་ཆུང་བཅོ་ལྔ་ཡོད། མཐའ་འཁོར་དུ་ཐང་ཆེན་པོ་གཉིས་དང་རི་མཐོན་པོ་དྲུག་གིསས་བསྐོར་ཡོད་པ་དང་། ལུང་བ་ཆེན་པོ་གསུམ་གྱི་འདྲེས་མདོ་ནི་སྡེ་བ་ཆགས་པའི་གནས་དངོས་ཡིན་ཕྱིར།

 རྒན་པ་ཚོས་“ལུང་གསུམ་གྱི་མདོ་ན་ཆགས་པ།།སྒྲོག་སུམ་རྩ་ཐང་ལ་འཕངས་འདྲ།། ”ཞེས་དང་།

“སྟག་ཁེར་ཉལ་ཞིག་གིས་ལུང་གསུམ་གྱི་མདོ་བཅད་པ་ལྟར”ཞེས་ཀྱང་བཤད་སྲོལ་ཡོད།

     དང་པོ།  ཐང་ཆེན་མོ་གཉིས་ནི་ལ་ཁའི་ཐང་དང་ཀ་ཙེ་ཐང་སྟེ།

       ༡.ལ་ཁའི་ཐང་།

    ལ་ཁའི་ཐང་ནི་སྟག་རིག་སྡེ་བའི་ཤར་ཕྱོགས་སུ་ས་ཞིང་དང་ཕལ་ཆེར་འདྲེས་ནས་ཡོད་པ་དང་། ས་ཞིང་དང་ཐང་དེ་གཉིས་ཀྱི་བར་དུ་ལ་དམའ་མོ་ཞིག་མ་གཏོགས་མེད། ལ་དེའི་སྟེང་ནི་ཐང་ཡིན་པས་མི་རྣམས་ཀྱིས་“ལ་ཁའི་ཐང་”ཞེས་བཏགས།

དེ་ཡང་སྔོན་ཆད་ཞིག་ལ་ཤཀྱྰ་ཚང་གི་མི་རབས་སྔོན་མ་ཞིག་ཐང་དེ་རུ་ཆགས་པས“ཤཀྱྰ་ཐང་”ཞེས་བཏགས་མྱོང་བ་དང་། རྗེས་སུ་ཡང་སྐྱེས་བུ་དམ་པ་ཞིག་གིས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་སླད་དུ་“བདེ་སྐྱིད་ཐང”ཞེས་ཀྱང་བཏགས། ད་རུང་ནགས་ཚང་ཞིང་ཁ་དང་རྟ་རྒྱུགས་སའི་ཐང་སོགས་ཟེར་བར་མ་ཟད། ས་དཔྱད་ལ་མཁས་པ་ཞིག་གིས་སའི་ཆགས་ཚུལ་ལ་བལྟས་ནས་“ནོར་བུ་འབུམ་ཐང་”ཞེས་ཀྱང་བཏགས་མྱོང་ནའང་། མི་རྣམས་ཀྱི་ཁ་ནས་“ལ་ཁའི་ཐང་”ཞེས་པ་ད་བར་དུ་བསྒྱུར་ཐབས་མེད་པར་གྱུར། ཐེངས་དེའི་རྒྱ་ཁྱོན་ལ་ས་མུའུ་ཉིས་སྟོང་ལྔ་བརྒྱ་ཡོད་པར་བཤད་ལ། སྤྱི་ཚོགས་རྙིང་བར་སྟག་རིག་གིས་ས་རྒོད་བཏུལ་ནས་རྨོ་འདེབས་བྱས་སྐད། འོན་ཀྱང་། རིམ་བཞིན་ཆར་ཆུ་ཉུང་བ་དང་དོ་དམ་བྱེད་དཀའ་བ་སོགས་ཀྱིས་རྐྱེན་བྱས་ཏེ་རྨོ་སྐྱུར་རྩྭ་སར་མི་བསྒྱུར་ཀ་མེད་བྱུང་། ད་ལྟ་ལ་ཁའི་ཐང་ནི་སྟག་རིག་སྡེ་བའི་“ནངས་སྔ་མོར་ར་མ་རེའུ་འཚོ་ས་དང་། དགོང་ཕྱི་དྲོ་བ་གླང་བོང་བུ་སྐྱིལ་ས་ཡིན།”ཞེས་པ་ལྟར་ཆེས་ཐག་ཉེ་སའི་རྩྭ་ས་བཟང་ཤོས་ཤིག་ཏུ་གྱུར་ཡོད།

    ལ་ཁའི་ཐང་ནི་ཨ་སྐོང་རྡོ་ལུང་ཡན་ཆད་དང་དུང་དྲ་རུ་ཉག་གའི་མན་ཆད། སྒྱོམ་ཤིང་འགངས་གྲམ་པའི་ཚུན་ཆད་ཀྱི་ས་ཟུར་གསུམ་དབྱིབས་ཀྱི་རྩ་ཐང་དེ་ཡིན་ལ། དམར་གདུང་སྒང་ནས་ཡར་རྩིས་ན་དམར་གདུང་གོང་ཞོལ་བར་གསུམ་དང་། སུལ་རིག་སྒང་དང་རི་དེའུ་ནར།། ཏིན་གྱི་རྒྱབ་དང་རོང་ལམ་དང་།། སྐྱེར་བ་ཅན་གྱི་ལུང་བ་དང་།། མགོ་མང་རྡོ་ལུང་ཐང་ཆུང་གཉིས།། བྱེ་མ་ངོག་གདོང་དུང་དྲ་རུ།། དྲ་རུའི་ཉག་ཐག་རུ་མ་གོང་ཞོལ་དང་།། རྫོང་དང་འགག་བཟའི་གུར་ཤུལ་མན་ཆད་དུ།། རྔ་ལང་རྭ་ཤུལ་གོང་ཞོལ་བར་གསུམ་མཆིས།། དེ་ཡང་དམར་གདུང་ཉག་ཁའི་ཁ་ནས་ལྷོ་རུ་ཕྲེང་བསྟར་སྒྲིག་པའི་རི་ལུང་ནི། དམར་གདུང་ལབ་ཙེ་ཅོག་ཙེ་སྒང་།། ལབ་ཙེ་ལུང་གཉའ་རྔ་ལང་ནང་། སེར་གཏོ་སྩོང་སའི་སྒང་དང་ནི།། དུས་ཀྱིལུང་བ་ཡར་མར་གཉིས།། ཏིན་ཕྲུག་སྒང་དང་ཐང་ལམ་དང་།། དཀར་རྩི་ཅན་གྱི་ལུང་བ་དང་།། དྲ་ཚའི་ལུང་བ་རྒྱུ་དཀར་ལུང་གཞིས་དང་།། མགོན་པོ་ལུང་གཞིས་གཡག་རྒྱུགས་ཐང་བཅས་སོ།།

      ༢.ཀ་ཙེ་ཐང་།

 

       ཀ་ཙེ་ཐང་ནི་སྟག་རིག་གི་ལྷོ་ནུབ་གཉིས་ཀྱི་མཚམས་སུ་ཡོད་པའི་ཆེས་བཟང་བའི་རྩ་ཐང་ཞིག་ཡིན་པ་དང་། རྒྱ་ཁྱོན་ལ་མུའུ་ཉིས་ཁྲི་ལྔ་སྟོང་ཡོད་པར་བཤད། སྔོན་ཆད་ཐང་གོང་ཞོལ་གཉིས་ཡོད་པ་དང་། རེ་ཞིག་ལ་སྟག་རིག་གིས་བདུད་ཤུལ་གྱི་མི་ཞིག་བསད་པ་དེས་ཕམ་ཁ་ཆེན་པོ་རེག བསད་སྟོང་ལ་རྩྭ་ས་སྟེར་དགོས་བྱུང་བས་ཐང་གོང་མ་དེ་བསད་སྟོང་ལ་ཤོར་བར་བཤད། དེ་ནས་བཟུང་སྟེ་ཐང་གོང་མའི་མིང་ལ་

“ཤི་བོའི་ཐང་”ཟེར་བ་དང་། བདུད་ཤུལ་གྱི་རྩྭ་སར་གྱུར། ཐང་ཞོལ་མ་ཀ་ཙེ་ཐང་གི་སྔར་བཞིན་སྟག་རིག་གི་རྟ་ནོར་ལུག་གསུམ་གྱི་ཕ་ས་བཟང་བོ་ཡིན་པ་རེད། དེ་ཡང་“ས་ཀ་ཙེ་མ་མོའི་བྲང་མགོ་འདྲ་བོ། ཝ་སྤྱང་ཀི་མ་གཏོགས་ཟ་ནི་མེད།། འདི་ཕྱུག་པོ་ཞིག་གི་རྩྭ་ཁང་ཡིན།། མེད་པོ་ཞིག་གི་རྩམ་ཁུག་ཡིན།།”ཞེས་ཀྱང་ཟེར་ཚུལ་ཡོད།

   ཀ་ཙེ་ཐང་ནི་ཀ་ཙེ་ཆད་ཀྱི་མན་ཆད་དང་། སྒམ་གྱི་ལུང་མཐིལ་ཚུན་ཆད། སྐྱ་ར་ཉིན་གྱི་ཡན་ཆད་ཀྱི་རང་བྱུང་གི་རི་ཆུ་ནགས་གསུམ་གྱིས་གྲུབ་པའི་བུམ་གཟུགས་ཀྱི་ལེབ་མོ་དེ་དང་དེའི་ཡན་ལག་ཏུ་གྱུར་བའི་རི་ལུང་ཐམས་ཅད་ལ་ཟེར་བ་ཡིན། ཐང་དངོས་ནི་ཀ་ཙེའི་ཆད་ཀྱི་ནང་ལོང་དང་ཀ་ཙེ་ཐང་གཞིས། བྱེ་མའི་བ་ནང་། ས་སྒ་གོང་ཞོལ་བར་གསུམ། གསེར་ཁུའི་ཐང་ཆུང་བཅས་ཀྱིས་གྲུབ་པ་དང་། ཐང་དེའི་ཤར་ངོས་སུ་ཐང་གཞིས་ཟེགས་མ་ཅན་གྱི་གདོང་དང་ཐང་གཉིས་ལུང་དམར་དང་།། གླེ་རིང་བརྡལ་དང་ཁྲ་ཚང་བྲང་རྒན་དང་།། ཐ་རིང་སྟག་གསར་མདའ་སྒྲོ་ཀ་གཡས་འབུར།། གླ་མཐའ་ནགས་རྒན་བོན་སྒང་ཡག་ཕྱིས་ཐང་།། སྟོན་ལས་སྒང་སོགས་རི་སུལ་སུམ་ཅུ་བསྟར་ལ་བརྒྱུས་པ་དང་། ལྷོ་ངོས་སུ་ཡང་སྐྱག་ཚང་ནགས་རྒན་རི་རྒན་དང་།། མགོ་དུང་ཉི་མ་ཐིས་ཙེ་དང་།། སྐྱེས་ལམ་ཀ་ཆེན་ཀ་ཆུང་དང་།། གླེ་ཡུས་གསེར་ཁུའི་གདོང་དང་བཅས།། རི་ལུང་སུམ་ཅུས་གཡས་སུ་བསྐོར།། ཞེས་ཟེར་བ་དང་། ཀ་ཙེ་ཐང་གི་ནུབ་བྱང་ངོས་སུ་ནགས་རྒན་གླ་ཀོའུ་(འཁོར་)མོག་རིའི་སྒང་།། ར་སྡུག་ཁྱི་སྡུག་བྱེ་ཅན་བརྡལ།། རྒྱབ་རིའི་སྒང་དང་རི་མའི་ངོ།།རྔ་རྒན་ཁྱི་གཞུང་བསྐོ་ལི་སོགས།། རི་སུལ་སུམ་ཅུས་མདུན་ནས་བསྐོར།། ཞེས་བཤད་ཚུལ་ཡོད་པ་དང་། ལོ་ལོན་ཚོའི་ངག་ནས་ད་ལྟ་ད་རུང་“རི་སུལ་བརྒྱ་ཡིས་བསྐོར་བའི་ཀ་ཙེ་ཐང་།། ཆུ་སྣ་སྟོང་གིས་གྲུབ་པའི་ཀླུ་ཕྱུག་ནང་།།”ཞེས་ས་བསྟོད་ཆུ་་བསྟོད་ཀྱི་ཚིགས་འགའ་རེ་འང་ཐོས་རྒྱུ་ཡོད་པ་རེད།

 

  གཉིས་པ། རི་མཐོན་པོ་དྲུག་ནི།

༡.རྒྱབ་རིའི་སྒང་།

   རི་འདི་ནི་སྟག་རིག་གི་བླ་རི་ཡིན་པ་དང་གནས་བདག་ཨ་མྱེས་བསྟན་སྐྱོང་ཡིན་པས། རི་མཐོ་ཞིང་ལྷ་བཙན་ཅེས་བཤད་ཚུལ་ཡོད། རི་དེའི་རྩེ་མོ་རུ་སྟག་རིག་ཚོ་བའི་དཔའ་མཁར་ལབ་ཙེ་ཡོད་པ་དང་། དེ་ནི་སྟག་རིག་གི་ཆེས་ཐོག་མའི་ལབ་ཙེ་ཡང་ཡིན་པར་བཤད། དེའི་འགབ་ཀྱི་ཉག་གའི་ནང་དུ་ཨ་མྱེས་བསྟན་སྐྱོང་གི་གནས་ཁང་གི་ཚུལ་དུ་ལབ་ཙེ་མ་བུ་བཅུ་གསུམ་བཞེངས་ཡོད། མི་རྣམས་ཀྱིས་“རྒྱབ་རི་གླང་ཆེན་འགྱིངས་འདྲ་བོ།། བུ་དཔའ་བོ་སྐྱེས་པའི་རྟེན་འབྲེལ་ཡིན།། ཀླུ་བདུད་བཙན་གསུམ་གྱི་རྒྱལ་བོ་ཡིན།།”ཞེས་ཀྱང་ཟེར་ཚུལ་ཡོད།

     ༢.དམར་གདུང་སྒང་།

    རི་འདི་ནི་སྟག་རིག་གི་བྱང་ཕྱོགས་མཚམས་སུ་ཡོད་པ་དང་། རི་ཡར་འགྲོ་ཞིག་ཡིན་པས། མི་སུ་ཞིག་གིས་རི་འདི་ལ་མཆོད་བཀུར་བྱས་ན་དེས་བྱ་བ་ཐམས་ཅད་ལེགས་ལམ་དུ་འགྲོ་བར་བཤད། དེ་ཡང་ལོ་རྒྱུས་སུ་ཨ་ལགས་ཀོའུ་བ་ཚང་གི་སྐུ་གོང་མ་ཞིག་ཨ་སྐོང་ཀོའུ་བ་ཚང་ལ་འཁྲུངས་པ་དང་། སྐུ་མྱ་ངན་ལས་འདས་རྗེས་རྐྱེན་གང་མང་ཞིག་གིས་ཁོང་གི་བེམ་པོ་དམར་གདུང་བྱས་ནས། རི་འདིའི་ཉིན་གྱི་ལུང་ཤུར་ཞོལ་མའི་ནང་ནས་བསྟེན་དགོས་བྱུང་། དུས་དེ་ནས་བཟུང་སྟེ་མི་རྣམས་ཀྱིས་ས་དེ་ཀའི་མིང་ལ་དམར་གདུང་ནང་ཟེར་བ་དང་། རི་དེ་ཡི་མིང་ལ་དམར་གདུང་སྒང་ཞེས་ཐོགས་སོང་བ་རེད།

   ༣ .སྙན་ཐོད་སྒང་།

རི་དེ་ནི་སྟག་རིག་གི་ནུབ་བྱུང་མཚམས་སུ་ཡོད་པའི་རི་གྲགས་ཅན་ཞིག་ཡིན་པ་དང་། རི་དེའི་རྩེ་ན་ལབ་ཙེ་ཞིག་ཡོད་པ་གཡས་གཡོན་གྱི་སྡེ་བ་ཚང་མས་བསྟོད། མི་རྣམས་ཀྱིས་“སྙན་ཐོད་སྤོས་ཐུར་སྒྲོན་པ་འདྲ”ཟེར་བ་དང་། རི་འདི་ལ་མཆོད་བཀུར་བྱས་ན་མཚན་སྙན་གྲགས་ཇེ་རྒྱས་ཇེ་ཆེ་ཡིན་ཟེར་བས་སྙན་རི་ཞེས་ཀྱང་འབོད་སྲོལ་ཡོད།

    ༤.དུང་དཀར་སྒང་།

       རི་འདི་ནི་སྟག་རིག་གི་ཤར་ཕྱོགས་སུ་ཡོད་པའི་ས་འཛིན་དཀར་པོ་ཡིན་པ་དང་། རི་དེའི་དབྱིབས་ནི་དུང་དཀར་གཡས་འཁྱིལ་ཞིག་དང་མཚུངས་པས་ཕྱིའི་ཆགས་ཚུལ་གྱི་སྒོ་ནས་དུང་དཀར་སྒང་ཞེས་བཏགས་པར་ བཤད། རི་འདིའི་སྟེང་དུ་ལབ་ཙེ་མེད་ནའང་དར་ལྕོག་མང་པོ་བཙུགས་ཡོད། བཤད་ཚུལ་ལ་མྰ་ཇག་གིས་རུ་རྒྱག་སྐབས་སྡེ་བའི་མི་སེར་ཡོད་ཚད་བྲོས་ནས་རི་ལུང་ནང་དུ་བཞའ་བ་དང་། སྐྱེས་པ་ཚོས་དུང་དཀར་སྒང་ནས་འཐབ་ར་བརྐོས་སྟེ་སོ་བ་བྱས་སྐད། ད་ལྟ་ད་དུང་རི་དེའི་རྩེ་ན་འཐབ་ར་སྣ་ཚོགས་མཐོང་རྒྱུ་ཡོད།

    ༥ .སྟོན་ལས་སྒང་།

       རི་དེ་རྙེ་དགོན་དང་ཐིས་བ་དགོན་གཉིས་ཀྱི་བར་མཚམས་སུ་ཡོད་པའི་རི་མར་འགྲོ་ཞིག་ཡིན་ལ། རྙེ་དགོན་པའི་རྒྱབ་རི་ཡིན་ནའང་། དེའི་སྟེང་ནས་བསང་མཆོད་བྱེད་མཁན་གཅིག་ཀྱང་མེད། རི་དེའི་གཡས་གཡོན་ཐ་དམར་ཆད་ཡིན་པ་དང་། ཟུར་ཁ་ན་མི་གཅིག་མ་གཏོགས་མི་ཤོང་བའི་རྐང་ལམ་ཕྲ་མོ་ཞིག་ཡོད་ཀྱང་། མི་སྙིང་སྟོབས་ཅན་ཞིག་མིན་ཚེ་རི་དེའི་རྩེ་མོར་འཛེག་དཀའ་བར་བཤད།

      ༦ .དཀར་འཇམ་རྩེ།

          རི་དེ་ནི་སྟག་རིག་སྡེ་བའི་ལྷོ་ཕྱོགས་སུ་ཡོད་པའི་ས་འཛིན་གཙོ་ཤོས་ཤིག་ཡིན་པ་དང་། རི་མཐོ་ཞིང་བརྗིད་ལ་ཨ་སྔོན་དབྱིངས་སུ་འགྱིངས་ཤིང་། ཉེ་འཁོར་ཁོད་ཡངས་ཤིང་ས་འཇམ་ལ་ནོར་ལུག་གི་ཕ་ས་ཉམས་དགའ་བ་ཞིག་ཡིན་པས། ས་དེ་གའི་མིང་ལ་དཀར་འཇམ་ཟེར་བ་དང་། རི་དེ་ཡི་མིང་ལ་དཀར་འཇམ་རྩེ་འམ་དཀར་འཇམ་སྒང་རྒན་ཡང་ཟེར། རི་དེའི་རྩེ་མོར་ལབ་ཙེ་ཞིག་ཡོད་པ་དེ་སྟག་རིག་དྲ་ཚ་ཚོ་བའི་དཔའ་མཁར་ལབ་ཙེ་ཡིན་པ་དང་། དེའི་ཤར་ངོས་ཀྱི་གསེར་གཞུང་ཞེས་པའི་ལུང་ཤུར་ནང་དུ། སྟག་རིག་གི་ལོ་རེར་ས་འབུམ་རེ་དཔར་ནས་འབུམ་གཏེར་རེ་འབུལ་བའི་དཔེ་ཡོད། དེ་ནི་གྱོད་ཁ་མཆུ་ཞིབ་དང་རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་ཆེད་དུ་ཡིན་པར་མ་ཟད།ས་མཚམས་ཆུ་མཚམས་ཀྱི་རྟགས་ཤིག་ཀྱང་ཡིན་པ་རེད།

   དེ་ཡང་སྟག་རིག་སྡེ་བའི་ལྷོ་ཕྱོགས་ཀྱི་རྒྱལ་རོལ་གཞུག་གི་ས་མིང་རགས་བསྡུས་ཙམ་ཞིག་འདིར་བཀོད་ན་འདི་ལྟ་སྟེ། གློ་རྡོལ་ཉག་ག་གོ་ཚང་ངོ་།། མྱག་མོ་ནགས་ཀྱྰའི་ཉག་ག་དང་།། འདོད་ཡོན་མནྜལ་ཁམ་ཆུང་ནང་།། མཆོད་པའི་སྐེད་དང་ཤར་ཤུར་ངོ་།། ཤར་ཤུར་གོང་ཞོལ་དུང་དཀར་སྒང་།། སོ་བ་གོང་ཞོལ་ར་ཆག་ཁ།། ཁམ་ཆུང་མདོ་དང་ཤར་གདོང་མདོ།། ཤར་གདོང་ཡལ་ག་ཡར་མར་གཉིས།། ཤར་གདོང་བརྡལ་ལ་གོང་ཞོལ་གཉིས།། ཤར་གདོང་སྐེད་ལམ་ཡན་ཆད་དུ།། ལབ་ཙེ་ཉིས་གཤིབ་ཁ་ཞེས་བྱ།། དེ་ནས་ལྷོ་རུ་དྲེའུ་ཕྲུག་ཤར།། རེ་ལུང་ར་ལག་མར་ཁ་དང་།། རེ་ལུང་མདོ་དང་བརྡལ་གོང་ཞོལ།།ཉག་ག་སྔོ་རིལ་བཅས་ཀྱི་བར།། ཀུན་བཟང་སྒར་ཁ་རྒྱ་ཤིང་མདོ།། རྒྱ་ཤིང་གོང་ཞོལ་བར་གསུམ་དང་།། སྐྱ་ར་ཉིན་བཅས་རང་གི་ས།། ཡིན་ཕྱིར་ས་མིང་ཡིད་ལ་ཟུངས།། རྒྱལ་རོལ་གཞུང་ལ་ཕ་བོང་སྟག་གཡག་དང་།། རྩི་ཏོའི་ལབ་ཙེ་ཀརྨ་བའི་ཁྲི་དང་།། དཀར་འཇམ་རྟ་ཐོད་སེར་གཏོ་རིང་མོའི་མདོ།། གཞན་ཡིད་འགུག་པའི་ས་མིང་ངོ་མཚར་ཅན།། གང་མང་ལྡན་ཡང་རེ་ཞིག་འདིར་མ་ཤོང་།།

    དེ་ཡང་“རི་སུལ་སུམ་བརྒྱ་དྲུག་ཅུས་བསྐོར་བའི་སྟག་རིག་ལྷ་སྡེ་དཀར་པོ”ཞེས་ཟེར་ཚུལ་ཡོད་ཀྱང་། སུམ་བརྒྱ་དྲུག་ཅུ་བོ་རེ་བཞིན་སུས་ཀྱང་བརྩིས་མ་མྱོང་བ་འདྲ། ཁོ་བོས་རགས་རྩིས་ཀྱིས་ཀྱང་རི་ལུང་བརྒྱ་ལ་ཉེ་བའི་ས་མིང་འདིར་བཀོད་ཡོད་ན། ལུང་ཤུར་རེ་རེ་ལ་མིང་རེ་བཏགས་ཏེ་ཞིབ་རྩིས་བགྱིས་ན་སུམ་བརྒྱ་དྲུག་ཅུ་ཡོད་སྲིད་ཀྱང་། ཡིག་ཚོགས་ལ་དོགས་ནས་འདིར་མ་བཀོད་པ་ཡིན། སྟག་རིག་གི་ས་མིང་འདི་དག་མདོར་བསྡུས་ཏེ་བཤད་ན་འདི་ལྟ་སྟེ། རི་འདོད་ཡོན་མནྜལ་དུང་དཀར་སྒང་།། ཁམ་ཆུང་ཤར་གདོང་རེ་ལུང་ནང་།། ཤར་གྱི་རི་གསུམ་ལུང་གསུམ་ཟེར།། རྒྱལ་རོལ་གཞུང་དང་སེར་གཏོའི་ནང་།། ལྷོ་ཡི་ལུང་བ་ཉིས་གཤིབ་ཟེར།། ཀརྨ་བའི་ཁྲི་རྒྱ་ཤིང་མདོ།། ཕྱེ་ལེབ་བརྡལ་དང་དཀར་འཇམ་བརྡལ།། ནག་གདོང་གོང་ཞོལ་ཟེགས་ལམ་མདོ།། ལྷོ་ཡི་འགག་གཉིས་གདོང་བཞི་ཟེར།། ནུབ་ཀྱི་ཐང་ཆེན་ཀ་ཙེ་ཐང་།། བྱང་གི་སྒོ་ཆེན་ལ་ཁའི་ཐང་།། ཐང་རེ་རེ་རི་སུལ་བརྒྱ་ཡིས་བསྐོར།། རི་རེ་རེ་མགོ་ན་ལབ་ཙེ་རེ།། ལུང་རེ་རེ་མདོ་ན་ཆུ་མགོ་རེ།།ཞེས་ཟེར་བ་ལྟར་སྟག་རིག་ནི་རི་ཆུ་ནགས་གསུམ་གྱིས་ཕྱུག་པའི་སྡེ་བ་ཡ་རབས་ཤིག་ཡིན་ལ། སྡེ་བ་འདིས་བེད་སྤྱོད་བྱ་བཞིན་པའི་ཆུ་ལའང་ཤར་ཏུ་འཕྲང་དམར་འགག་ཆུ་དང་། ལྷོ་རུ་རྒྱལ་རོལ་གཞུང་ཆུ། ནུབ་ན་ཀླུ་ཕྱུག་མཚོ་མོ། བྱང་དུ་མགོ་མང་ཆུ་བོ། དེ་དག་གི་དཀྱིལ་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་བརྒྱ་དང་བརྒྱད་ཡོད་པར་བཤད་ལ། ནེའུ་མགོའི་མཚོ་ཆུང་ནོར་བུ་དང་གཡང་ལུང་ཆུ་ཁོལ་གཉིས་ནི་སྡེ་བ་འདིའི་མིག་འབྲས་ལྟ་བུའི་རིན་ཆེན་ནོར་བུ་ཆ་ཞིག་ཡིན་པས། ནམ་ཡང་སྲུང་སྐྱོང་གང་ལེགས་བྱ་དགོས་ཞེས་ལོ་ལོན་ཚོས་རྒྱུན་དུ་སློབ་གསོ་གཏོང་བཞིན་ཡོད།